སྐྱེས་པ་གཉིས་ཀྱིས་སྐད་འཕྲིན་སྤྱད་དེ་སྒོར་ཁྲི200ལྷག་གཡོ་ལེན་བྱས་པས་འཛིན་བཟུང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྐྱེས་པ་གཉིས་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་སྒོར་ཁྲི200ལྷག་གཡོ་ལེན་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་བ།ཟླ2པའི་ཚེས26ཉིན།གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག ཟི་ལིང་གྲོང་ཁྱེར་གློག་འཕྲིན་དང་དྲ་རྒྱའི་གཡོ་ལེན་ངོ་རྒོལ་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མི་དམངས་ཉེན་རྟོག་པ་ཡིས་དོགས་ཡོད་ཉེས་ཅན་མི་གཉིས་འཛིན་བཟུང་བྱས་ཡོད་པ་རེད།

མིག་སྔར། གྱོད་དོན་སྔར་ལས་ལྷག་པའི་སྒོ་ནས་ཞིབ་དཔྱོད་བྱེད་སྒང་ཡིན་ནོ།། ན་ནིང་གི་ལོ་མཇུག་ཏུ།ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག ཟི་ལིང་གྲོང་ཁྱེར་གློག་འཕྲིན་དང་དྲ་རྒྱའི་གཡོ་ལེན་ངོ་རྒོལ་ལྟེ་གནས་སུ་གྱོད་དོན་སྙན་ཞུ་ཞིག་འབྱོར་སོང་། མི་ཞིག་གིས་དྲ་ལམ་ཚན་རྩལ་ཀུང་སི་ཡི་མིང་ཐོག་ནས་སྐད་འཕྲིན་སྤྱི་སྟེགས་ཐོ་འགོད་བྱས་རྗེས། ཚོང་དོན་གཉེར་བ་ལ་ཁ་གཡར་ནས་གྲོང་མི་ཡི་དངུལ་སྒོར་གཡོ་ལེན་བྱས་སོང་། གྱོད་དོན་སྙན་ཞུ་འབྱོར་རྗེས་ཉེན་རྟོག་ཕྱོགས་ཀྱིས་ཟི་ལིང་གྲོང་ཁྱེར་ནང་ཁུལ་ནས་གྲལ་བཤེར་བྱས་པ་རེད།

ད་ལོའི་ཟླ2པའི་ཟླ་འགོར། ཟི་ལིང་ཉེན་རྟོག་ཕྱོགས་ཀྱིས་པེ་ཅིན་དང་། ཧོ་ནན།ཧོ་པེ།ཀྲེ་ཅང་སོགས་སུ་མི་དམངས་ཉེན་རྟོག་པ་མངགས་ནས་ཞིང་ཆེན་དང་གྲོང་ཁྱེར་དུ་སྔར་བས་བདེན་དཔང་བླངས།ཕྱོགས་མང་པོ་ནས་བདེན་དཔང་ར་སྤྲོད་བྱས་པ་བརྒྱུད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཟླ2 ཚེས8 ཉིན་ཧོ་ནན་ཨན་དབྱང་དུ་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས་ནས་ཕྱིར་ཟི་ལིང་དུ་ལོག་པ་རེད། དེ་དང་མཉམ་དུ། གྱོད་དོན་སྒྲུབ་བའི་མི་དམངས་ཉེན་རྟོགས་པ་ཡིས་དོགས་ཡོད་ཉེས་ཅན་གཞན་ཞིག་ཀྲེ་ཅང་དུ་སྦས་སྐོང་བྱས་ཡོད་པའི་གནས་ཚུལ་ཤེས་རྗེས། དེ་མ་ཐག་ཧང་ཀྲུའུ་ལ་འཛིན་བཟུང་བྱེད་པར་བསྐྱོད་པ་རེད། ཟླ2པའི་ཚེས11ཉིན། དོགས་ཡོད་ཉེས་ཅན་དེ་འཛིན་བཟུང་བྱས་པ་དང་། ཚེས14ཉིན་ཟི་ལིང་དུ་ལོག་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།