མཚོ་སྔོན་གྱིས་ལིས་དང་སྣུམ་རླངས་ལ་སོགས་ཚུད་པའི་རྒྱལ་ཁབ་ཀྱི་གལ་ཆེ་རིམ་པའི་གཏེར་ཁུངས་ཆེན་པོ་བརྒྱད་བཏོད་འཆར་ཡོད་པ།

ཚེས༢༦ཉིན་མཚོ་སྔོན་ཞིང་ཆེན་རྒྱལ་དབང་ས་ཞིང་ཐོན་ཁུངས་ཐིང་ཏང་ཙུའུ་ཧྲུའུ་ཅི་དབྱང་རུའུ་ཁུན་གྱིས་ཟི་ལིང་ནས་འདི་སྐད། ༢༠༡༨ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁྲའར་ཧན་ཅཱ་ཚྭ་དང་། ཚྭ་འདམ་གཞོང་གི་སྣུམ་རླངས་ཐོན་ཁུངས།  གསེར་ཆེན་དང་ཁྲི་ཀའི་གཞོང་སའི་ས་ཚན་ཐོན་ཁུངས།  དབྱི་ལི་ཕིན་དང་ཏུང་ཐའེ་ཡི་ལིས་གཏེར་ཁུངས་སོགས་རྒྱལ་ཁབ་ཀྱི་གཏེར་ཁུངས་གལ་ཆེ་རིམ་པའི་ཐོན་ཁུངས་ཆེ་ཤོས་འཛུགས་གཉེར་གྱི་འཐབ་ཇུས་མགྱོགས་པོར་ལག་བསྟར་བྱ་རྒྱུ་སྐོར་བརྗོད་བྱུང་།

མཚོ་སྔོན་ཞིང་ཆེན་རྒྱལ་དབང་ས་ཞིང་ཐོན་ཁུངས་ཐིང་གིས་སྡོམ་རྩིས་བྱས་པ་ལྟར་ན། རང་ཞིང་གི་མི་དམངས་ཤོག་སྒོར་དུང་ཕྱུར༡༠༤.༥༦ཉར་བའི་གཏེར་ཁུངས་ཀྱི་རིན་ཐང་ཁྲོད་དུ། བ་ཚྭ་དང་ཟེ་ཚྭ། ལིས་གཏེར། ཅཱ་ཚྭ།  རྨེ་ཚྭ་སོགས་ཚྭ་མཚེའུ་ཡི་གཏེར་ཁུངས་སྣ༡༡ལ་མི་མངོན་རིན་ཐང་སྡོམ་པས་སྒོར་དུང་ཕྱུར༩༩.༡༥ཉར་ཡོད་ཅིང་། དེས་ཞིང་ཆེན་ཡོངས་ཀྱི་གཏེར་ཁུངས་ཀྱི་མི་མངོན་སྤྱིའི་རིན་ཐང་གི་བརྒྱ་ཆའི༩༤.༨༣ཟིན་ཡོད་པ་རེད།

ཉེ་བའི་ལོ་རིང་ལ།  རང་ཞིང་གིས་གཙང་གསུམ་འགོ་ཁུངས་དང་། མདོ་ལ་རི་བོའི་མངའ་ཁོངས་ཀྱི་གཏེར་ཁུངས་རྟོག་བཤེར་དང་སྔོག་འདོན་གྱི་ལས་ཡོངས་སུ་མཚམས་བཞག་ཏེ། རྟོག་བཤེར་གྱི་འབེན་དེ་ཚྭ་འདམ་གཞོང་དང་དེའི་མཐའ་འཁོར་དུ་གཏད་པ་རེད།

དབྱང་རུའུ་ཁུན་གྱིས་འདི་སྐད། ད་ཆ་རྒྱལ་ཁབ་ཀྱིས་གྲབས་གསོག་རྟེན་གཞི་མཚོ་སྔོན་གྱི་ཐོ་ཐོ་གཙང་བོའི་ཞ་དང་། ཏི་ཚའི་གཏེར་ཁུངས་ཏུན་ཁྲི་སྟོང་རིམ་པ་ཅན་ཞིག་ཆགས་སྒང་ཡིན་ལ། ཁུ་ནུ་ཤར་མའི་རྡོ་ཞུན་རིགས་ཀྱི་ཟངས་ནིག་གཏེར་ཁུངས་འཚོལ་བའི་བར་སྟོང་སྔར་བས་རྒྱ་བསྐྱེད་དང་། ཚྭ་འདམ་གཞོང་དང་དེའི་མཐའ་འཁོར་དུ་ཉར་བའི་ཅཱ་ཚྭ་དང་། གསེར། ཞི་ཐུའུ།རྡོ་ནག་གི་གཏེར་ལ་རྟོག་བཤེར་ལེགས་པོ་བྱེད་བཞིན་ཡོད་པས།  ཐོན་ཁུངས་ཀྱི་ཕུགས་ཡག་པ་གསལ་ཁ་ཆོད་པའི་གཏེར་ས་དག་མྱུར་དུ་ཁྲོམ་རར་སྦྲེལ་ནས་སྤྱི་ཚོགས་ཀྱི་མ་རྩར་རྟོག་ཞིབ་བྱས་རྗེས་གསར་སྤེལ་སྔོག་འདོན་གྱི་ལམ་དུ་ཞུགས་རྒྱུ་ཡིན་ཟེར། 

ལོ་ཙཱ་བ། ཁོན་ཐར་འཚོ།