ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་གི་སྒྲིག་རིམ་ཅུང་ལེགས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་གི་སྒྲིག་རིམ་ཅུང་ལེགས་ལ་སྤྱི་ཚོགས་བརྟན་བརླིང་ལ་ཤུགས་རྐྱེན་ཐེབས་པའི་དོན་རྐྱེན་གལ་ཆེན་དང་བདེ་འཇགས་གྱོད་དོན།  བདེ་འཇགས་དོན་རྐྱེན་མ་བྱུང་ལ་མང་ཚོགས་རང་བཞིན་གྱི་རིག་གནས་སྤྲོ་གསེང་བྱ་འགུལ་གྱི་བདེ་འཇགས་བྱ་བ་ཡང་བདེ་བླག་ཡིན་པ་དང་།   མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་ཞིང་ཆེན་གཞུང་ལམ་བདེ་འཇགས་ཡིན།   དམངས་སྤྱོད་མཁའ་འགྲུལ་དང་ལྕགས་ལམ་སྐྱེལ་འདྲེན་བདེ་འཇགས་གོ་རིམ་ལྡན་པས་རིགས་སོ་སོའི་མང་ཚོགས་ཀྱིས་བདེ་འཇགས་དང་འཆམ་མཐུན་གྱི་སྒོ་ནས་དུས་ཆེན་ལ་རོལ་ཆོག

རྒྱུས་ལོན་པ་ལྟར་ན།  ཟླ་གཉིས་པའི་ཟླ་སྨད་བར་དུ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་གི་སྒྲིག་རིམ་ཅུང་ལེགས་པོ་ཡིན། གྲོང་ཁྱེར་དང་ཁུལ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་སྐོར་བསྐྱོད་སྔོན་འགོག་ཚོད་འཛིན་བྱ་བ་མུ་མཐུད་དུ་ཇེ་དྲག་ཏུ་བཏང་།  ཚད་ཆེས་ཆེ་བའི་སྒོ་ནས་ཉེན་རྟོག་གི་སྟོབས་ཤུགས་སྲང་ལམ་གྱི་བདེ་འཇགས་བྱ་བའི་སྟེང་འཇོག་པ་དང་ལྷག་པར་དུ་རླངས་འཁོར་ས་ཚུགས་དང་གནམ་གྲུ་འབབ་ཐང་།  ཐང་ཆེན།  གྲོང་ཁྱེར་གྱི་གཅིག་བསྡུས་ཚོང་ར།  སྤྱི་གཞུང་འགྲིམ་འགྲུལ་ལག་ཆ་ཡོད་ས།  སྨན་ཁང་སོགས་མི་ཚོགས་མང་སའི་ས་ཁག་གཙོ་བོ་དང་དམིགས་འབེན་གཙོ་བོ།  གནས་གཙོ་བོའི་བདེ་འཇགས་འགོག་སྲུང་བྱ་བ་ཇེ་དྲག་ཏུ་བཏང་སྟེ་ས་ཁུལ་སོ་སོའི་དུས་ཆེན་དང་སྤྲོ་གླིང་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་སྤྲོ་གསེང་བྱ་འགུལ་གྱི་བདེ་འཇགས་བྱ་བར་འགན་ལེན་བྱས།   དུས་ཆེན་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་བསྡོམས་པས་དམངས་དམག(ལས་རོགས་ཉེན་རྟོག་པ་ཡང་འདུ)14430(ཐེངས)དང་ཉེན་རྟོག་དྲག་དཔུང་མི8446(ཐེངས)། སྐོར་སྤྱོད་རླང་འཁོར2836(ཐེངས)ཕྱིར་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱི་འགོག་སྲུང་ཚོད་འཛིན་དང་བདེ་འཇགས་འགན་སྲུང་བྱ་བ་སྤེལ་ལ། དེའི་སྐབས་སུ་ཞིང་ཆེན་ཡོངས་ནས་ཉེས་དོན་དང་བདེ་འཇགས་གྱོད་གཞི་གཅིག་ཀྱང་མ་བྱུང་།