དངོས་ལུགས་རིག་པའི་དགེ་རྒན་ཆེན་མོ་མགོན་པོ་རབ་བརྟན།


རྒན་མགོན་པོ་རབ་བརྟན་ནི།  ༡༩༦༤ལོར་མདོ་སྨད་གཅན་ཚའི་སྐྱ་ནག་སྟེ་མཁར་སྐྱ་མོ་ཁྲི་སྡེ་དང་སྦྲ་ནག་ནག་ཁྲི་སྡེ་རུ་གྲགས་པའི་ཡུལ་ཚོ་རུ་སྐྱེས་ཤིང་། ༡༩༩༠ལོར་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དངོས་ལུགས་རིག་པའི་ཚན་ཁག་ནས་སློབ་མཐར་ཕྱིན། བྱ་བར་ཞུགས་པ་ནས་ད་ལྟའི་བར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་སྡེ་ཁག་དང་། རྔ་བ་ཁུལ་མཐོ་རིམ་དགེ་ཐོན་ཆེད་སྦྱོང་སློབ་གྲྭ་དང་། མཚོ་སྔོན་སློབ་གསོ་སློབ་ཆེན་མི་རིགས་སྡེ་ཁག་བཅས་སུ་སློབ་ཁྲིད་བྱས། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དངོས་ལུགས་ཚན་ཁག་གི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན།

ཁོང་གིས་རྒྱལ་ནང་གི་སློབ་གྲྭ་ཆེན་མོའི་དངོས་ལུགས་རིག་པ་བོད་སྐད་ཡིག་གི་ལམ་ནས་དཔེ་ཁྲིད་ཐོག་མར་མཛད་པ་དང་།  མཐོ་རིམ་སློབ་གྲྭའི་དངོས་ལུགས་བསླབ་གཞིའི་ལམ་བུ་ཕྱེས། མདོ་དབུས་གཙང་གསུམ་གྱི་སྐད་གཉིས་དངོས་ལུགས་སློབ་ཁྲིད་ཀྱི་མི་སྣ་མང་པོ་གསོ་སྐྱོང་བྱས་པའི་དུས་མཚུངས་སུ་དཔྱད་རྩོམ་སུམ་ཅུ་ལྷག་དུས་དེབ་ཏུ་སྤེལ་ཅིང་། ལོ་ཙཱའི་ཕྱོགས་སུའང་ཞིབ་འཇུག་ནན་ཏན་བགྱིས་ཏེ། 《གློག་སྡུད་རིག་པ》དང་། 《འོད་རིག་པ》དང་།《ནོར་སྲིད་དོ་དམ་རིག་པ》དང་།《སློབ་ཆེན་དངོས་ལུགས་རིག་པ》དང་།《འཚོ་བའི་ཁྲོད་ཀྱི་དངོས་ལུགས་རིག་པ》དང་། 《ཚན་རྩལ་ལོ་ཙཱའི་གཞུང་ལུགས་དང་ལག་ལེན》དང་བཅས་བསྒྱུར་སྒྲིག་དང་། སྒྲིག་རྩོམ་བྱས་ཏེ་པར་སྐྲུན་བྱས། ད་དུང《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་ཚིག་མཛོད》དང་།  《བོད་རྒྱ་དབྱིན་གསུམ་རྫས་འགྱུར་རིག་པའི་ཚིག་མཛོད》དང་།《རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་དངོས་ལུགས་རིག་པའི་ཚིག་མཛོད》དང་།《བོད་རྒྱ་དབྱིན་གསུམ་གྱི་ཆ་འཕྲིན་ལག་རྩལ་ཚིག་མཛོད》དང་།《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》བཅས་ཀྱི་རྩོམ་འབྲི་བྱ་བར་ཡང་ཞུགས། གཞན་ད་དུང་《དམའ་འབྲིང་སྤྱི་འགྲོས་ངེས་སྲོལ་ཀུན་འདུས་ཏེ། དངོས་རྫས་སྐྱེ་གསུམ་གྱི་སྐོར》དང་།《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་མིང་མཛོད་གཟི་ཡི་ཕྲེང་བ》དང་།《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་ཚིག་མཛོད་གཟི་ཡི་ཕྲེང་བ》བཅས་ཀྱི་དཔེ་དེབ་དང་།  མིང་མཛོད་དང་།  ཚིག་མཛོད་བཅས་བསྡོམས་པས་དཔེ་དེབ༡༤པར་སྐྲུན་བྱས་ཡོད། མིག་སྔར《དངོས་ལུགས་རིག་པའི་གོ་དོན》དང་།《གསོ་རིག་ཏུ་སྤྱོད་པའི་དངོས་ལུགས་རིག་པ》དང་། 《ཀྲུང་གོའི་རིག་བརྒྱའི་དཔེ་ཚོགས་ཆེན་མོ་ལས་དངོས་ལུགས་རིག་པའི་བོད་འགྱུར་མ》དང་། 《བོད་ཡིག་ཚིག་མཛོད་ཆེན་མོ》བཅས་ཀྱི་སྒྲིག་རྩོམ་གྱི་ལས་སུ་ཞུགས་ནས་བྱ་བ་བྱེད་པའི་ངང་དུ་ཡོད་པ་མ་ཟད།  མི་འགྱངས་པར་ཀློག་པ་པོས་མཐོང་ཐུབ།

ལྷག་པར་དུ《གློག་སྡུད་རིག་པ》དང་། 《འོད་རིག་པ》དང་།《བོད་རྒྱ་དབྱིན་གསུམ་གྱི་དངོས་ལུགས་རིག་པའི་ཚིག་མཛོད》དག་གིས་སློབ་ཆེན་དངོས་ལུགས་རིག་པའི་བོད་ཡིག་སློབ་དེབ་དང་ཚིག་མཛོད་དེ།  རྒྱལ་ནང་གི་དངོས་ལུགས་རིག་པའི་རིག་ཚན་ཆེད་སྤྱོད་དེབ་ཀྱི་སྟོང་ཆ་སྐོང་བར་བྱས། ཚན་རིག་ཞིབ་འཇུག་གི་ཐད་དུའང་རྒྱལ་ཁབ་རང་བྱུང་ཚན་རིག་མ་དངུལ་རྣམ་གྲངས་གཉིས་ཏེ། དངོས་ལུགས་རིག་པའི་ཐ་སྙད་བོད་ཡིག་རྒྱལ་ཁབ་ཚད་གཞིའི་ཞིབ་འཇུག་གི་ལས་གཞིའི(ཨང་རྟགས10864003)དང་། ཀྲུང་གོའི་རིག་བརྒྱའི་དཔེ་ཚོགས་ཆེན་མོ་ལས་དངོས་ལུགས་རིག་པའི་བོད་འགྱུར་མའི་སྒྲིག་རྩོམ་ལས་གཞི(ཨང་རྟགས11365016)འགན་ཁུར་ཡོད།

སྔ་ཕྱིར་ཞིང་ལྗོངས་ལྔའི་དངོས་ལུགས་རིག་པའི་བོད་ཡིག་བརྡ་ཆད་གཏན་འབེབས་དང་དངོས་ལུགས་བསླབ་གཞིའི་བསྒྱུར་སྒྲིག་ཞིབ་བཤེར་བྱ་བར་ཞུགས་ནས་ལོ་ངོ་ཉི་ཤུའི་རིང་སློབ་འབྲིང་དངོས་ལུགས་བོད་འགྱུར་མར་ཞིབ་བཤེར་གཏན་འབེབས་བྱས་པ་ཡིན། ཐེངས་དྲུག་པ་དང་བདུན་པའི་རྒྱལ་ཡོངས་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་། ཐེངས་དང་པོ་དང་གཉིས་པའི་མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་བོད་ཡིག་བསླབ་གཞི་ཞིབ་བཤེར་ལྷན་ཚོགས་ཀྱི་ཚོགས་མིར་གདན་ཞུ་བྱས་མྱོང་། །