རྒན་མགོན་པོ་རབ་བརྟན་གྱི་བསྒྱུར་སྒྲིག་དང་། སྒྲིག་རྩོམ། བརྩམས་ཆོས་དཔེ་དེབ་འོས་སྦྱོར།


དང་པོ།  སློབ་ཆེན་དངོས་ལུགས།

རིག་གཞུང་འདི་མགོན་པོ་རབ་བརྟན་གྱིས(2017ལོར)སྒྲིག་རྩོམ་བྱས་པའི་སློབ་གྲྭ་ཆེན་མོའི་དངོས་ལུགས་རིག་པའི་རྨང་གཞི་སློབ་དེབ་ཅིག་ཡིན་པར་མ་ཟད། བཟོ་ཞིང་དང་སྨན་རྩིས་ལ་སོགས་པའི་ཆེད་ལས་སོ་སོའི་རྨང་གཞིའི་བསླབ་ཚན་གལ་ཆེན་ཞིག་ཀྱང་ཡིན།  དེའི་གལ་ཆེན་རང་བཞིན་ནི་སློབ་ཆེན་དངོས་ལུགས་ཀྱིས་མཁོ་སྤྲོད་བྱས་པའི་ཁྱབ་ཁོངས་ངེས་ཅན་ནང་གི་དངོས་ལུགས་ཤེས་བྱའི་ཚན་རིག་གི་སྤུས་ཚད་སྟེང་དུ་མངོན་པ་ལས་གཞན། གནད་དོན་ཐག་གཅོད་བྱེད་པའི་ཚན་རིག་གི་བསམ་བློ་དང་།  རིགས་ལམ་དང་།  ཐབས་ཤེས་དང་།  སྤྱོད་ལམ་དང་།  སློབ་སྦྱོང་བྱེད་མཁན་གྱི་གསར་གཏོད་ནུས་ཤུགས་ཀྱི་སྟེང་དུའང་མངོན་ཡོད།

སློབ་དེབ་འདིའི་ཁྱད་ཆོས་གཙོ་བོ་ནི། དང་པོ། རྨད་བྱུང་དངོས་ལུགས་རིག་པའི་སློབ་ཁྲིད་ཀྱི་ནང་དོན་ལེགས་བསྒྱུར་བྱས་ཏེ།  མ་ལག་དང་གཙོ་ཕལ་འབུར་དུ་ཐོན་པ་མ་ཟད།  རྨད་བྱུང་དངོས་ལུགས་ཀྱི་ཉེར་སྤྱོད་དངོས་དཔེ་དང་།  ཚན་རིག་གཞི་གྲངས་དང་།  ཐོན་སྐྱེད་དང་།  འཚོ་བ་བཅས་ཀྱི་དཔེར་བརྗོད་དང་སྦྱང་གཞི་ལེགས་འདེམ་བྱས་ཡོད། གཉིས་པ།  རྨད་བྱུང་ནང་དོན་དང་དེང་རབས་ནང་དོན་གྱི་འདོར་ལེན་ཁྲོད་དུ་དངོས་ལུགས་རིག་པའི་མ་ལག་ཆ་ཚང་གི་ངོ་བོ་རྒྱུན་འཁྱོངས་བྱས་ཡོད།  གསུམ་པ། ཞིབ་ཁྲིད་རགས་ཁྲིད་དང་སློབ་མའི་རང་སྦྱོང་གི་ནུས་པ་ཟུང་འབྲེལ་བྱས་པ་དང་།  ཚོགས་ཐོག་དང་ཚོགས་ཕྱི་ཟུང་འབྲེལ་བྱས་ནས་སློབ་ཁྲིད་ནང་དོན་ལ་དེང་རབས་ཅན་གྱི་ངོ་བོ་ཐོན་ཡོད།  བཞི་པ།  ཚན་རིག་གི་འཇིག་རྟེན་ལྟ་བ་དང་ཚན་རིག་ཐབས་ཤེས་སྨྲ་བ་དེ་སློབ་ཁྲིད་ནང་དོན་ལ་སྦྲེལ་ཞིང་།  ཚན་རིག་གི་བསམ་གཞིགས་དང་ཚན་རིག་གི་དཔྱད་ཐབས་ནི་སློབ་མ་གསོ་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བཟུང་ཡོད། ལྔ་པ།  འགྱུར་ཡིག་གི་རྗོད་བྱེད་ལ་གནད་དུ་ཁེལ་ཞིང་བརྗོད་བདེ་དང་ཟློས་སྐྱོན་མི་འབྱུང་བའི་ཆེད་དུ་དོན་མཐུན་བརྡ་ཆད་བེད་སྤྱོད་བྱས་ཡོད།  དཔེར་ན་རྩིས་རིག་དང་གྲངས་རིག  ཀླད་ཀོར་དང་ཐིག་ལེ།  ཕོ་ཐང་མོ་ཐང་དང་དངོས་ཕྱོགས་ལྡོག་ཕྱོགས་ལྟ་བུ།

དེབ་འདི་སྟོད་སྨད་ཁག་གཉིས་སུ་བགོས་པ་དང་། རབ་བྱེད་ལྔ་སྟེ།  དང་པོ་ནི་ཤུགས་རིག་པ།  གཉིས་པ་ནི་ཚ་བ་རིག་པ།  གསུམ་པ་ནི་འདར་འགུལ་དང་རླབས་འགུལ།  རླབས་འགུལ་འོད་རིག   བཞི་པ་ནི་གློག་སྡུད་འོད་རིག  ལྔ་པ་ནི་ཁྱབ་ཆུང་བལྟོས་བཅས་སྨྲ་བ་དང་།  ཚད་རྡུལ་དངོས་ལུགས་རིག་པའི་རྨང་གཞི་བཅས་ཡིན།  ལེ་ཚན་རེ་རེའི་མཇུག་ཏུ་སྦྱང་གཞི་འོས་འཚམ་རེ་བཀོད་ཡོད།

དེབ་འདི་ནི་བོད་ཁུལ་གྱི་མཐོ་རིམ་སློབ་གྲྭའི་དངོས་ལུགས་ཆེད་ལས་དང་། དངོས་ལུགས་ཆེད་ལས་མ་ཡིན་པའི་རྩིས་ཚན་སློབ་མའི་སློབ་དེབ་ཡིན་པ་དང་།  ཆེད་ལས་གཞན་དག་ལ་འབྲེལ་བ་ཡོད་པའི་དགེ་སློབ་ཀྱི་ཟུར་ལྟའི་དཔྱད་གཞིའང་བྱས་ཆོག

རིག་གཞུང་འདི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས༡༠༡༧ལོར་པར་དུ་བསྐྲུན་པ་ཡིན།

༡ ཤུགས་རིག་པ།

ནང་དོན་ཁྱོན་ཡོངས་ནས་སློབ་མའི་ཆུ་ཚད་དངོས་ལ་གཞིགས་ཡོད་པ་མ་ཟད།  བསླབ་གཞིའི་ངོ་བོ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཟུང་འབྲེལ་བྱས་ནས་སྒྲིག་རྩོམ་བྱས་པ་དང་། དོན་དངོས་ཉེར་སྤྱོད་ལ་དམིགས་ནས་འོས་འཚམ་གྱི་དཔེར་བརྗོད་བཀོད་ཡོད།

ལེ་ཚན་གསུམ་དུ་བགོས་པ་སྟེ།  རྫས་ཚེག་འགུལ་སྐྱོད་རིག་པ་དང་། རྫས་ཚེག་སྒུལ་ཤུགས་རིག་པ་དང་། མཁྲེགས་གཟུགས་ཤུགས་རིག་བཅས་ཡིན།  ལེ་ཚན་རེ་རེའི་མཇུག་ཏུ་གནད་དུ་འཚམ་པའི་སྦྱང་གཞི་བཀོད་ཡོད།

༢ ཚ་བ་རིག་པ།

ནང་དོན་རྒྱུད་མ་ལག་ཚང་བའི་སྒོ་ནས་ཚ་བ་རིག་པའི་གཞི་རྩའི་དོན་དངོས་དང་། དོན་སྤྱི་དང་། ཉེར་སྤྱོད་གལ་ཆེན་དང་ཆོས་ཉིད་བསྟན་པ་མ་ཟད།  ནང་དོན་ཁ་གསལ་ཞིང་སྙིང་བསྡུས་ཡིན་ལ།  སློབ་མའི་བློ་ཁ་དང་འཚམ་པ་ཡིན། དོན་དངོས་ཉེར་སྤྱོད་ལ་དམིགས་ནས་འོས་འཚམ་གྱི་དཔེར་བརྗོད་བཀོད་ཡོད།

ལེ་ཚན་དགུ་རུ་བགོས་པ་སྟེ།  དབུགས་གཟུགས་ཀྱི་འགུལ་སྐྱོད་གཞུང་ལུགས་དང་།  ཚ་ཤུགས་རིག་པའི་རྨང་གཞི་བཅས་ཡིན། ལེ་ཚན་རེ་རེའི་མཇུག་ཏུ་གནད་དུ་འཚམ་པའི་སྦྱང་གཞི་བཀོད་ཡོད།

༣ འདར་འགུལ་དང་རླབས་འགུལ། རླབས་འགུལ་འོད་རིག

ནང་དོན་རྒྱུད་མ་ལག་ཚང་བའི་སྒོ་ནས་ཚ་བ་རིག་པའི་གཞི་རྩའི་ནང་དོན་དངོས་དང་། དོན་སྤྱི་དང་། ཉེར་སྤྱོད་གལ་ཆེན་དང་ཆོས་ཉིད་བསྟན་པ་མ་ཟད།  ནང་དོན་ཁ་གསལ་ཞིང་སྙིང་བསྡུས་ཡིན་ལ། སློབ་མའི་བློ་ཁ་དང་འཚམ་ཞིང་དོན་དངོས་ཉེར་སྤྱོད་ལ་དམིགས་ནས་འོས་འཚམ་གྱི་དཔེར་བརྗོད་བཀོད་ཡོད།

ལེ་ཚན་ལྔ་རུ་བགོས་པ་སྟེ།  འཕྲུལ་ཆས་འདར་འགུལ་དང་། འཕྲུལ་ཆས་རླབས་དང་།  འོད་ཀྱི་རྐྱེན་ཐེབས་དང་།  འོད་ཀྱི་སྐོར་འཕྲོ་དང་།  འོད་ཀྱི་ཡོ་འདར་བཅས་ཡིན། ལེ་ཚན་རེ་རེའི་མཇུག་ཏུ་གནད་དུ་འཚམ་པའི་སྦྱང་གཞི་བཀོད་ཡོད།

༤ གློག་སྡུད་རིག་པ།

ནང་དོན་ཁྱོན་ཡོངས་ནས་སློབ་མའི་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་པ་མ་ཟད།  བསླབ་གཞིའི་ངོ་བོ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཟུང་འབྲེལ་བྱས་ནས་སྒྲིག་རྩོམ་བྱས་པ་མ་ཟད། དོན་དངོས་ཉེར་སྤྱོད་ལ་དམིགས་ནས་འོས་འཚམ་གྱི་དཔེར་བརྗོད་བཀོད་ཡོད།

ལེ་ཚན་དགུ་རུ་བགོས་པ་སྟེ།  འཇགས་གློག་ར་བ་དང་། འཇགས་གློག་ར་བའི་ནང་གི་འདྲེན་གཟུགས་དང་།  འཇགས་གློག་ར་བའི་ནང་གི་གློག་བར་རྫས་དང་།  བརྟན་གནས་གློག་རྒྱུན་གློག་ལམ་དང་།  བརྟན་གནས་གློག་རྒྱུན་གྱི་སྡུད་ར་དང་། གློག་སྡུད་ཚོར་སྣང་དང་། སྡུད་བར་རྫས་དང་།  སྤེལ་རྒྱུག་གློག་དང་།  གློག་སྡུད་ར་བ་དང་གློག་སྡུད་རླབས་བཅས་ཡིན། ལེ་ཚན་རེ་རེའི་མཇུག་ཏུ་གནད་དུ་འཚམ་པའི་སྦྱང་གཞི་བཀོད་ཡོད།

༥ ཁྱབ་ཆུང་བལྟོས་བཅས་སྨྲ་བ།  ཚད་རྡུལ་དངོས་ལུགས་རིག་པའི་རྨང་གཞི།

ནང་དོན་ཁྱོན་ཡོངས་ནས་སློབ་མའི་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་པ་མ་ཟད།  བསླབ་གཞིའི་ངོ་བོ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཟུང་འབྲེལ་བྱས་ནས་སྒྲིག་རྩོམ་བྱས་པ་མ་ཟད། དོན་དངོས་ཉེར་སྤྱོད་ལ་དམིགས་ནས་འོས་འཚམ་གྱི་དཔེར་བརྗོད་བཀོད་ཡོད།

ལེ་ཚན་གཉིས་སུ་བགོས་པ་སྟེ།  ཁྱབ་ཆུང་བལྟོས་བཅས་སྨྲ་བ་དང་།  ཚད་རྡུལ་དངོས་ལུགས་རིག་པའི་རྨང་གཞི་བཅས་ཡིན། ལེ་ཚན་རེ་རེའི་མཇུག་ཏུ་གནད་དུ་འཚམ་པའི་སྦྱང་གཞི་བཀོད་ཡོད།

གཉིས་པ།  གློག་སྡུད་རིག་པ།

རིག་གཞུང་འདི་ནི་ཐོག་མའི་རྩོམ་པ་པོ་སྐུ་ཞབས་ལིང་ཚན་པེན་གྱིས་བརྩམས་པའི་མཐོ་རིམ་སློབ་གྲྭའི་བསླབ་གཞི་སྟེ།  པེ་ཅིང་དགེ་ཐོན་སློབ་གྲྭ་ཆེན་མོའི་དངོས་ལུགས་ཆེད་སྦྱོང་སློབ་མའི་སློབ་དེབ་གཞིར་བྱས་ནས་མགོན་པོ་རབ་བརྟན་གྱིས(༢༠༠༡ལོར)སྒྲིག་སྒྱུར་བྱས་ཤིང་། ༢༠༡༨ལོར་ཡང་བསྐྱར་དག་བཅོས་དང་ཁ་གསབ་འདོར་ལེན་ཅུང་ཟད་བྱས་ཡོད།  དེབ་འདིའི་མ་རྩོམ་ལ་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་སློབ་དེབ་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ད་ལྟ་རྒྱལ་ཡོངས་ཀྱི་སློབ་ཆེན་མང་པོས་བེད་སྤྱོད་བྱེད་བཞིན་ཡོད། དེབ་འདིའི་བོད་འགྱུར་མར་མཐོ་རིམ་སློབ་གྲྭའི་རྩིས་ཚན་དངོས་ལུགས་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ཚོགས་པས་ཞིབ་བཤེར་གཏན་འབེབས་གནང་ཡོད་ཅིང་།  ད་ལྟ་བོད་ཁུལ་གྱི་མི་རིགས་སློབ་གྲྭ་ཆེན་མོ་ཡོངས་ཀྱིས་བེད་སྤྱོད་བྱེད་བཞིན་ཡོད།

ཁྱོན་དེབ་ལེ་ཚན་དགུ་རུ་བགོས་པ་སྟེ།  འཇགས་གློག་ར་བའི་གཞི་རྩའི་ཆོས་ཉིད་དང་།  འདྲེན་གཟུགས་ཁོར་ཡུག་གི་འཇགས་གློག་ར་བ་དང་།  འཇགས་གློག་ར་བའི་ནང་གི་གློག་བར་རྫས་དང་།  བརྟན་གནས་གློག་རྒྱུན་གློག་ལམ་དང་།  བརྟན་གནས་གློག་རྒྱུན་གྱི་སྡུད་ར་དང་། གློག་སྡུད་ཚོར་སྣང་དང་འཕྲལ་རྣམ་བརྒྱུད་རིམ། སྡུད་བར་རྫས་དང་། གློག་སྡུད་ར་བ་དང་གློག་སྡུད་རླབས། གློག་སྡུད་རིག་པའི་སྡེ་ཚན་ལུགས་བཅས་ཡིན།

དེབ་འདིའི་ཁྱད་ཆོས་ནི་རྒྱུད་མ་ལག་ཚང་བའི་སྒོ་ནས་གློག་སྡུད་སྣང་ཚུལ་གྱི་གཞི་རྩའི་དོན་སྤྱི་དང་ཆོས་ཉིད་རྒྱས་པར་བསྟན་ཡོད་པ་མ་ཟད།  གནད་དུ་འཚམ་པའི་བསམ་གཞིགས་འདྲི་གཞི་དང་སྦྱང་གཞི་ཡང་བསྡུས་ཡོད།  ནང་དོན་ཅུང་ཕྲ་ཞིང་ཞིབ་ལ།  གཞུང་ལུགས་དངོས་ལུགས་ཀྱི་འབྲེལ་བ་དང་།  འབྲིང་རིམ་སློབ་གྲྭའི་བསླབ་གཞི་ལའང་བསམ་གཞིགས་མང་དུ་བཏང་ཡོད་པས།  སློབ་དེབ་འདི་ནི་མཐོ་རིམ་སློབ་གྲྭའི་དངོས་ལུགས་ཆེད་ལས་གློག་སྡུད་རིག་པའི་སློབ་དེབ་ཏུ་སྤྱད་ཆོག་པ་དང་།  ཆེད་ལས་གཞན་དག་ལ་འབྲེལ་བ་ཡོད་པའི་དགེ་སློབ་དང་།  སློབ་འབྲིང་དངོས་ལུགས་དགེ་རྒན་གྱི་ཟུར་ལྟའི་དཔྱད་གཞིའང་བྱས་ཆོག

རིག་གཞུང་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༡ལོར་པར་དུ་བསྐྲུན་པ་ཡིན།

གསུམ་པ།  འོད་རིག་པ།

རིག་གཞུང་འདི་ནི་ཐོག་མའི་རྩོམ་པ་པོ་སྐུ་ཞབས་ཡོད་ཆོས་ཅིན་གྱིས་བརྩམས་པའི་མཐོ་རིམ་སློབ་གྲྭའི་བསླབ་གཞི་སྟེ།  ཧྭ་ཏུང་དགེ་ཐོན་སློབ་གྲྭ་ཆེན་མོའི་དངོས་ལུགས་ཆེད་སྦྱོང་སློབ་མའི་སློབ་དེབ་གཞིར་བྱས་ནས་མགོན་པོ་རབ་བརྟན་གྱིས(༢༠༠༡ལོར)སྒྲིག་སྒྱུར་བྱས་ཤིང་། ༢༠༡༨ལོར་ཡང་བསྐྱར་དག་བཅོས་དང་ཁ་གསབ་འདོར་ལེན་ཅུང་ཟད་བྱས་ཡོད།  དེབ་འདིའི་བོད་འགྱུར་མར་མཐོ་རིམ་སློབ་གྲྭའི་རྩིས་ཚན་དངོས་ལུགས་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ཚོགས་པས་ཞིབ་བཤེར་གཏན་འབེབས་གནང་ཡོད་ཅིང་།  ད་ལྟ་བོད་ཁུལ་གྱི་མི་རིགས་སློབ་གྲྭ་ཆེན་མོ་ཡོངས་ཀྱིས་བེད་སྤྱོད་བྱེད་བཞིན་ཡོད།

ཁྱོན་དེབ་ལེ་ཚན་དགུ་རུ་བགོས་པ་སྟེ།  འོད་ཀྱི་རྐྱེན་ཐེབས་དང་།  འོད་ཀྱི་སྐོར་འཕྲོ་དང་།  དབྱིབས་རྩིས་འོད་རིག་གི་རྩ་བའི་རིགས་པ་དང་།  འོད་རིག་དཔྱད་ཆས་ཀྱི་རྩ་བའི་རིགས་པ་དང་།  འོད་ཀྱི་ཡོ་འདར་དང་། འོད་ཀྱི་ཁྱབ་སྤེལ་འགྲོས་ཚད་དང། འོད་ཀྱི་བསྡུ་ལེན་དང་ཐོར་འཕྲོ། མདོག་ཐོར་དང་། འོད་ཀྱི་ཚད་རྡུལ་རང་བཞིན་དང་།  དེང་རབས་འོད་རིག་གི་རྨང་གཞི་བཅས་ཡིན།

དེབ་འདིའི་ཁྱད་ཆོས་ནི་རྒྱུད་མ་ལག་ཚང་བའི་སྒོ་ནས་འོད་རིག་སྣང་ཚུལ་གྱི་གཞི་རྩའི་དོན་སྤྱི་དང་ཆོས་ཉིད་རྒྱས་པར་བསྟན་ཡོད་པ་མ་ཟད།  གནད་དུ་འཚམ་པའི་སྦྱང་གཞིའང་བསྡུས་ཡོད།  ནང་དོན་ཅུང་ཕྲ་ཞིང་ཞིབ་ལ།  གཞུང་ལུགས་དངོས་ལུགས་ཀྱི་འབྲེལ་བ་དང་།  འབྲིང་རིམ་སློབ་གྲྭའི་བསླབ་གཞི་ལའང་བསམ་གཞིགས་མང་དུ་བཏང་ཡོད་པས།  སློབ་དེབ་འདི་ནི་མཐོ་རིམ་སློབ་གྲྭའི་དངོས་ལུགས་ཆེད་ལས་འོད་རིག་པའི་སློབ་དེབ་ཏུ་སྤྱད་ཆོག་པ་དང་།  ཆེད་ལས་གཞན་དག་ལ་འབྲེལ་བ་ཡོད་པའི་དགེ་སློབ་དང་།  སློབ་འབྲིང་དངོས་ལུགས་དགེ་རྒན་གྱི་ཟུར་ལྟའི་དཔྱད་གཞིའང་བྱས་ཆོག

རིག་གཞུང་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༡ལོར་པར་དུ་བསྐྲུན་པ་ཡིན།

བཞི་པ། ཚན་རྩལ་ལོ་ཙཱའི་གཞུང་ལུགས་དང་ལག་ལེན།

རང་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་། ཚན་རིག་ལག་རྩལ་འཕེལ་རྒྱས་དང་། སྤྱི་ཚོགས་གསར་པའི་མདུན་སྐྱོད་བཅས་ཀྱི་ཐད་བརྡ་ཆད་ནི་བྱེད་ནུས་འདོན་བྱེད་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་ལ། དེ་ནི་འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་ངོས་འཛིན་གཏིང་ཟབ་མོ་ལེན་བྱེད་ཀྱི་ཤེས་རྟགས་ཤིག་ཀྱང་རེད། བརྡ་ཆད་ལ་རང་བྱུང་ཚན་རིག་བརྡ་ཆད་དང་སྤྱི་ཚོགས་ཚན་རིག་བརྡ་ཆད་རིགས་ཆེན་པོ་གཉིས་སུ་དབྱེ་ཞིང་། ཚན་རྩལ་འཕེལ་རྒྱས་དང་བསྟུན་ནས་དེང་རབས་བོད་ཡིག་གི་ཚན་རིག་བརྡ་ཆད་ཉིན་རེ་བཞིན་ཕུན་སུམ་ཚོགས་པར་འགྱུར་བཞིན་ཡོད་པ་དང་།  བརྡ་ཆད་ཚོད་འཛིན་དང་ཚད་ལྡན་ཅན་དུ་གཏོང་བའང་མིག་སྔར་མྱུར་དུ་ཐག་གཅོད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད།

དཔེ་དེབ་འདི་ནི་ལོ་ཉེར་བདུན་གྱི་སྐད་གཉིས་དངོས་ལུགས་སློབ་ཁྲིད་དང་རྒྱ་བོད་ལོ་ཙཱའི་ཞིབ་འཇུག་གི་བྱ་བའི་ཁྲོད་ནས་རྩོམ་འབྲི་བྱས་པ་སྟེ། བོད་ཀྱི་ལོ་ཙཱའི་བྱུང་བ་དང་ཕན་ནུས། ཚན་རིག་བརྡ་ཆད་ཀྱི་ལོ་ཙཱའི་གནས་བབ་གཉིས་ནས་མགོ་བརྩམས་ཏེ། བརྡ་ཆད་དང་ཚན་རིག་བརྡ་ཆད།  ཚན་རིག་བརྡ་ཆད་ཀྱི་མིང་འདོག་རྩ་དོན། ཚན་རིག་བརྡ་ཆད་ཚད་གཞི་ཅན་འཛུགས་པའི་རྩ་དོན་དང་ཚད་རིམ། ཚན་རིག་བརྡ་ཆད་ཀྱི་ལོ་ཙཱའི་རྩ་དོན་དང་ལོ་ཙཱའི་ཚད་གཞི། བརྡ་ཆད་ཀྱི་སྒྱུར་ཐབས་འདེམ་ཚུལ་དང་དངོས་ལུགས་བརྡ་ཆད་གསར་རྙིང་གི་གཤིབ་སྡུར།  ཚན་རྩལ་ལོ་ཙཱའི་དངོས་བཀོད་དཔེ་གཞི་བཅས་ཀྱི་ཐད་ནས་ཚན་རིག་བརྡ་ཆད་ཀྱི་ལོ་ཙཱའི་གནད་དོན་ལ་རྒྱུད་མ་ལག་ཅུང་ཟད་ཚང་བའི་སྒོ་ནས་ཞིབ་འཇུག་དང་བགྲོ་གླེང་བྱས་ཡོད།                              

དཔེ་དེབ་འདིའི་ཁྱད་ཆོས་གཙོ་བོ་ལྔ་སྟེ། གཅིག་ནི《སྒྲ་སྦྱོར་བམ་གཉིས》ལས་བསྒྱུར་ཡིག་གཏན་ཁེལ་བྱེད་པའི་གོ་རིམ་ནང་ངེས་པར་རྒྱུན་འཁྱོངས་བྱ་དགོས་པའི་རྩ་དོན་ཆེན་པོ་གསུམ་དང་བསྒྱུར་བའི་ཐབས་དམ་པ་བཞི་གཞི་རྐང་དུ་བཟུང་ཡོད། གཉིས་ནི་རྒྱལ་སྤྱི་དང་རྒྱལ་ཁབ་རིམ་པའི་རང་བྱུང་ཚན་རིག་གི་ཐ་སྙད་གཏན་འབེབས་ཀྱི་རྩ་དོན་དང་ཐབས་ལམ་གཞིར་བཞག་བྱས་ཡོད། གསུམ་ནི་རང་ཉིད་ཀྱིས་ཚན་རྩལ་ཡིག་བསྒྱུར་གྱི་བྱ་བ་ལོ་མང་པོར་བསྒྲུབས་པའི་ལག་ལེན་ཁྲོད་ཀྱི་ཉམས་མྱོང་སྤྱི་སྡོམ་དང་དེ་ལས་ཐོབ་པའི་ཡིག་བསྒྱུར་སྒྱུ་རྩལ་གྱི་ཆོས་ཉིད་རང་བཞིན་མངོན་ཡོད། བཞི་ནི་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱ་བའི་གྲོས་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་བརྡ་ཆད་དང་། རྒྱལ་ཡོངས་བོད་ཡིག་སློབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱིས་སློབ་དེབ་ཏུ་སྤྱད་པའི་བརྡ་ཆད་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་བརྡ་ཆད་ཚད་གཞི་ཞིབ་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བརྡ་ཆད་གཤིབ་སྡུར་གྱི་ཚུལ་དུ་ཇི་བཞིན་བཀོད་ཡོད། ལྔ་ནི་རྒན་དཔའ་རིས་སངས་རྒྱས་མཆོག་གི་རྒྱ་བོད་ལོ་ཙཱའི་གནས་ལུགས་དང་བསྒྱུར་ཚུལ་ཇི་མ་ཇི་བཞིན་དུ་བཀོད་ཡོད།

ལྔ་པ།  འཚོ་བའི་ཁྲོད་ཀྱི་དངོས་ལུགས་རིག་པ།

དཔེ་དེབ་འདིའི་ནང་དུ་མི་རྣམས་ཀྱི་དོན་དངོས་འཚོ་བ་ལས་རྒྱུན་པར་མཐོང་བའི་དངོས་པོའི་སྣང་ཚུལ་སྐོར་ངོ་སྤྲོད་བྱེད་པ་བརྒྱུད་དེ། སྤུས་ཚད་སློབ་གསོ་ཕྱོགས་ཡོངས་ནས་རྒྱ་བསྐྱེད་པའི་ཐད་ལ་ཚན་རིག་དང་། ཡང་ན་དངོས་ལུགས་དང་འཚོ་བ་ནི་ཕན་ཚུན་ལ་ཆུ་་དང་ཉ་མོ་ལྟར་འབྲལ་ཐབས་མེད་པར་འབྲེལ་བ་དམ་པོ་ཡོད་པའི་སྐོར་གླེང་ཡོད། དེར་བརྟེན། དངོས་ལུགས་ནས་འཚོ་བར་བགྲོད་པ་དང་འཚོ་བ་ནས་དངོས་ལུགས་སུ་ཞུགས་པ་ནི་བསླབ་གཞི་གསར་བས་བཏོན་པའི་རེ་བ་ཡིན་ལ། སློབ་མ་རྣམས་ཀྱིས་ཚོད་ལྟ་དང་ཉམས་མྱོང་དངོས་ལས་གོ་བ་གཏིང་ཟབ་པ་ཞིག་ལེན་པར་འཇུག་དགོས།

དཔེ་དེབ་འདིར་ད་སྔ་ཡོད་པའི་དཔེ་དེབ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པ་ནི།     འཚོ་བའི་ནང་གི་ཚན་རྩལ་རིག་གནས་དང་དངོས་ལུགས་རིག་པའི་སྣང་ཚུལ་ལ་འགྲེལ་བཤད་རྒྱབ་ཡོད་ལ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་གསོ་སྐྱོང་བྱེད་ཆེད་འཚོ་བའི་ཁྲོད་རྒྱུན་པར་མཐོང་བའི་དཔེར་བརྗོད་མང་པོ་ཞིག་ཀྱང་དྲངས་ཡོད། དཔེར་ན་བྱིས་པ་ཚོས་རྒྱུན་པར་མཐོང་ཐོས་སུ་སྣང་བའི་སྤྲིན་འཁྲིགས་པ་དང་གློག་འཁྱུགས་པ། འབྲུག་གྲགས་པ། ཐོག་ལྡིར་བ། འཇའ་ཚོན་ཤར་བ་སོགས་རང་བྱུང་གི་སྣང་ཚུལ་མཐའ་དག་ལ་ངོས་འཛིན་འདྲ་མིན་སྣ་ཚོགས་ཡོད་པར་ཚན་རིག་གི་ལམ་ནས་འགྲེལ་བཤད་དང་བདེན་དཔང་བྱས་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད།

དྲུག་པ།  དམའ་འབྲིང་སྤྱི་འགྲོས་ངེས་སྲོལ་ཀུན་འདུས།

དཔེ་དེབ་འདི་ནི་གཞུང་ལུགས་ཤེས་བྱ་དང་དོན་དངོས་ཉེར་སྤྱོད་གཞི་གཅིག་ཏུ་གྲུབ་པའི་ནང་དོན་ཕུན་སུམ་ཚོགས་པའི་ནང་དོན་སྣ་འཛོམས་ཤིག་ཡིན་པ་དང་། བོད་རིགས་སློབ་མས་སྐྱེ་དངོས་རྫས་གསུམ་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་དུ་དཔེ་དེབ་འདི་ལ་བརྟེན་ནས་གནད་འགག་འཛིན་ཤེས་པ་དང་། ཤེས་བྱའི་སྙིང་བོ་རྒྱུས་ལོན་ཐུབ་པ་དང་། བརྩི་ཐབས་ཁོང་དུ་ཆུད་ཐུབ་པ་དང་། རྒྱུགས་སྤྲོད་ཀྱི་ནུས་པ་མཐོར་འདེགས་གཏོང་ཐུབ་པ་བཅས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེན་པོ་ཐོན་ཐུབ་པ་མ་ཟད། ཁ་གསལ་ཞིང་གོ་བདེ་བ་དང་སྡེབ་སྦྱོར་གྱི་ཚིག་ཉམས་ཀྱང་ཡག་པོ་ཡོད། དེབ་འདིས་བོད་ཁུལ་གྱི་བོད་རིགས་སློབ་འབྲིང་སློབ་མར་རང་བྱུང་ཚན་རིག་ཐད་ཀྱི་དགོས་མཁོའི་སྤྱོད་དེབ་མེད་པའི་སྟོང་ཆ་བསྐངས།

དཔེ་དེབ་ནང་དུ་དངོས་སྤྱོད་རང་བཞིན་དང་དམིགས་འབེན་རང་བཞིན་འབུར་དུ་ཐོན་པའི་མཚོན་དཔེ་མང་པོ་བཀོད་ཡོད་པ་དང་། ཤེས་བྱའི་གལ་གནད་དང་། དཀའ་གནད་དམ་ནོར་སླ་བའི་ཤེས་བྱར་ཡིད་འཇོག་གི་རྟགས་བཀོད་ཡོད། ཀློག་པ་པོས་སྤྱི་འགྲོས་དང་། ངེས་སྲོལ་དང་། གཏན་སྲོལ་ལ་སོགས་པའི་ཤེས་བྱའི་གཏིང་ལོན་ཐུབ་ཅིང་། དྲན་ཤེས་གསལ་བའི་ནུས་པ་འདོན་ཐུབ་པ་དང་། གཅིག་ཤེས་ཀུན་གྲོལ་གྱི་ནུས་པ་འདོན་ཐུབ།

བདུན་པ། བོད་རྒྱ་དབྱིན་སྐད་ཀྱི་དངོས་ལུགས་རིག་པའི་ཚིག་མཛོད།

དེབ་འདི་ནི་རང་བྱུང་ཚན་རིག་ཕྲེང་སྟར་ཚིག་མཛོད་ནང་གི་དངོས་ལུགས་རིག་པའི་ཆེད་ལས་ཚིག་མཛོད་ཐོག་མ་ཡིན་པས་ཞིབ་འཇུག་གི་ཉམས་མྱོང་མ་འདང་བ་དང་ཡོན་ཚད་ཞན་པ་བཅས་ཀྱི་དབང་གིས་ཞན་ཆ་དང་ནོར་འཁྲུལ་ཅུང་ཟད་ཡོད། དེའི་དཔེ་སྐྲུན་ནི་མཚོ་སྔོན་ཞིང་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་སྐད་ཡིག་ཁྲུའུ་ཡིས་འགན་གཅིག་ལྕོགས་མཛད།

བརྒྱད་པ།  བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་མིང་མཛོད་གཟི་ཡི་ཕྲེང་བ།

མིང་མཛོད་འདི་ཉིད་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་མགོན་པོ་རབ་བརྟན་གྱིས་འགན་བླངས་པའི་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི་རྣམ་གྲངས༡༠༨༦༤༠༠༣སྟེ། རྒྱལ་ཁབ་རིམ་པའི་ཚད་གཞིའི《དངོས་ལུགས་རིག་པའི་ཐ་སྙད་ལས་བོད་ཡིག་གི་སྐོར》ཞེས་པའི་ཞིབ་འཇུག་ལས་གཞིའི་གྲུབ་འབྲས་ཀྱི་གྲས་ཡིན། ཁོང་གིས་ལོ་མང་པོའི་རིང་གི་མཐོ་རིམ་དངོས་ལུགས་རིག་པའི་སློབ་ཁྲིད་ཞིབ་འཇུག་དང་། ཞིང་ལྗོངས་ལྔའི་སློབ་འབྲིང༣༠ལྷག་གི་བོད་ཡིག་དངོས་ལུགས་དགེ་རྒན༡༠༠ལྷག་གི་བསམ་འཆར་བསྡུ་ལེན་བྱས་ཤིང་། སློབ་ཆེན་སོ་སོར་བོད་ཡིག་དངོས་ལུགས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དང་། བོད་ཡིག་དངོས་ལུགས་སློབ་གསོར་ཞིབ་འཇུག་བྱེད་མཁན། བོད་སྐད་ཡིག་གི་ཆེད་མཁས་པ་དག་སྔ་ཕྱིར་ལས་གཞི་འདིའི་ཞིབ་འཇུག་གི་བྱ་བར་གདན་དྲངས་ཤིང་། ལོ་ངོ་གསུམ་གྱི་དུས་ཡུན་སྤྱད་ནས་ཚན་རིག་ཞིབ་འཇུག་ལ་དགོས་པའི་གཟབ་ནན་ཆེན་པོས་རྒྱལ་ཁབ་རིམ་པའི་ཚད་གཞིའི《དངོས་ལུགས་རིག་པའི་ཐ་སྙད་ལས་བོད་ཡིག་གི་སྐོར》ཞེས་པ་གྲུབ་པར་བགྱིས་ཤིང་། ལས་གཞིའི་ཁྲོད་ཀྱི《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་ མིང་མཛོད》ཞེས་པར་ཚན་རིག་ནས་ཚན་རྩལ་དང་། ཚན་རྩལ་ནས་འཚོ་བའི་གནས་ཚུལ་ལ་གཞིགས་ཏེ། ཤུགས་རིག་པ་དང་། གློག་སྡུད་རིག་པ། གློག་ལས་རིག་པ(ཁྱིམ་སྤྱོད་གློག་ཆས་དང་། སྒྲ་ཟློས་དང་བརྙན་ཟློས་ཀྱི་ཐོ་འགོད་དང་བསྐྱར་གཏོང་། སྒྲ་ཕབ་དང་བརྙན་ཕབ་སོགས)། གནམ་གཟུགས་དངོས་ལུགས་རིག་པ(འཁོར་སྐར་གྱི་བརྡ་ཆད)། འོད་རིག་པ། ཚ་རིག སྡོམ་རྩིས་དངོས་ལུགས་རིག་པ། ཐིག་མིན་གཤིས་དངོས་ལུགས་རིག་པ། བལྟོས་བཅས་སྨྲ་བ། ཚད་རྡུལ་གཞུང་ལུགས། མ་རྡུལ་དང་ཆ་རྡུལ་དངོས་ལུགས་རིག་པ། གཅིག་འདུས་གཟུགས་དངོས་ལུགས་རིག་པ། ཉིང་རྡུལ་དངོས་ལུགས་རིག་པ། ཕྲ་རྡུལ་དངོས་ལུགས་རིག་པ། གྱེས་རྡུལ་མཉམ་གཟུགས་དངོས་ལུགས་སོགས་དངོས་ལུགས་རིག་པའི་ཁྱབ་ཁོངས་ཀྱི་བརྡ་ཆད༡༡༧༡༠ལྷག་བསྡུས་ཡོད།

མིང་མཛོད་འདི་ཉིད་ཚད་ལྡན་ཅན་གྱི་དག་བཅོས་དང་། ལག་རྩལ་ཡིག་ཆ་སྒྲིག་བཟོ། ཆེད་ལས་ལག་རྩལ་གྱི་རྒྱུ་ཆ་དང་སློབ་དེབ་སོགས་ཡིག་བསྒྱུར་ལ་སྤྱོད་པ་དང་། དངོས་ལུགས་ཆེད་ལས་བྱ་བ་གཉེར་བའི་ཚན་རིག་ལག་རྩལ་དང་། རིག་གནས་སློབ་གསོ། རྒྱལ་དམངས་དཔལ་འབྱོར་ཐོན་སྐྱེད་དང་སྤྱི་ཚོགས་ཀྱི་ལག་ལེན། སློབ་གསོ་དང་དཔེ་སྐྲུན་བྱ་བ་གཉེར་མཁན་གྱི་མི་སྣར་ཆེད་སྤྱོད་དུ་དམིགས་པ་ཡིན།

དགུ་པ།  བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་ཚིག་མཛོད་གཟི་ཡི་ཕྲེང་བ།

ཚིག་མཛོད་འདི་ཉིད་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་མགོན་པོ་རབ་བརྟན་གྱིས་འགན་བླངས་པའི་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི《དངོས་ལུགས་རིག་པའི་ཐ་སྙད་ལས་བོད་ཡིག་གི་སྐོར》ཞེས་པའི་རྒྱལ་ཁབ་ཚད་གཞི་ཞིབ་འཇུག་ལས་གཞིའི་གྲུབ་འབྲས་ཡིན། ཁོང་གིས་ལོ་མང་པོའི་རིང་གི་མཐོ་རིམ་དངོས་ལུགས་རིག་པའི་སློབ་ཁྲིད་ཞིབ་འཇུག་དང་། ཞིང་ལྗོངས་ལྔའི་སློབ་འབྲིང༣༠ལྷག་གི་བོད་ཡིག་དངོས་ལུགས་དགེ་རྒན༡༠༠ལྷག་གི་བསམ་འཆར་བསྡུ་ལེན་བྱས་ཤིང་། སློབ་ཆེན་སོ་སོར་བོད་ཡིག་དངོས་ལུགས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དང་། བོད་ཡིག་དངོས་ལུགས་སློབ་གསོར་ཞིབ་འཇུག་བྱེད་མཁན། བོད་སྐད་ཡིག་གི་ཆེད་མཁས་པ་དག་སྔ་ཕྱིར་ལས་གཞི་འདིའི་ཞིབ་འཇུག་གི་བྱ་བར་གདན་དྲངས་ཤིང་། ལོ་ངོ་གསུམ་གྱི་དུས་ཡུན་སྤྱད་ནས་ཚན་རིག་ཞིབ་འཇུག་ལ་དགོས་པའི་གཟབ་ནན་ཆེན་པོས་རྒྱལ་ཁབ་རིམ་པའི་ཚད་གཞིའི《དངོས་ལུགས་རིག་པའི་ཐ་སྙད་ལས་བོད་ཡིག་གི་སྐོར》ཞེས་པ་གྲུབ་པར་བགྱིས་ཤིང་། ལས་གཞིའི་ཁྲོད་ཀྱི 《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་ཚིག་མཛོད》ཞེས་པར་ཚན་རིག་ནས་ཚན་རྩལ་དང་། ཚན་རྩལ་ནས་འཚོ་བའི་གནས་ཚུལ་ལ་གཞིགས་ཏེ། ཤུགས་རིག་པ་དང་། གློག་སྡུད་རིག་པ། གློག་ལས་རིག་པ(ཁྱིམ་སྤྱོད་གློག་ཆས་དང་། སྒྲ་ཟློས་དང་བརྙན་ཟློས། སྒྲ་ཕབ་དང་བརྙན་ཕབ་སོགས)། མཁའ་སྐྱོད་གནམ་སྐྱོད་ལག་རྩལ། འོད་རིག་པ། ཚ་རིག སྡོམ་རྩིས་དངོས་ལུགས་རིག་པ། ཐིག་མིན་གཤིས་དངོས་ལུགས་རིག་པ། བལྟོས་བཅས་སྨྲ་བ། ཚད་རྡུལ་གཞུང་ལུགས། མ་རྡུལ་དང་ཆ་རྡུལ་དངོས་ལུགས་རིག་པ། གཅིག་འདུས་གཟུགས་དངོས་ལུགས་རིག་པ། ཉིང་རྡུལ་དངོས་ལུགས་རིག་པ། ཕྲ་རྡུལ་དངོས་ལུགས་རིག་པ། གྱེས་རྡུལ་མཉམ་གཟུགས་དངོས་ལུགས་སོགས་དངོས་ལུགས་རིག་པའི་ཁྱབ་ཁོངས་ཀྱི་བརྡ་ཆད་ཕལ་ཆེར༧༥༥༠ལྷག་ལ་མཚན་ཉིད་དང་ཡང་ན་འགྲེལ་བཤད་རང་བཞིན་གྱི་གསལ་བཤད་ཐུང་ངུ་རྩོམ་སྒྲིག་དང་སྒྱུར་སྒྲིག་བྱས་ཡོད།

ཚིག་མཛོད་འདི་ཉིད་ཚད་ལྡན་ཅན་གྱི་དག་བཅོས་དང་། ལག་རྩལ་ཡིག་ཆ་སྒྲིག་བཟོ། ཆེད་ལས་ལག་རྩལ་གྱི་རྒྱུ་ཆ་དང་སློབ་དེབ་སོགས་ཡིག་བསྒྱུར་ལ་སྤྱོད་པ་དང་། དངོས་ལུགས་ཆེད་ལས་བྱ་བ་གཉེར་བའི་དགེ་སློབ་དང་། ཚན་རིག་ལག་རྩལ། རིག་གནས་སློབ་གསོ། རྒྱལ་དམངས་དཔལ་འབྱོར་ཐོན་སྐྱེད་དང་སྤྱི་ཚོགས་ཀྱི་ལག་ལེན། སློབ་གསོ་དང་དཔེ་སྐྲུན་བྱ་བ་གཉེར་མཁན་གྱི་མི་སྣར་ཆེད་སྤྱོད་དུ་དམིགས་ནཡིན།

རྒན་མགོན་པོ་རབ་བརྟན་ནི།  ༡༩༦༤ལོར་མདོ་སྨད་གཅན་ཚའི་སྐྱ་ནག་སྟེ་མཁར་སྐྱ་མོ་ཁྲི་སྡེ་དང་སྦྲ་ནག་ནག་ཁྲི་སྡེ་རུ་གྲགས་པའི་ཡུལ་ཚོ་རུ་སྐྱེས་ཤིང་། ༡༩༩༠ལོར་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དངོས་ལུགས་རིག་པའི་ཚན་ཁག་ནས་སློབ་མཐར་ཕྱིན། བྱ་བར་ཞུགས་པ་ནས་ད་ལྟའི་བར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་སྡེ་ཁག་དང་། རྔ་བ་ཁུལ་མཐོ་རིམ་དགེ་ཐོན་ཆེད་སྦྱོང་སློབ་གྲྭ་དང་། མཚོ་སྔོན་སློབ་གསོ་སློབ་ཆེན་མི་རིགས་སྡེ་ཁག་བཅས་སུ་སློབ་ཁྲིད་བྱས། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དངོས་ལུགས་ཚན་ཁག་གི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན།

ཁོང་གིས་རྒྱལ་ནང་གི་སློབ་གྲྭ་ཆེན་མོའི་དངོས་ལུགས་རིག་པ་བོད་སྐད་ཡིག་གི་ལམ་ནས་དཔེ་ཁྲིད་ཐོག་མར་མཛད་པ་དང་།  མཐོ་རིམ་སློབ་གྲྭའི་དངོས་ལུགས་བསླབ་གཞིའི་ལམ་བུ་ཕྱེས། མདོ་དབུས་གཙང་གསུམ་གྱི་སྐད་གཉིས་དངོས་ལུགས་སློབ་ཁྲིད་ཀྱི་མི་སྣ་མང་པོ་གསོ་སྐྱོང་བྱས་པའི་དུས་མཚུངས་སུ་དཔྱད་རྩོམ་སུམ་ཅུ་ལྷག་དུས་དེབ་ཏུ་སྤེལ་ཅིང་། ལོ་ཙཱའི་ཕྱོགས་སུའང་ཞིབ་འཇུག་ནན་ཏན་བགྱིས་ཏེ། 《གློག་སྡུད་རིག་པ》དང་། 《འོད་རིག་པ》དང་།《ནོར་སྲིད་དོ་དམ་རིག་པ》དང་།《སློབ་ཆེན་དངོས་ལུགས་རིག་པ》དང་།《འཚོ་བའི་ཁྲོད་ཀྱི་དངོས་ལུགས་རིག་པ》དང་། 《ཚན་རྩལ་ལོ་ཙཱའི་གཞུང་ལུགས་དང་ལག་ལེན》དང་བཅས་བསྒྱུར་སྒྲིག་དང་། སྒྲིག་རྩོམ་བྱས་ཏེ་པར་སྐྲུན་བྱས། ད་དུང《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་ཚིག་མཛོད》དང་།  《བོད་རྒྱ་དབྱིན་གསུམ་རྫས་འགྱུར་རིག་པའི་ཚིག་མཛོད》དང་།《རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་དངོས་ལུགས་རིག་པའི་ཚིག་མཛོད》དང་།《བོད་རྒྱ་དབྱིན་གསུམ་གྱི་ཆ་འཕྲིན་ལག་རྩལ་ཚིག་མཛོད》དང་།《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》བཅས་ཀྱི་རྩོམ་འབྲི་བྱ་བར་ཡང་ཞུགས། གཞན་ད་དུང་《དམའ་འབྲིང་སྤྱི་འགྲོས་ངེས་སྲོལ་ཀུན་འདུས་ཏེ། དངོས་རྫས་སྐྱེ་གསུམ་གྱི་སྐོར》དང་།《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་མིང་མཛོད་གཟི་ཡི་ཕྲེང་བ》དང་།《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་ཚིག་མཛོད་གཟི་ཡི་ཕྲེང་བ》བཅས་ཀྱི་དཔེ་དེབ་དང་།  མིང་མཛོད་དང་།  ཚིག་མཛོད་བཅས་བསྡོམས་པས་དཔེ་དེབ༡༤པར་སྐྲུན་བྱས་ཡོད། མིག་སྔར《དངོས་ལུགས་རིག་པའི་གོ་དོན》དང་།《གསོ་རིག་ཏུ་སྤྱོད་པའི་དངོས་ལུགས་རིག་པ》དང་། 《ཀྲུང་གོའི་རིག་བརྒྱའི་དཔེ་ཚོགས་ཆེན་མོ་ལས་དངོས་ལུགས་རིག་པའི་བོད་འགྱུར་མ》དང་། 《བོད་ཡིག་ཚིག་མཛོད་ཆེན་མོ》བཅས་ཀྱི་སྒྲིག་རྩོམ་གྱི་ལས་སུ་ཞུགས་ནས་བྱ་བ་བྱེད་པའི་ངང་དུ་ཡོད་པ་མ་ཟད།  མི་འགྱངས་པར་ཀློག་པ་པོས་མཐོང་ཐུབ།

ལྷག་པར་དུ《གློག་སྡུད་རིག་པ》དང་། 《འོད་རིག་པ》དང་།《བོད་རྒྱ་དབྱིན་གསུམ་གྱི་དངོས་ལུགས་རིག་པའི་ཚིག་མཛོད》དག་གིས་སློབ་ཆེན་དངོས་ལུགས་རིག་པའི་བོད་ཡིག་སློབ་དེབ་དང་ཚིག་མཛོད་དེ།  རྒྱལ་ནང་གི་དངོས་ལུགས་རིག་པའི་རིག་ཚན་ཆེད་སྤྱོད་དེབ་ཀྱི་སྟོང་ཆ་སྐོང་བར་བྱས། ཚན་རིག་ཞིབ་འཇུག་གི་ཐད་དུའང་རྒྱལ་ཁབ་རང་བྱུང་ཚན་རིག་མ་དངུལ་རྣམ་གྲངས་གཉིས་ཏེ། དངོས་ལུགས་རིག་པའི་ཐ་སྙད་བོད་ཡིག་རྒྱལ་ཁབ་ཚད་གཞིའི་ཞིབ་འཇུག་གི་ལས་གཞིའི(ཨང་རྟགས10864003)དང་། ཀྲུང་གོའི་རིག་བརྒྱའི་དཔེ་ཚོགས་ཆེན་མོ་ལས་དངོས་ལུགས་རིག་པའི་བོད་འགྱུར་མའི་སྒྲིག་རྩོམ་ལས་གཞི(ཨང་རྟགས11365016)འགན་ཁུར་ཡོད།

སྔ་ཕྱིར་ཞིང་ལྗོངས་ལྔའི་དངོས་ལུགས་རིག་པའི་བོད་ཡིག་བརྡ་ཆད་གཏན་འབེབས་དང་དངོས་ལུགས་བསླབ་གཞིའི་བསྒྱུར་སྒྲིག་ཞིབ་བཤེར་བྱ་བར་ཞུགས་ནས་ལོ་ངོ་ཉི་ཤུའི་རིང་སློབ་འབྲིང་དངོས་ལུགས་བོད་འགྱུར་མར་ཞིབ་བཤེར་གཏན་འབེབས་བྱས་པ་ཡིན། ཐེངས་དྲུག་པ་དང་བདུན་པའི་རྒྱལ་ཡོངས་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་། ཐེངས་དང་པོ་དང་གཉིས་པའི་མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་བོད་ཡིག་བསླབ་གཞི་ཞིབ་བཤེར་ལྷན་ཚོགས་ཀྱི་ཚོགས་མིར་གདན་ཞུ་བྱས་མྱོང་། །