ཀྲུང་གོ་ཚན་རིག་ཁང་གི་གཙང་གསུམ་འགོ་ཁོངས་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ལྟེ་གནས་འཛུགས་པའི་ཇུས་གཞི་ལ་ཆེད་མཁས་པས་ཁས་ལེན་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།ཉེ་སྔོན་ཀྲུང་གོ་ཚན་རིག་ཁང་གི་གཙང་གསུམ་འགོ་ཁོངས་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ལྟེ་གནས་འཛུགས་པའི་ཇུས་གཞི་ལ་ཆེད་མཁས་པས་ཁས་ལེན་ཐོབ་པའི་ ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད་།

ཆེད་མཁས་པའི་ཚོགས་ཆུང་གིས་ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལ་ཁ་ཚ་དགོས་གཏུག་གི་རང་བཞིན་དང་དགོས་ངེས་ཀྱི་རང་བཞིན་ལྡན་པས་དོན་སྙིང་གལ་ཆེན་ལྡན། ཞིབ་འཇུག་ལྟེ་གནས་ཀྱི་འཛུགས་སྐྲུན་དེ་ས་ཁོངས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཆགས་ཚུལ་དང་དེ་བཞིན་ནང་རྐྱེན་རྒྱུན་འཁྱོངས་གསལ་སྟོན། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལག་རྩལ་དང་བྱེད་སྟངས་གྲུབ་ཡོད་པས། རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་སྲོལ་ལམ་སྲོལ་དང་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་དམངས་འཚོ་ལེགས་གཏོང་མཐུན་སྦྱོར་ཡོང་བར་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་ལ་ལས་ཀའི་རྨང་གཞི་བརྟན་པོ་དང་ཏན་ཏིག་གི་ཆ་རྐྱེན་འགན་སྲུང་གི་ཆ་འཛོམས་པ་དང་། འཛུགས་སྐྲུན་ཇུས་གཞིའི་དམིགས་ཚད་ཁ་གསལ་ཞིང་འཛུགས་སྐྲུན་གྱི་ནང་དོན་དང་མཐུན།  སྔོན་དཔག་ལྟར་ན་འདིས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཧྥུ་པོ་ཅེ་དང་ཝེ་ཧྥུ་དང་། ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིའུ་ཅི་ཡོན་དང་ཧྥན་ཅེ། ཚ་ཁུལ་ཞིང་ལས་སྣོད་བཅུད་ཞིབ་འཇུག་ཁང་གིི་ཞིབ་འཇུག་པ་ཝང་ཁེ་ལིན། སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝང་ཞའོ་ཆོན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐེན་ཅུང་ལིའང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲང་ཁྲའོ་ཡོན། ཀྲུང་གོའི་ཚན་རིག་ཁང་གི་ཚན་རྩལ་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཆན་ཅུན་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་ཚོགས་ཆུང་གིས་འཛུགས་སྐྲུན་ཇུས་གཞིར་རིགས་པས་ཁུངས་སྐྱེལ་བྱས་པ་རེད།

ལོ་ཙཱ་བ། གཡང་སྐྱིད།