ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་སྐོར་གྱི་བསམ་འཆར།

(2018ལོའི་ཟླ2ཚེས24ཉིན། )

           གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་དང་། དུས་རབས་གསར་པའི“ཞིང་གསུམ”བྱ་བ་སྤྱིའི་འཛིན་ལུང་ཡིན། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་སྐོར་གྱི་བསམ་འཆར》གྱི་དགོངས་དོན་ནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་བྱ་ཆེད། རང་ཞིང་གི་དོན་དངོས་དང་སྦྲེལ་ཏེ་གཤམ་གྱི་ལག་བསྟར་བསམ་འཆར་བཏོན་པ་ཡིན།

         གཅིག དུས་རབས་གསར་བའི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་ཏུ་བསྟར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱ་དགོས།

        ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཡོངས་ཀྱིས“ཞིང་གསུམ”གནད་དོན་ཐག་གཅོད་གང་ལེགས་བྱ་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཤུགས་ཆེན་པོས“སྒྱུར་བ་བཞི”ལ་སྐུལ་འདེད་དང་། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱས་ནས། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བྱ་བར་གྲུབ་འབྲས་གསར་བ་བླངས་ཤིང་། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོར་འདེགས་གསར་བ་བྱུང་བ་དང་། མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་འཛུགས་སྐྲུན་ཐད་ནས་གོམ་པ་གསར་བ་སྤོས་པ། རོང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྒྱུར་ལ་ཐོད་བརྒལ་གསར་བ་བྱུང་ལ། རོང་འབྲོག་པའི་འཚོ་བའི་ཆུ་ཚད་མཐོར་འདེགས་གསར་བ་བྱུང་ཞིང་། རོང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་གསར་བ་ཐེབས་པ་དང་། དབུལ་སྒྲོལ་འགག་གཏོར་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཐོག ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་དཔལ་འབྱོར་བརྟན་ཅིང་ཅུང་མགྱོགས་པོའི་སྒོ་ནས་གོང་དུ་འཕེལ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡིན་པའི་རྣམ་པ་གསར་བ་བཏོད་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བརྟན་འཇགས་ཁྲོད་ལེགས་པོའི་ཕྱོགས་སུ་འཕེལ་བར་འདེགས་སྐྱོར་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་རེད། འདས་ཟིན་པའི་ལོ་ལྔ་ནི་མཚོ་སྔོན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་བྱུང་ཚུལ་ཆེས་ལེགས་པ་དང་། རོང་འབྲོག་ཁུལ་གྱི་གོང་འཕེལ་འགྱུར་ལྡོག་ཆེས་ཆེ་བ། རོང་འབྲོག་མང་ཚོགས་ལ་ཕན་ཁེ་ཆེས་མང་པོ་ཐོབ་པའི་ལོ་ལྔ་ཡིན། ཡིན་ཡང་ངེས་པར་དུ་གསལ་བོར་ཤེས་དགོས་པ་ནི། རང་ཞིང་གི་རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བཞིན་ཞན་པ་དང་། རོང་འབྲོག་ཁུལ་གྱི་ཁོར་ཡུག་དང་སྐྱེ་ཁམས་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ། གྲོང་གསེབ་གོང་སྤེལ་གྱི་སྤྱི་ཡོངས་ཆུ་ཚད་ད་དུང་མཐོར་འདེགས་གཏང་དགོས་ཤིང་། གྲོང་གསེབ་བཅོས་སྐྱོང་མ་ལག་དང་ནུས་པར་ད་དུང་ཤུགས་བསྣན་དགོས་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་དུ་འགྲེངས་ནས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཀྲུང་དབྱང་གི་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་སྤྱིའི་བླང་བྱ་གཏིང་ཟབ་སྒོས་ཤེས་རྟོགས་དང་ཕྱོགས་ཡོངས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་དང་འགན་འཁྲི་ཁུར་སེམས། ཁ་ཚ་དགོས་གཏུག་གི་འདུ་ཤེས་བཅས་དངོས་གནས་ཇེ་དྲག་ཏུ་བཏང་སྟེ། ཡིད་ཆེས་བརྟན་བཅངས་དང་གོ་སྐབས་དམ་འཛིན། དུས་བསྟུན་རང་འགུལ་གྱིས་བྱ་བ་སྒྲུབ་པ་བཅས་བྱས་ཏེ། སེམས་ཐག་ཆོད་པས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ལེགས་པོ་བྱེད་པ་དང་། ཞིང་ཕྱུགས་ལས་ཁྱོན་ཡོངས་ནས་རིམ་འཕར་དང་རོང་འབྲོག་ཁུལ་ཁྱོན་ཡོངས་ནས་གོང་འཕེལ། རོང་འབྲོག་པ་ཁྱོན་ཡོངས་ནས་ཡར་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་ཏེ། དུས་རབས་གསར་པའི་རོང་འབྲོག་ཁུལ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ལེའུ་གསར་པ་འབྲི་དགོས།

        གཉིས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་སྤྱི་ཁོག་གི་བླང་བྱ།

        (གཅིག) མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཐོག “སྒྱུར་བ་བཞི”ཡིས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱེད་པ་དང་། ཐོན་ལས་དར་སྤེལ་དང་སྐྱེ་ཁམས་གནས་འཕྲོད། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་ཏུ་གཏོང་བའི་སྤྱིའི་བླང་བྱ་ལྟར། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་གོང་དུ་སྤེལ་བའི་སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་མ་ལག་འཐུས་ཚང་བར་བཙུགས་ཏེ། ཞིང་ཕྱུགས་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་དང་། དེང་རབས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་མ་ལག་འཛུགས་སྐྲུན། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་བཅོས། རོང་འབྲོག་པའི་བྱང་ཚད་ཤུགས་ཆེན་པོས་མཐོར་འདེགས། རོང་འབྲོག་ཁུལ་གྱི་རིག་གནས་ཕུན་ཚོགས་སུ་གཏོང་བ། གྲོང་གསེབ་ནུས་ལྡན་སྒོས་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། དམངས་འཚོའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དེང་རབས་ཅན་དུ་འགྱུར་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། “འགྲོས་མཉམ་གཅིག་དང་སྔར་ལས་བཞིའི”དམིགས་འབེན་མངོན་འགྱུར་བྱ་བར་ཧུར་ཐག་སྒོས་བྱས་རྗེས་འཇོག་དགོས།

         (གཉིས།) དམིགས་འབེན་ལས་འགན། རང་ཞིང་གི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་དམིགས་འབེན་ལས་འགན་ནི།

          2020ལོར་བསླེབས་དུས་གྲོང་གསེབ་དར་སྤེལ་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་འབྱུང་ཞིང་། ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་ཀྱི་མ་ལག་གཞི་རྩའི་སྟེང་ཆགས་པ་དང་།  ཞིང་ཕྱུགས་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ལ་མཐོར་འདེགས་གསར་བ་འཐོབ་པ། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་མ་ལག་གི་སྤུས་ཚད་མཐོར་འདེགས་མངོན་གསལ་འབྱུང་བ། རོང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ངང་གོང་དུ་སྤེལ་བར་འཕེལ་རྒྱས་གསར་བ་འབྱུང་བ། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་སྔར་ལས་རྒྱ་བསྐྱེད་པ། ད་ལྟའི་ཚད་གཞི་སྟེང་ནས་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བ། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་བཟང་ཕྱོགས་སུ་བསྐྱོད་པ། སྐྱེ་ཁམས་ཞབས་ཕྱིའི་ནུས་པ་སྔར་ལས་མཐོར་འདེགས་འབྱུང་བ། མིའི་འཚོ་གནས་ཁོར་ཡུག་མངོན་གསལ་གྱིས་ལེགས་སྒྱུར་འབྱུང་བ། མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཕྱི་དོ་མཉམ་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་གོང་དུ་སྤེལ་བའི་སྒྲིག་སྲོལ་རྐྱེན་སྲོལ་ཐོག་མར་འཛུགས་པ། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གསར་སྐྲུན་ཕྱོགས་ཡོངས་སུ་ཁེབས་པ་མངོན་འགྱུར་འབྱུང་བ། གྲོང་གསེབ་བཅོས་སྐྱོང་གི་མ་ལག་སྔར་ལས་འཐུས་ཚང་དུ་འགྲོ་བ། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་དཔལ་ཡོན་ལྡན་ཚད་དང་རོང་འབྲོག་པའི་དཔལ་ཡོན་སྤུས་ཚད་སྔར་བར་ཇེ་མཐོར་འགྲོ་བ། ཏང་གི་རོང་འབྲོག་ཁུལ་གྱི་བྱ་བའི་མགོ་ཁྲིད་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་སོང་ནས། ཏང་རྩ་འཛུགས་སྲོག་ཤིང་ཡིན་པའི་རོང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཐད་ཁྱོན་ཡོངས་ནས་ཤུགས་སྣོན་ཐེབས་པ་བཅས་ཡིན།

           2035ལོར་བསླེབས་དུས་གྲོང་གསེབ་དར་སྤེལ་ལ་ངེས་པ་དོན་གྱིས་འཕེལ་རྒྱས་འབྱུང་ཞིང་། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་འབྱུང་བ། ཞིང་ཕྱུགས་ལས་ཀྱི་སྒྲིག་གཞི་སྔར་ལས་ལེགས་སྒྱུར་དང་། རོང་འབྲོག་པའི་ལས་ཞུགས་ལྟོས་བཅས་ཀྱིས་བརྟན་འཇགས་ཡིན་པ། ལྟོས་བཅས་ཀྱིས་དབུལ་ཕོངས་སྔར་ལས་སེལ་བ། ཐུན་མོང་ཕྱུག་སྒྱུར་ཐད་ནས་སྐས་རིམ་གསར་བ་ཞིག་ཏུ་འབུད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཕྱི་དོ་མཉམ་ཅན་དུ་བསྒྱུར་ཚད་མངོན་གསལ་གྱིས་ལེགས་སྒྱུར་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་གོང་དུ་སྤེལ་བའི་སྒྲིག་སྲོལ་རྐྱེན་སྲོལ་ཁྱོན་ཡོངས་ནས་བསྐྲུན་པ། ཡུལ་སྲོལ་དཔལ་ཡོན་མཐོ་ཚད་གསར་པར་བསླེབ་པ། གྲོང་གསེབ་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་འགྱུར་བ། རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་འགྱུར་ཅིང་། གནས་སྡོད་ལ་འཕྲོད་པའི་གྲོང་གསེབ་མཛེས་སྡུག་ལྡན་པ་གཞི་རྩའི་སྟེང་མངོན་འགྱུར་འབྱུང་བ་བཅས་ཡིན།

           2050ལོར་བསླེབས་དུས་རོང་འབྲོག་ཁུལ་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་བཅས་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་གཅིག་གྱུར་འཆར་འགོད་སྒོས་སྐུལ་འདེད་བཏང་ཐོག གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་དང་། ཞིང་ཕྱུགས་ལས་སྟོབས་དང་ལྡན་ཞིང་། རོང་འབྲོག་ཁུལ་མཛེས་སྡུག་ལྡན་པ། རོང་འབྲོག་པ་ཕྱུག་པོ་ཡིན་པ་བཅས་སྒོ་ཀུན་ནས་མངོན་འགྱུར་འབྱུང་བ་དེ་ཡིན།

          (གསུམ།) གཞི་རྩའི་རྩ་དོན།

         ཏང་གིས་ཞིང་སྡེའི་བྱ་བར་མགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་བརྟན་ཞིང་ནུས་པ་ལྡན་པའི་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་སྔོན་ལ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་མི་འདང་ས་མགྱོགས་མྱུར་ངང་ཁ་གསབ་བྱ་དགོས། རོང་འབྲོག་པའི་བྱེད་པོའི་གོ་གནས་རྒྱུན་འཁྱོངས་བྱས་ཏེ། རོང་འབྲོག་པའི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་བཅས་མཐོར་འདེགས་སུ་གཏང་དགོས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མགྱོགས་མྱུར་ངང་རྣམ་པ་གསར་བའི་བཟོ་ཞིང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་ཆགས་སུ་འཇུག་དགོས། མི་དང་རང་བྱུང་ཁམས་བར་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཐོན་སྐྱེད་འཚོ་བའི་རེས་འཁོར་ལེགས་པོ་མངོན་འགྱུར་བྱ་དགོས། གནད་འཁེལ་དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལེགས་པོ་བརྒྱག་པ་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཀར་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བའི་ལམ་དུ་བསྐྱོད་དགོས། ཞིང་རྨོ་དཔལ་ཡོན་རྒྱུད་འཛིན་དང་དར་སྤེལ་དང་མཐོར་འདེགས་གཏང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་རིག་གནས་དར་རྒྱས་གཏོང་བའི་ལམ་དུ་བསྐྱོད་དགོས། གྲོང་གསེབ་བཅོས་སྐྱོང་མ་ལག་གསར་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་བཅོས་སྐྱོང་བྱེད་མཁས་པོ་བྱེད་པའི་ལམ་དུ་བསྐྱོད་དགོས། མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་གསར་སྐྲུན་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་དར་རྒྱས་གོང་འཕེལ་དུ་གཏོང་བའི་ལམ་དུ་བསྐྱོད་དགོས། ཡུལ་བབ་དང་བསྟུན་ཞིང་རིམ་བཞིན་གོང་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་།  འཆར་འགོད་སྔོན་ལ་ལག་ཏུ་བསྟར་བར་དོ་སྣང་དང་། གཙོ་གནད་འབུར་དུ་དོད་པ། རིགས་བཀར་ནས་བྱེད་ཐབས་ལག་ཏུ་བསྟར་བ། ཆོས་ཉིད་ལ་བརྩི་འཇོག དཔེ་མཚོན་གྱིས་ལམ་འཁྲིད་པ་དང་། ནུས་པས་ཅི་ལྕོགས་ཀྱིས་བསྒྲུབ་དགོས་ལ། རང་གི་ནུས་ཚོད་ལྟར་ཡང་བསྒྲུབ་དགོས། གཅིག་ཐོག་གཅིག་བརྩེགས་དང་བརྒྱ་ཁ་གཅིག་ཆོད་མི་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་མི་བྱེད་ཅིང་། རྒྱུན་ཆད་མེད་པར་ཏན་ཏིག་གིས་སྐུལ་འདེད་གཏང་དགོས།

        གསུམ། གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གསོ་སྐྱོང་བྱ་དགོས།

         (གཅིག) སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་དགོས། ཚན་རྩལ་གསར་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཞིང་ཕྱུགས་ལས་དེ་ཐོན་ཚད་འཕར་བས་ཁྲོད་སྟོན་བྱེད་པ་ནས་སྤུས་ཀ་མཐོར་འདེགས་ཀྱིས་ཁྲིད་སྟོན་བྱེད་པའི་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏང་དགོས། དེང་རབས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་བཅས་གང་མགྱོགས་ཀྱིས་བཙུགས་ནས། མུ་མཐུད་དུ་ཞིང་ཕྱུགས་ལས་ཀྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་ཇེ་དྲག་དང་རྒྱུ་ཆ་ཡོངས་ཐོན་སྐྱེད་ཀྱི་ཚད་མཐོར་འདེགས་སུ་གཏང་དགོས། ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་ལས་རིགས་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་གཏིང་ཟབ་དང་ཞིབ་ཚགས་སུ་གཏོང་བར་རྒྱབ་སྐྱོར་དང་། ཞིང་ཕྱུགས་ལས་ཐོན་རྫས་འཁྱགས་སྦྲེལ་ཟོང་སྐྱེལ་མ་ལག་དང་ཁྱད་སྟོབས་ལྡན་པའི་ཐོན་ཁུལ་ཐོན་གནས་ཀྱི་ཚོང་ར་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་མཉམ་འདྲེས་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏང་དགོས། གསར་བྱུང་གི་ཚོང་གཉེར་མཁན་ལ་རྒྱབ་སྐྱོར་བྱས་ཏེ་སོ་ཉར་དང་གསོག་འཇོག རིམ་དགར། ཐུམ་རྒྱག་པ་སོགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་གྱི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣོན་དགོས། ལས་སྣོན་རགས་ཙམ་དང་ལས་སྣོན་གཏིང་ཟབ་ཞིབ་ཚགས། ཕྱོགས་བསྡུས་བཀོལ་སྤྱོད་ཀྱིས་ལས་སྣོན་དང་ཟས་རིགས་གཙོ་བོའི་ལས་སྣོན་ལ་མཐུན་སྦྱོར་ངང་གོང་སྤེལ་གཏོང་བར་སྐུལ་འདེད་དང་། ཁྱད་ལྡན་ཞིང་ཕྱུགས་ལས་གཞི་རྒྱ་ཅན་དང་ཚད་ལྡན་ཅན། ཐོན་ལས་ཅན་དུ་སྐུལ་འདེད་གཏང་དགོས། སྤྲོ་གསེང་ཞིང་ཕྱུགས་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་ལེགས་བཟོ་སྐྲུན་ལག་ཏུ་བསྟར་ཏེ། རེས་འཁོར་གྱི་ཞིང་ཕྱུགས་ལས་དང་། གསར་སྐྲུན་འདུ་ཤེས་ལྡན་པའི་ཞིང་ཕྱུགས་ལས། ཚོགས་བཤམས་ཀྱི་ཞིང་ཕྱུགས་ལས། མངག་བཀོལ་གྱི་ཞིང་ཕྱུགས་ལས། ཞིང་ལས་ཉམས་ཞིབ་སོགས་ཞིང་ཕྱུགས་ལས་ཀྱི་ལས་རྣམ་གསར་བ་འཛུགས་སྐྲུན་བྱ་དགོས། ཞིང་ཕྱུགས་ལས་ཀྱི་ཚོང་རྟགས་གོང་སྤེལ་འགུལ་སྐྱོད་སྤེལ་ཏེ། ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏང་བ་དང་། ཐོན་ལས་དང་ཚོང་རྟགས་ཀྱི་མནའ་འབྲེལ་འཛུགས་སྐྲུན། ནོར་ནག་དང་འཕང་འབྲས། འཁྱགས་ཆུའི་ཉ། ལི་གྲོ། སེ་དང་ཀྲེམ་མོད་པའི་ཞིང་ལས་ཐོན་རྫས་དང་ཐོན་ལས་མནའ་འབྲེལ་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་བྱ་དགོས། ཞིང་ཕྱུགས་ཐོན་རྫས་ཀྱི་མགོ་ཁུངས་ནས་ཟས་ཅོག་བར་གྱི་སྤུས་ཚད་དང་ཟས་རིགས་བདེ་འཇགས་ཚད་གཞི་དང་སྤུས་ཚད་བདེ་འཇགས་ཁུངས་འདེད་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ཐོག ལྟ་སྐུལ་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚོང་རའི་ཁྲིམས་འཛིན་ལྟ་སྐུལ་ལ་གཟབ་ནན་བྱས་ཏེ། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏང་དགོས།

      (གཉིས།) དེང་རབས་ཞིང་ཕྱུགས་ལས་ཐོན་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། བཟོ་ལས་ཅན་གྱི་འདུ་ཤེས་ཀྱིས་ཞིང་ཕྱུགས་ལས་གོང་སྤེལ་དུ་གཏང་བ་དང་། “སྒོར་ཐེར་འབུམ་ཆེན་པོ་བཞི་ཅན”གྱི་ཐོན་ལས་ལ་དམིགས་ཏེ། དུག་མེད་ཞོག་ཁོག་དང་རྒྱུད་འདྲེས་སྣུམ་ཚལ། ཁྱད་ལྡན་ཤིང་ཏོག་དང་སྔོ་ཚལ། འཕང་འབྲས་དང་སྟར་བུ། ལི་གྲོ། འཁྱགས་ཆུའི་ཉ་སོགས་ཁྱད་ཆོས་དང་ཁྱད་སྟོབས་ལྡན་པའི་ཐོན་ལས་འབུར་དུ་དོད་དགོས། ཁྱད་ཆོས་དང་ཁྱད་སྟོབས་མངོན་པར་གསལ་ཞིང་ཐོན་ལས་གཅིག་བསྡུས་ཀྱི་ཚད་མཐོ་བ། དཔེ་སྟོན་སྐུལ་ཁྲིད་ནུས་པ་ཆེ་བ། རྩོལ་ནུས་གནས་གཏན་གསལ་བ། ཐོན་ལས་གསུམ་མཉམ་འདྲེས་ངང་གོང་དུ་སྤེལ་པའི་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་གླིང་ཚད་གཞི་མཐོན་པོའི་སྒོ་ནས་འཆར་འགོད་དང་འཛུགས་སྐྲུན་བྱ་དགོས། 2020ལོར་བསླེབས་དུས་ཞིང་ཆེན་ཡོངས་སུ་ཐོན་ལས་གླིང་གཙོ་བོ40གསར་སྐྲུན་དང་། ས་གནས་སོ་སོར་སྐུལ་ཁྲིད་བྱས་ནས་ཁྱད་ལྡན་ཉིང་བསྡུས་ཀྱི་ཐོན་ལས་གླིང60་གསར་སྐྲུན་བྱ་དགོས། འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་དང་ཞིང་ལས་ཐོན་རྫས་གཙོ་བོ་ཐོན་སྐྱེད་སྲུང་སྐྱོང་ཁུལ་དབྱེ་འབྱེད་གཏན་འབེབས་བྱ་བ་ཡོངས་འགྲུབ་བྱེད་པ་དང་། ཡུལ་ཤུལ་གྱི་རྒྱལ་ཁབ་རིམ་པའི་ནོར་ནག་ཁྱད་དམིགས་ཁུལ་འཛུགས་སྐྲུན་ལེགས་པོར་འཛིན་པ་དང་། ཞིང་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་དཔེ་སྟོན་རྫོང་འཛུགས་སྐྲུན་ལེགས་པོ་བྱ་དགོས། ཧུར་ཐག་སྒོས་སྣེ་ཁྲིད་དེ་ཞིང་སྡེའི་ཟུང་སྐྲུན་དཔེ་སྟོན་གླིང་དང་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་གསར་སྐྲུན་ཐད་ནས་འགག་གསར་བ་གཏོར་ཏེ། ཁྱད་ཆོས་འབུར་དུ་དོད་པ་དང་སྤུས་ཚད་ཇེ་མཐོར་བཏང་སྟེ། ཐོན་གླིང་རིམ་འཕར་གྱི་སྒུལ་འཕྲུལ་གསར་བ་བསྐྲུན་དགོས།

     (གསུམ།) རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་གཏང་དགོས། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་དཔྱད་འཇོག་རྐྱེན་སྲོལ་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་རིམ་འདེགས་རིམ་སྤར་ལ་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་གཏང་དགོས། མུ་མཐུད་དུ་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ནི་ལས་སྟེགས་དང་། རྩྭ་ས་དང་ཕྱུགས་ཟོག་གི་དོ་མཉམ་འཇུག་སྒོ། མཉམ་ལས་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་དང་མ་རྐང་ལམ་ལུགས་ཀྱི་བཅོས་སྒྱུར་གཙོ་གནད་བཅས་བྱས་ཏེ། ཐེམ་ཆེན་གྱི་མེ་ལོང་དང་རྩེ་ཁོག་གི་སྦྲ་དཀར་གྱི་རྣམ་པ་ཤུགས་ཆེན་པོས་ཁྱབ་བརྡལ་དུ་བཏང་ནས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་མཉམ་འབྲེལ་ཁང་གོང་དུ་སྤེལ་བར་ཁྲིད་སྟོན་བྱེད་པ་དང་། ཐོན་ལས་མནའ་འབྲེལ་གོང་དུ་སྤེལ་ནས། “མཉམ་ལས་ཁང+སྣེ་ཁྲིད་ཁེ་ལས”དང“མཉམ་ལས་ཁང+མཉམ་འབྲེལ་དྲ་བ”སོགས་ཀྱི་ལས་རྣམ་གསར་བ་གསོ་སྐྱོང་དང་། ཚོད་ལྟ་ཁུལ་མཐོར་འདེགས་བྱས་ཏེ་རྒྱལ་ཡོངས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ཁུལ་དུ་བསྐྲུན་དགོས། རོང་ཁུལ་གྱི་གསོ་སྤེལ་གཞི་རྒྱ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལེགས་པོར་བཟུང་སྟེ། རྩྭ་འདེབས་ཕྱུགས་གསོ་དང་རྩྭ་ཕྱུགས་མཉམ་འགུལ་བྱ་བ་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང་། འབྲུ་རིགས་གཟན་དུ་སྒྱུར་ཚད་རྒྱ་བསྐྱེད་ནས། གསོ་སྤེལ་ར་བའི་གཞི་རྒྱར་སྒྱུར་བཀོད་རིམ་སྤར་བྱ་དགོས།

     (བཞི།) རྣམ་པ་གསར་བའི་ཚོང་གཉེར་མཁན་ཤུགས་ཆེན་པོས་གསོ་སྐྱོང་བྱ་དགོས། རྣམ་པ་གསར་བའི་ཚོང་གཉེར་མཁན་གོང་སྤེལ་རྒྱབ་སྐྱོར་གྱི་སྲིད་ཇུས་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཤུགས་ཆེན་པོས་གོང་དུ་སྤེལ་དགོས། 2020ལོར་བསླེབས་དུས་དཔེ་སྟོན་ཁང500དང་ཚད་ལྡན་ཁང5000ལ་བསླེབ་པར་བྱ་དགོས། འདེབས་འཛུགས་དང་གསོ་སྤེལ་ཁྱིམ་ཚང་ཆེན་པོ་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར་བ། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས། སྤྱི་ཚོགས་ཅན་གྱི་ཞབས་ཕྱིའི་རྩ་འཛུགས་སོགས་རྣམ་པ་གསར་བའི་ཚོང་གཉེར་མཁན་ཚད་ལྡན་སྒོས་གོང་དུ་སྤེལ་བར་སྣེ་འཁྲིད་དང་རྒྱབ་སྐྱོར་བྱས་ཐོག མཉམ་འབྲེལ་ཁང་གོང་སྤེལ་ལ་རོགས་སྐྱོར་དང་རྣམ་པ་སྣ་ཚོགས་པའི་སྒོ་ནས་གཞི་རྒྱ་རན་པོའི་ཚོང་ལས་གཉེར་བར་རྒྱབ་སྐྱོར་བྱ་དགོས། ནོར་ཁྲལ་དང་དངུལ་ལོར། ས་བཀོལ་གློག་སྤྱོད། ལས་གཞིའི་རྒྱབ་སྐྱོར། འཇོན་མི་གསོ་སྐྱོང་སོགས་ཀྱི་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏང་དགོས། ཞིང་ལས་ཁྱིམ་ཚང་ཆུང་བའི་ཐོན་སྐྱེད་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སྒྱུར་བྱས་ཏེ། ཞིང་ཁྱིམ་ཆུང་བ་དང་དེང་རབས་ཞིང་ཕྱུགས་ལས་བར་ཕན་ཡོད་སྒོས་་སྦྲེལ་མཐུད་བྱེད་པ་མངོན་འགྱུར་བྱ་དགོས། རྣམ་པ་གསར་བའི་ཆེད་ལས་རོང་འབྲོག་པ་གསོ་སྐྱོང་ལས་གྲྭ་ལག་བསྟར་བྱས་ཏེ། རྣམ་པ་གསར་བའི་རོང་འབྲོག་པས་ལྡེམ་གཤིས་སློབ་ལུགས་བརྒྱུད་ནས་འབྲིང་རིམ་དང་མཐོ་རིམ་ཆེད་ལས་སློབ་གསོར་ཞུགས་པར་རྒྱབ་སྐྱོར་དང་། ས་གནས་སོ་སོས་ཆེད་ལས་རོང་འབྲོག་པའི་ལས་ཐོབ་དཔྱད་འཇོག་ཚོད་ལྟ་བྱེད་གནས་སྤེལ་བར་སྐུལ་མ་གཏང་དགོས།

    (ལྔ།) མཉམ་འབྲེལ་དྲ་བ+དེང་རབས་ཞིང་ཕྱུགས་ལས་ལ་ཧུར་ཐག་སྒོས་སྐུལ་སྤེལ་གཏང་དགོས། གྲངས་འཛིན་གྱི་ཞིང་ཕྱུགས་ལས་གོང་དུ་སྤེལ་བ་དང་། རིག་ལྡན་ཞིང་ཕྱུགས་ལས་དང་ནགས་ལས་ཆུ་བེད་ལས་གྲྭ་ལག་བསྟར་བྱས་ནས། ཆ་འཕྲིན་ལག་རྩལ་རིགས་སྣ་ཚོགས་ཞིང་ཕྱུགས་ལས་ཁྲོད་དུ་སྤྱད་པར་ཧུར་ཐག་སྒོས་སྐུལ་འདེད་གཏང་དགོས། གཞི་གྲངས་ཆེན་མོ་དང་ཟོང་འབྲེལ་དྲ་བ། རྒྱང་ཚོར། སྤོ་འགུལ་མཉམ་འབྲེལ་དྲ་བ་སོགས་ཀྱི་ལག་རྩལ་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱས་ནས། ཞིང་ལས་དང་འབྲེལ་བའི་སྡེ་ཁག་སོ་སོའི་གཞི་གྲངས་ཐོན་ཁུངས་བསྡུ་རུབ་བྱས་ཏེ། རིག་ལྡན་ཞིང་ཕྱུགས་ལས་གོང་དུ་སྤེལ་དགོས། “མཉམ་འབྲེལ་དྲ་བ+”ཞིང་ཕྱུགས་ལས་འགུལ་སྐྱོད་ལས་བསྟར་བྱས་ཏེ། “མཉམ་འབྲེལ་དྲ་བ+”མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རིག་ལྡན་ཞིང་ཕྱུགས་ལས་ཀྱི་གཞི་གྲངས་ཆེན་མོའི་ལས་སྟེགས་བེད་སྤྱོད་མགོ་བརྩམ་པ་དང་། རོང་འབྲོག་ཁུལ་དུ་མཉམ་འབྲེལ་དྲ་བའི་ལས་རྣམ་གསར་བ་དང་རྣམ་པ་གསར་བ་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱ་དགོས། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་འཁོར་རྒྱུག་དྲ་རྒྱ་ཧུར་ཐག་གིས་བསྐྲུན་པ་དང་། གློག་རྡུལ་ཚོང་དོན་རོང་འབྲོག་ཁུལ་དུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་སྤེལ་ནས། གློག་རྡུལ་ཚོང་དོན་ལས་སྟེགས་ཚད་ལྡན་དུ་བསྐྲུན་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་རྫས་ཕན་ཚུན་ཕྱོགས་སུ་འཁོར་རྒྱུག་བྱ་བར་སྐུལ་འདེད་གཏང་བ་དང་། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཟོང་སྐྱེལ་ཞབས་ཕྱིའི་དྲ་རྒྱ་དང་ལྷུ་ཚུགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས། རྫོང་ཡོངས་སུ་ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པའི་ལས་གྲྭའི་ཚོད་ལྟ་ལ་སྐུལ་འདེད་བྱས་ཏེ་ཞིང་པར་ཕན་པའི་ཆ་འཕྲིན་ཁང་ཁག་ཅིག་བསྐྲུན་དགོས།

         བཞི། ལྗང་མདོག་གོང་སྤེལ་གྱི་འདུ་ཤེས་ལག་ལེན་བྱས་ཏེ། “སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་གསུམ”མཉམ་དུ་རྒྱལ་བའི་རྣམ་པ་གསར་བ་བསྐྲུན་དགོས།

     (གཅིག) གྲོང་གསེབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱ་དགོས། ཐོན་ཁུངས་ཀྱི་ཟད་གྲོན་དང་ཁོར་ཡུག་གི་གནོད་སྐྱོན། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་གདེང་འཇོག་མ་ལག་ནང་བཞག་སྟེ། གྲོང་གསེབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བླང་བྱ་དང་མཐུན་པའི་དམིགས་འབེན་མ་ལག་དང་དཔྱད་ཞིབ་བྱེད་ཐབས། གཟེངས་བསྟོད་ཆད་གཅོད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ཐོན་ཁུངས་དང་མ་རྩ་ཐོན་དབང་ལམ་ལུགས་དང་སྤྱོད་སྒོ་དོ་དམ་ལམ་ལུགས་འཐུས་ཚང་དང་། ཞིང་ས་དང་ནགས་ས། རྩྭ་ཐང་། ཆུ་ཁོངས་སོགས་ཀྱི་སྤྱོད་སྒོ་ལ་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས་ཤིང་། གདོད་མའི་སྔོ་ཁེབས་དང་རང་བྱུང་ཡུལ་ལྗོངས། གནའ་སྡོང་དཀོན་ཤིང་དང་རི་སྐྱེས་སྲོག་ཆགས་བཅས་སྲུང་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། རི་སློག་ནགས་གཏོར་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་པ་དང་། ལམ་ལུགས་ཆེས་ནན་པོས་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྐྱོང་ལེགས་པོ་བྱ་དགོས། སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་དང་མ་དངུལ་བགོ་བཤའ་ཕན་ཚུན་སྦྲེལ་བའི་ཡར་སྐུལ་ཚོད་འཛིན་རྐྱེན་སྲོལ་དང་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། གཙང་གསུམ་འབྱུང་ཡུལ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། ཆུའི་སྐྱེ་ཁམས་དཔལ་ཡོན་མགྱོགས་མྱུར་ངང་བསྐྲུན་པ་དང་། ཆུ་དཔོན་མཚོའུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས། སྐྱེ་ཁམས་མ་ལག་གི་ཞབས་ཕྱི་དང་། སྐྱེ་ཁམས་ཀྱི་རིན་ཐང་ཞིབ་རྩིས་ཞིབ་འཇུག་དང་ཚན་རིག་ལྟར་ཞིབ་བཤེར་ཚད་འཇལ། ཕན་འབྲས་དཔྱད་འཇོག་མ་ལག་བསྐྲུན་པར་འཚོལ་ཞིབ་བྱས་ཏེ་སྤེལ་དགོས། སྐྱེ་ཁམས་སྲུང་སྐྱོང་དང་ཞབས་ཕྱི་བསྒྲུབས་ནས་དབུལ་ཕོངས་ལས་སྒྲོལ་བ་ནུས་ཡོད་སྒོས་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་སྤྱི་ཕན་ལས་རྐང་གང་མང་འདོན་སྤྲོད་བྱ་དགོས།

   (གཉིས།)ལྗང་མདོག་ཐོན་སྐྱེད་རྣམ་པ་ཧུར་ཐག་གིས་དར་སྤེལ་གཏང་དགོས། སྔོ་ཞིང་དྭངས་བའི་རི་ཆུ་དང་གསེར་རི་དངུལ་རི་ཤུགས་ཆེན་པོས་ཟུང་དུ་སྦྲེལ་བ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཐོན་ལས་གོང་སྤེལ་ཕན་ཡོད་སྒོས་གཅིག་གྱུར་བྱ་དགོས། སྐྱེ་ཁམས་རྩོལ་ནུས་དང་ཐོན་ལས་ཀྱི་བྱེད་ནུས་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རོང་འབྲོག་པས་ནགས་དང་ཤིང་ཏོག་དང་སྨན་དང་། ནགས་དང་རྩྭ་དང་ཕྱུགས་ལས། ནགས་དང་ཞིང་དང་མེ་ཏོག་སོགས་གྲོང་གསེབ་ཀྱི་ཞིང་སའི་ཕྱོགས་བསྡུས་ཕུང་བོ་གོང་དུ་སྤེལ་བར་ཁྲིད་སྟོན་བྱ་དགོས། ནགས་ཚལ་གྲོང་རྡལ་དང་ནགས་ཚལ་གྲོང་གསེབ་སྐྲུན་པའི་བྱ་འགུལ་རྒྱུན་མཐུད་དེ་སྤེལ་བ་དང་། ལྗང་མདོག་ཞིང་ཕྱུགས་ལས་གོང་སྤེལ་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་ཐོག མཛེས་པའི(སྐྱེ་ཁམས)ཞིང་ཕྱུགས་ར་བ་འཛུགས་སྐྲུན་བྱ་དགོས། རོང་འབྲོག་པར་སྐུལ་ཁྲིད་བྱས་ནས་རོང་ནགས་འབྲོག་པའི་སྤྲོ་སྐྱིད་ཁང་དང་། གནས་ཚང་། ཁམས་གསོ། རིག་གནས་གསར་སྐྲུན། ཡུལ་སྐོར་ལྗོངས་རྒྱུ། ཞིང་ལས་ཉམས་ཞིབ་སོགས་ཀྱི་ལས་རྣམ་གོང་དུ་སྤེལ་དགོས། ཞིང་ཕྱུགས་ལས་ཀྱི་དཔལ་འབྱོར་གོང་དུ་སྤེལ་སྟངས་བསྒྱུར་ཏེ། འདེབས་གསོ་ཟུང་འབྲེལ་དང་། གསོ་བའི་ཆེད་དུ་འདེབས་པ། འདེབས་པའི་ཆེད་དུ་གསོ་བ། རེས་འཁོར་ནས་གོང་དུ་སྤེལ་བ་འབུར་དུ་དོད་དགོས་ལ། སྐྱེ་ལྡན་ལུད་ཀྱིས་རྫས་འགྱུར་ལུད་ཀྱི་ཚབ་བྱེད་པའི་འགུལ་སྐྱོད་སྤེལ་དགོས། ཞིང་ཕྱུགས་ལས་ཐད་ཀྱི་གཏོང་ཆ་ཇེ་ཉུང་དུ་གཏོང་བར་རྒྱུན་མཐུད་དེ་སྐུལ་འདེད་བྱས་ཏེ། སོག་མ་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་དང་འགྱིག་ཤོག་གི་སྙིགས་རོ་ཕྱིར་བསྡུ་བར་ཁ་གསབ་སྟེར་བའི་སྲིད་ཇུས་ལག་བསྟར་བྱ་དགོས། སྒོ་ཕྱུགས་དང་ཁྱིམ་བྱ་གཞི་རྒྱ་ལྡན་པར་གསོ་སྤེལ་བྱས་པའི་སྙིགས་རྫས་ཐོན་ཁུངས་སུ་བེད་སྤྱོད་པར་གཏིང་ཟབ་སྒོས་སྐུལ་འདེད་བྱ་དགོས། རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་དང་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱས་ཏེ། ས་གཤིན་སྦགས་བཙོག་ཚོད་འཛིན་དང་བསྐྱར་གསོ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ས་ཞིང་རེས་མོས་ཀྱིས་འདེབས་པའི་གཞི་རྒྱ་ཆེ་རུ་བཏང་ཐོག རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་དང་བྱ་དགའ་སྟེར་བའི་སྲིད་ཇུས་འཐུས་ཚང་དང་དོན་འཁྱོལ་བྱ་དགོས།

  (གསུམ།)རྒྱལ་དབང་ས་ཁོངས་ལྗང་སྒྱུར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱ་དགོས། སྐྱེ་ཁམས་ཆེན་པོའི་འདུ་ཤེས་བརྟན་པོར་བཅངས་ནས་ལྗང་སྒྱུར་ཆེན་པོའི་རྣམ་པ་སྐྲུན་པ་དང་། རྒྱལ་དབང་ས་ཁོངས་ལྗང་སྒྱུར་འགྲོས་ཚད་ཇེ་མྱུར་དང་ནུས་ཕྱོད་འཕར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱ་དགོས། རྨོ་བསྐྱུར་ནགས་འཛུགས་རྩྭ་འདེབས་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་། “བྱང་གསུམ”འགོག་སྲུང་ནགས། འབྲི་ཆུ་འབབ་རྒྱུད་ཀྱི་འགོག་སྲུང་ནགས། བྱེ་འགོག་བྱེ་བཅོས། ཙོང་ཆུའི་གཞི་རྒྱ་ཅན་གྱི་ནགས་ར་སོགས་ཆེད་དོན་ལས་གྲྭ་ལག་བསྟར་བྱ་དགོས། རྒྱལ་དབང་ས་ཁོངས་ལྗང་སྒྱུར་འགྲོས་ཚད་མྱུར་བར་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་བྱས་ཏེ། 2018ལོ་ནས2020ལོའི་བར་དུ། ལོ་རེར་རྒྱལ་དབང་ས་ཁོངས་མུའུ་ཁྲི400ལྗང་སྒྱུར་གྱི་ལས་འགན་ཡོངས་འགྲུབ་བྱ་དགོས། སྐྱེ་ཁམས་དམངས་ཕན་གྱི་ནུས་ཡོད་བྱེད་སྟངས་གསར་སྐྲུན་བྱས་ཏེ། ནགས་ལས་སྤྱི་ཕན་ལྟ་སྐྱོང་མི་སྣ་སྐོར་གྱི་སྲིད་ཇུས་འཐུས་ཚང་བར་བཟོ་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཐོབ་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ལམ་བུར་འཚོལ་ཞིབ་སྒོས་བསྐྱོད་དགོས་ཤིང་། སྡེ་བ་ལྗང་སྒྱུར་འགུལ་སྐྱོད་མུ་མཐུད་དུ་ལག་བསྟར་བྱ་དགོས།

  (བཞི།) སྐྱེ་ཁམས་བཅོས་སྐྱོང་གི་གཙོ་གནད་ལས་གྲྭ་ཤུགས་ཆེན་པོས་ལག་བསྟར་བྱ་དགོས། “སྐྱེ་ཁམས་དུམ་ཁག་ཆེན་པོ་ལྔའི”སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་མ་ལག་གི་རྩོལ་ནུས་ཁྱོན་ཡོངས་ནས་མཐོར་འདེགས་གཏང་བ་དང་། “ཡོལ་གཅིག་རྒྱུད་གཉིས”ཀྱི་སྐྱེ་ཁམས་རྣམ་པ་འཐུས་ཚང་དུ་གཏང་དགོས། གཙང་གསུམ་འབྱུང་ཡུལ་གྱི་ལས་གྲྭ་སྐབས་གཉིས་པ་དང་། ཁུ་ནུ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་། ས་ཆུ་སྲུང་འཛིན། བརླན་ས་སྲུང་སྐྱོང་དང་སླར་གསོ་སོགས་སྐྱེ་ཁམས་ལས་གྲྭ་གཙོ་བོར་བརྟན་འཇགས་ངང་སྐུལ་འདེད་གཏང་དགོས། གཙང་གསུམ་འབྱུང་ཡུལ་གྱི་ལས་གྲྭ་སྐབས་གསུམ་པར་བརྟག་དཔྱད་ཞིབ་འཇུག་བྱེད་མགོ་བརྩམ་པ་དང་། ཚྭ་འདམ་གཞོང་ས་ཁུལ་དང་མཚོ་སྔོན་པོའི་མཐའ་སྐོར་ས་ཁུལ། རྨ་ཆུ་དང་ཙོང་ཆུ་འབབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཐད་ཤུགས་བསྣན་དགོས། ཕྱུགས་བསྐྱུར་རྩྭ་འདེབས་ལས་གྲྭ་ལག་བསྟར་ལེགས་པོ་བྱེད་པ་དང་། རང་བྱུང་ནགས་ཚལ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། སྐྱེ་ཁམས་ཉམས་གསོའི་རྣམ་པའི་མིའི་ཐབས་ཀྱིས་ཆར་ཕབ་ཤུགས་ཇེ་དྲག་ཏུ་གཏང་དགོས།

         ལྔ། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་སྡོད་གནས་ལ་འཕྲོད་པའི་ཁྱིམ་གཞིས་གསར་བ་བསྐྲུན་དགོས།

     (གཅིག)མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བྱ་དགོས། བསྐྲུན་ཟིན་པའི་མཛེས་པའི་གྲོང་གསེབ་བརྟན་སྲུང་དང་། བསྐྲུན་ཟིན་པའི་མཛེས་པའི་གྲོང་གསེབ་དེ་ཚོང་གཉེར་ཀྱི་མཛེས་པའི་གྲོང་གསེབ་དང་མཉམ་སྤྱོད་ཀྱི་མཛེས་པའི་གྲོང་གསེབ་དུ་བསྒྱུར་དགོས། འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་བཏང་ནས། ལོ་རེར་མཐོ་སྒང་གི་མཛེས་པའི་གྲོང་གསེབ300གསར་དུ་བསྐྲུན་དགོས། རོང་འབྲོག་པའི་ཉེན་ཁང་དང་ཁང་རྙིང་སྒྱུར་བཀོད་བསྟུད་མར་་སྐུལ་སྤེལ་དང་། ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ་ཁྱབ་བརྡལ་དུ་བཏང་ནས་ནུས་ཁུངས་གྲོན་ཆུང་གི་ཞིང་ཁྱིམ་འཛུགས་སྐྲུན་བྱ་དགོས། སྲོལ་རྒྱུན་སྡེ་བར་སྲུང་སྐྱོང་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེ་བསྐྲུན་ཏེ་གྲོང་གསེབ་ཀྱི་གདོད་མའི་རྣམ་པ་སོར་འཇོག་བྱ་དགོས། གྲོང་གསེབ་ཀྱི་སྲོལ་རྒྱུན་བཟོ་སྐྲུན་མཁན་གྲགས་ཅན་སྐྱེད་སྲིང་བྱས་ཏེ། ཞིང་སྡེའི་འཛུགས་སྐྲུན་དཔེ་སྟོན་སྤེལ་བ་དང་། སྡེ་བ་སྲ་སྒྱུར་དང་བཀྲག་སྒྱུར། ལྗང་སྒྱུར་དང་གཙང་སྒྱུར། མཛེས་སྒྱུར་གྱི་བྱ་འགུལ་རྒྱུན་མཐུད་དེ་སྤེལ་དགོས། ཞིང་ཁྱིམ་གྱི་རྣམ་པ་སྒྱུར་བཀོད་དང་། བགྲོད་ལམ་དང་ཆར་ཆུ་བཙོག་ཆུའི་སྦུག་དྲ། སྤྱི་པའི་ཞབས་ཕྱི་ལྟེ་གནས་དང་དམངས་ཁང་གསར་བ། རི་ཆུའི་རྣམ་པའི་ཡུལ་ལྗོངས་བཅས་བསྐྲུན་པ་དང་། དམངས་སྲོལ་རིག་གནས་སྡེ་བ་དང་སྤྲོ་གསེང་ཡུལ་སྐོར་སྡེ་བ། མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ལྡན་པའི་སྡེ་བ། ཁྱད་ལྡན་ཐོན་ལས་སྡེ་བ་བཅས་རང་རང་གི་ཁྱད་ཆོས་ལྡན་པའི་སྡེ་བ་ཁག་ཅིག་བསྐྲུན་ཏེ། གྲོང་སྡེའི་སྤུས་ཀ་དང་གདང་རིམ་མཐོར་འདེགས་གཏང་དགོས། མཛེས་པའི་གྲོང་གསེབ་ཀྱི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱས་ཏེ། ཁ་ཐོར་དུ་འཛུགས་སྐྲུན་ནས་ས་ཁོངས་ཡུག་གཅིག་ཏུ་སྦྲེལ་ནས་སྤྱི་ཡོངས་ལ་སྐུལ་འདེད་བྱེད་པའི་ཕྱོགས་སུ་བསྒྱུར་དགོས། བསྐྲུན་ཟིན་པའི་ཁྱད་ལྡན་གྲོང་རྡལ་ཆུང་བའི་སྤུས་ཀ་ཇེ་མཐོར་གཏང་བ་དང་། མཛེས་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ལོ་རེར་ཁྱད་ལྡན་གྲོང་རྡལ་ཆུང་བ16གསར་དུ་བསྐྲུན་དགོས།

    (གཉིས།)རོང་འབྲོག་ཁུལ་གྱི་མི་སྡོད་སའི་ཁོར་ཡུག་ཤུགས་ཆེན་པོས་ལེགས་བཅོས་བྱ་དགོས། ཞིང་སྡེའི་མི་སྡོད་སའི་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ནས། རོང་འབྲོག་ཁུལ་གྱི་ཁོར་ཡུག་དག་ཐེར་བཅོས་སྐྱོང་གཏིང་ཟབ་པར་སྐུལ་འདེད་བྱས་ཏེ། ལོ་རེར་སྡེ་བ500ཡི་ཁོར་ཡུག་དག་ཐེར་བཅོས་སྐྱོང་གི་ལས་གཞི་ལག་བསྟར་དང་། རོང་འབྲོག་ཁུལ་གྱི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་དང་སྡེ་བའི་རྣམ་པ་ལེགས་པོར་བསྒྱུར་རྒྱུ་དེ་རྩོལ་བ་སྤྱད་ཡུལ་གཙོ་བོར་བཟུང་ནས། ཐོན་ཁུངས་ཧྲག་སྡེབ་དང་བྱེད་ཐབས་ཤུགས་དྲག་ཏུ་བཏང་སྟེ། རོང་འབྲོག་ཁུལ་གྱི་མི་སྡོད་སའི་ཁོར་ཡུག་གི་འབུར་དུ་ཐོན་པའི་གནད་དོན་བཅོས་སྐྱོང་བྱ་བར་བརྟན་བརླིང་ངང་སྐུལ་འདེད་བྱ་དགོས། རྫོང་ཁོངས་ཀྱི་སྡེ་བའི་གད་སྙིགས་རིགས་བཀར་ནས་གནོད་མེད་ཅན་དུ་ཐག་གཅོད་དང་བཙོག་ཆུ་བཅོས་སྐྱོང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས་ལ། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་ལ“ཁྱིམ་ནས་བསྡུས་པ་དང་སྡེ་བ་ནས་བསྡུ་ལེན། རྫོང་དང་ཡུལ་ཚོ་ནས་ཕྱོགས་བསྡུས་ཐག་གཅོད་བྱེད་པའི”ཡུན་ཕན་འཁོར་རྒྱུག་རྐྱེན་སྲོལ་དང་དོ་དམ་རྣམ་པ་འཐུས་ཚང་བར་འཛུགས་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུའི་སྦུག་དྲ་དེ་ཉེ་འཁོར་གྱི་སྡེ་བར་བསྲིངས་ནས་ཁེབས་པར་སྐུལ་འདེད་དང་། “སྤྱོད་ཁང་དང་ཆུ་ལམ། བྱ་ཁང་ཕྱུགས་ར། ཐབ་ཀ བགྲོད་ལམ་བཅས་སྒྱུར་བཅོས་དང་། ཉེན་ཡོད་ཁང་རྙིང་དང་གྱང་ཆག་ར་ཧྲུལ་བཤིག་འདོར”སོགས་ཀྱི་འགུལ་སྐྱོད་སྤེལ་དགོས། ཤར་རྒྱུད་ཞིང་ལས་ཁུལ་དུ་རྡོ་སོལ་གྱི་ཚབ་ཏུ་གཞན་བཀོལ་པར་སྐུལ་འདེད་བྱས་ནས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་རྡོ་སོལ་དེ་སོལ་རླངས་སམ་གློག་ལ་བསྒྱུར་ནས་བེད་སྤྱོད་པར་སྐུལ་སྤེལ་གཏང་དགོས། རོང་འབྲོག་ཁུལ་གྱི“སྤྱོད་ཁང་གསར་བརྗེ”འགག་གཏོར་འགུལ་སྐྱོད་འཆར་གཞི་ལག་བསྟར་དང་། རོང་འབྲོག་ཁུལ་གྱི་ཁྱིམ་སྤྱོད་འཕྲོད་བསྟེན་སྤྱོད་ཁང་འཛུགས་སྐྲུན་དང་སྒྱུར་བཀོད་བྱེད་པ་དང་དུས་མཉམ་དུ་བཤང་གཅིའི་སྦགས་བཙོག་བཅོས་སྐྱོང་བྱས་ནས། རིམ་བཞིན་འཕྲོད་བསྟེན་སྤྱོད་ཁང་ཡོངས་སུ་ཁེབས་པ་མངོན་འགྱུར་བྱ་དགོས།

   (གསུམ།)གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་མྱུར་བར་འཛུགས་སྐྲུན་བྱ་དགོས། “མི་འདང་ས་ཁ་གསབ་དང་སྤུས་ཚད་མཐོར་འདེགས། གཞི་གཅིག་ཅན”གྱི་བླང་བྱ་ལྟར། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་རྨང་གཞིའི་སྒྲིག་བཀོད་ཐད་ལ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། གྲོང་རྡལ་གྱི་འཚོ་བའི་རྨང་གཞིའི་སྒྲིག་བཀོད་ཞིང་སྡེར་ཁྱབ་པར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་དུ་མངོན་འགྱུར་བྱ་དགོས། “བཟང་པོ་བཞི་འཛོམས་ཀྱི་ཞིང་སྡེའི་བགྲོད་ལམ”འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ། ཐོན་ཐུབ་པའི་ལམ་ཐག་དང་ཤར་བགྲོད་ཀྱི་ཆུ་ཚད་ཇེ་རིང་ཇེ་མཐོ་རུ་གཏང་དགོས། ཆུ་གྲོན་ཆུང་དང་ཆུ་འདོན་སྤྲོད་ཀྱི་ཆུ་བེད་བཟོ་སྐྲུན་གལ་ཆེན་དང་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་བརྟན་སྲུང་དང་མཐོར་འདེགས་ལས་གྲྭ་ལག་བསྟར་བྱ་དགོས། གློག་དྲ་ཆེན་པོ་ཁེབས་པའི་རྨང་གཞིའི་སྟེང་རེས་འཁོར་གསར་བའི་རོང་འབྲོག་ཁུལ་གྱི་གློག་དྲ་སྒྱུར་བཀོད་རིམ་སྤར་ཤུགས་ཚད་སྔར་ལས་ཇེ་དྲག་ཏུ་གཏང་བ་དང་། གཞི་རྩའི་ཐོན་སྐྱེད་འཚོ་བའི་དགོས་མཁོ་བསྐངས་པའི་རྨང་གཞིའི་སྟེང་གློག་འདོན་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏང་དགོས། རོང་འབྲོག་ཁུལ་གྱི་སླར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བྱས་ཏེ། ཉི་ནུས་དང་རླུང་ནུས་སོགས་གོང་དུ་སྤེལ་བ་དང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་དག་གཙང་དྲོད་ལེན་འཆར་འགོད་ལེགས་པོར་བཟོ་དགོས། རྒྱང་སྒྲོག་བརྙན་འཕྲིན་སྡེ་བ་རེ་རེར་གཏོང་བ་ནས་ཁྱིམ་ཚང་རེ་རེར་གཏོང་བའི་རིམ་པ་སྤར་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ། རོང་འབྲོག་ཁུལ་དུ་ཐགས་ཡངས་དྲ་རྒྱ་དང་སྤོ་འགུལ་འཕྲིན་སྐྱེལ་དྲ་རྒྱ་ཁེབས་པར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས། གནམ་གཤིས་བརྟག་དཔྱད་ཀྱིས་ཞིང་ལས་ལ་ཞབས་ཕྱི་བྱེད་པའི་ནུས་པ་ཆེ་རུ་བཏང་ནས། གྲོང་གསེབ་ཀྱི་གནམ་གཤིས་བརྟག་དཔྱད་ཀྱིས་གནོད་་འགོག་གནོད་འཕྲི་གནོད་སྐྱོབ་ཀྱི་འགུལ་སྐྱོད་ལག་བསྟར་བྱ་དགོས་ཤིང་། རོང་འབྲོག་ཁུལ་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་བདག་སྐྱོང་སྲིད་ཇུས་གཏིང་ཟབ་ཏུ་ཞིབ་འཇུག་གཏན་འབེབས་བྱ་དགོས།

       དྲུག རིག་གནས་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བྱས་ཏེ། གྲོང་གསེབ་ཀྱི་དར་སྲོལ་ལ་དཔལ་ཡོན་ལྡན་པའི་རྣམ་པ་གསར་བ་མངོན་པར་བྱ་དགོས།

   (གཅིག)རོང་འབྲོག་པའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ནི་སྣེ་འདྲེན་དུ་བརྩིས་ཏེ། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོར་ཤུགས་བསྣན་ཏེ། གྲོང་གསེབ་ཀྱི་བསམ་བློའི་རིག་གནས་གཡུལ་ས་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལས་གྲྭ་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་སྲོལ་རྒྱུན་ཀུན་སྤྱོད་སློབ་གསོའི་ཐོན་ཁུངས་སྔོག་འདོན་བྱ་དགོས་པ་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་ཀུན་སྤྱོད་བཅས་འཛུགས་སྐྱོང་བྱ་བར་སྐུལ་འདེད་གཏང་དགོས། ཡིད་རྟོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།  རོང་འབྲོག་པའི་སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་དང་སྒྲིག་སྲོལ་ལམ་ལུགས་འདུ་ཤེས། ཐུན་མོང་གི་འདུ་ཤེས། བདག་པོའི་འདུ་ཤེས་བཅས་ཤུགས་ཆེར་གཏང་དགོས། ཀུན་སྤྱོད་ཀྱི་བློ་འགུག་ནུས་ཤུགས་ཆེར་བཏང་སྟེ། རོང་འབྲོག་པ་རྣམས་དགེ་བའི་ཕྱོགས་དང་། རྒན་ལ་བཀུར་ཞིང་གཉེན་ལ་བྱམས་པ། ཁ་དན་ཚིག་ལ་གནས་པ། བརྩོན་བསྲིས་ཁྱིམ་སྐྱོང་བྱེད་པ་བཅས་སུ་ཁྲིད་སྟོན་བྱ་དགོས། སྡེ་མིས་རང་ཉིད་ལ་དོ་དམ་དང་སློབ་གསོ་གཏོང་བ། ཞབས་འདེགས་ཞུ་བ། རང་ཉིད་མཐོར་འདེགས་གཏོང་བ་བཅས་ཀྱི་ཀུན་སྤྱོད་སྐུལ་སློང་འཆུན་འདོམས་རྐྱེན་སྲོལ་འཛུགས་དགོས་པ་དང་། ཁྱིམ་ཚང་འགྲིག་མཐུན་དང་ཁྱིམ་མཚེས་འཆམ་མཐུན། ལས་བྱེད་པ་དང་མང་ཚོགས་མཐུན་པོ་ཡོང་བར་སྐུལ་འདེད་བྱ་དགོས། “མཛེས་པའི་ཁྱིམ་གཞི”གསར་སྐྲུན་དང་། “སྒྱུག་པོ་དང་སྒྱུག་མོ་བཟང་པོ་དང་བུ་ཕྲུག་བཟང་པོ། མནའ་མ་བཟང་པོ”སོགས་དཔྱད་འདེམ་གཟེངས་བསྟོད་བྱ་འགུལ་སྤེལ་དགོས་པ་དང་། གྲོང་གསེབ་ཀྱི་ཆེས་བཟང་བའི་དགེ་རྒན་དང་སྨན་པ། སྡེ་དཔོན། ཁྱིམ་ཚང་སོགས་འདེམས་སྒྲུག་དཔྱད་བསྡུར་བྱ་འགུལ་སྤེལ་ཏེ། ཀུན་སྤྱོད་དཔེ་ལེགས་དང་ཉེ་འཁོར་གྱི་མི་བཟང་པོས་གྲོང་གསེབ་ཀྱི་དར་སྲོལ་གསར་བར་སྣེ་འཁྲིད་ཅིང་། བདེན་དགེ་མཛེས་གསུམ་དར་སྤེལ་དང་དྲང་ནུས་ཁྱབ་སྤེལ་བྱ་དགོས།

   (གཉིས།) གྲོང་གསེབ་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱ་དགོས། གྲོང་གསེབ་དར་སྤེལ་གཏོང་བར་ཕྱི་ཚུལ་བསྐྲུན་དགོས་པར་མ་ཟད་བླ་སྲོག་ཀྱང་བསྐྲུན་ཏེ། ཡུལ་སྲོལ་དཔལ་ཡོན་ཅན་དང་ཁྱིམ་སྲོལ་ཡ་རབས་ཚུལ་མཐུན་ཅན། དམངས་སྲོལ་གཞུང་དྲང་བབ་ཆགས་ཅན་བཅས་གསོ་སྐྱོང་བྱས་ཏེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་ལས་གྲྭར་སྐུལ་འདེད་དང་། ཕུལ་བྱུང་སོ་ནམ་དང་རྩྭ་ཐང་ཤུལ་བཞག་རིག་གནས་ལུགས་མཐུན་གྱིས་བེད་སྤྱོད་ཚད་རན་པོ་བྱེད་པར་སྐུལ་འདེད་གཏང་དགོས་ཤིང་། སྲུང་སྐྱོབ་དང་རྒྱུད་འཛིན་བྱས་པའི་རྨང་གཞིའི་སྟེང་། གསར་གཏོད་རང་བཞིན་གྱིས་གཞན་སྒྱུར་དང་གསར་སྐྲུན་རང་བཞིན་གྱིས་འཕེལ་རྒྱས་སུ་བཏང་སྟེ། རྒྱུན་ཆད་མེད་པར་དུས་རབས་ཀྱི་དོན་སྤྱི་སྩོལ་པ་དང་མཚོན་སྟངས་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། སོ་ནམ་རིག་གནས་དང་རྩྭ་ཐང་རིག་གནས། དམངས་སྲོལ་རིག་གནས་ཁྲོད་མངོན་པའི་ཕུལ་བྱུང་བསམ་བློའི་རིག་གནས་དང་། མི་ཆོས་སྙིང་སྟོབས། ཀུན་སྤྱོད་ཚད་གཞི་བཅས་གཏིང་ཟབ་ཏུ་སྔོག་འདོན་བྱས་ཏེ། མི་སེམས་གཅིག་སྒྲིལ་དང་མང་ཚོགས་ཀྱི་བསམ་བློ་འདུལ་སྦྱོང་། དམངས་སྲོལ་བབ་ཆགས་ཅན་དུ་སྒྱུར་བའི་ཁྲོད་དུ་དེའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་དགོས། རིག་དངོས་གནའ་ཤུལ་དང་། གནའ་བོའི་སྡེ་བ་དང་གནའ་བོའི་བཟོ་སྐྲུན། མི་རིགས་གྲོང་ཚོ། ཞིང་ཕྱུགས་ལས་ཀྱི་རྗེས་ཤུལ། ཆུ་འདྲེན་བཟོ་འགོད་བཅས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། རོང་འབྲོག་ཁུལ་གྱི་ཕུལ་དུ་བྱུང་བའི་ཟློས་གར་དང་གླུ་གཞས་སྒྱུ་རྩལ། གྲངས་ཉུང་མི་རིགས་ཀྱི་རིག་གནས། དམངས་ཁྲོད་རིག་གནས་སོགས་རྒྱུད་འཛིན་དར་སྤེལ་ལ་རྒྱབ་སྐྱོར་བྱ་དགོས།

   (གསུམ།)གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ལ་ཤུགས་བསྣན་དགོས། དཔལ་ཡོན་ལྡན་པའི་སྡེ་གྲོང་དང་སྐར་རིམ་དཔལ་ཡོན་ལྡན་པའི་ཁྱིམ་དུད། དཔལ་ཡོན་ལྡན་པའི་ཁྱིམ་ཚང་སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱ་འགུལ་སྤེལ་དགོས། ལྷ་མེད་སྨྲ་བའི་དྲིལ་སྒྲོག་སློབ་གསོ་ལ་ཤུགས་བསྣན་ཏེ། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བྱ་འགུལ་ལ་བཀག་འགོག་བྱ་དགོས། ཞིང་སྡེའི་སྐྱིད་སྡུག་ལས་འཛིན་ལྷན་ཚོགས་འཛུགས་པར་ཤུགས་བསྣན་ཏེ། གོམས་སྲོལ་བསྒྱུར་རྒྱུ་དེ་སྡེ་སྲོལ་དམངས་ཆིངས་སུ་འགོད་དགོས། རོང་འབྲོག་པར་ཚན་རིག་དང་དཔལ་ཡོན། ཁོར་སྲུང་གི་འཚོ་བའི་འདུ་ཤེས་གསར་བ་བཅང་བར་སྣེ་འཁྲིད་དེ་རྒྱས་སྤྲོས་རྒྱས་གཤོམ་བྱེད་པ་དང་། འདས་མཆོད་རྒྱས་སྤྲོས་དང་གསོ་སྐྱོང་ལེགས་པོར་མི་བྱེད་པ། ངོ་སོ་བསྡུར་རེས་བྱེད་པ་སོགས་ལུགས་རྙིང་སྲོལ་ངན་བཀག་སྡོམ་བྱ་དགོས། རོང་འབྲོག་ཁུལ་དུ་ཚན་རིག་ཁྱབ་སྤེལ་བྱ་བའི་ཐད་ལ་ཤུགས་བསྣན་ཏེ། རོང་འབྲོག་པའི་ཚན་རིག་རིག་གནས་ཀྱི་བྱང་ཚད་ཇེ་མཐོར་གཏང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དེ“གྲོང་གསེབ་དུ་བསྐྱོད་པའི”བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱ་དགོས།

   (བཞི།)གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་འགྲེམ་ཚུལ་དང་ཐོན་ཁུངས་བཀོད་སྒྲིག་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། སྤྱི་པའི་རིག་གནས་ཐོན་ཁུངས་དེ་རོང་འབྲོག་ཁུལ་གྱི་གཞི་རིམ་དུ་ཁ་ཕྱོགས་པར་ཁྲིད་སྟོན་བྱ་དགོས། གྲོང་གསེབ་གཞི་རིམ་གྱི་སྤྱི་པའི་རིག་གནས་ལུས་རྩལ་དང་རྒྱང་སྒྲོག་བརྙན་འཕྲིན་གྱི་ཐོན་ཁུངས་བསྡུ་རུབ་སྒོས་བཀོལ་སྤྱོད་བྱས་ཏེ། རིག་ལྡན་རྒྱང་སྒྲོག་བརྙན་འཕྲིན་དང་མཁོ་བསྟུན་རྒྱང་སྒྲོག གྲངས་འཛིན་རིག་གནས། ཆ་འཕྲིན་ཐོན་ཁུངས་བཅས་མཉམ་སྤྱོད་བྱ་བར་སྐུལ་འདེད་གཏང་དགོས། ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཕྱི་ལྟེ་གནས། ལུས་རྩལ་ལུས་སྦྱོང་། རྒྱག་སྒྲོག་དང་གློག་བརྙན་འཕྲིན་སོགས་རིག་གནས་ལུས་རྩལ་གྱི་དམངས་ཕན་ལས་གྲྭ་འཛུགས་སྐྲུན་བྱས་ཏེ། ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་སྤྱི་པའི་རིག་གནས་ཞབས་ཕྱི་སྤྱི་ཡོངས་ལ་ཁེབས་པ་མངོན་འགྱུར་བྱ་དགོས་ཤིང་། མང་ཚོགས་ཀྱི་རིག་གནས་ལུས་རྩལ་འཚོ་བ་ཕུན་ཚོགས་སུ་གཏང་དགོས། གྲོང་གསེབ་དར་སྤེལ་བརྗོད་གཞི་ཡིན་པའི་རིག་རྩལ་གསར་རྩོམ་ལ་རྒྱབ་སྐྱོར་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་ལག་ལེན་མཚོན་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་སྤེལ་དགོས། གྲོང་གསེབ་ཀྱི་རིག་གནས་ལ་འཇོན་པའི་རང་ཡུལ་ཤེས་ལྡན་མི་སྣ་སྔོག་འདོན་བྱས་ཏེ། དམངས་ཁྲོད་རིག་རྩལ་ཚོགས་པར་རོགས་སྐྱོར་དང་གསོ་སྐྱོང་བྱས་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་ཕྱོགས་སུ་ཆ་བསྒྲིགས་ནས་རོགས་སྐྱོར་སྤེལ་ཏེ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དག་གྲོང་གསེབ་རིག་གནས་འཛུགས་སྐྲུན་ཁྲོད་ཞུགས་པར་ཁྲིད་སྟོན་བྱ་དགོས། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་བཏང་སྟེ། གྲོང་གསེབ་ཀྱི་རིག་གནས་ཚོང་རར་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བསྣན་དགོས།

       བདུན། གཞི་རིམ་གྱི་རྨང་གཞིའི་བྱ་བར་ཤུགས་བསྣན་ཏེ། གྲོང་གསེབ་བཅོས་སྐྱོང་གི་མ་ལག་གསར་པ་བསྐྲུན་དགོས།

    (གཅིག)བདེ་འཇགས་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་མགོ་ཁྲིད་པའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་བཏང་ཐོག་དངོས་འབེབས་བྱས་ཏེ། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་བདེ་སྐྱོང་གི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས་པ་དང་། གྲོང་གསེབ་ཀྱི“དཀར་གསལ་ལས་གྲྭ”ལག་བསྟར་ཟབ་མོ་བྱེད་ཅིང་། “སྡེ་བ་གཅིག་ལ་ཉེན་རྟོག་གཅིག”དང“ཁྱིམ་བཅུས་མཉམ་འགོག”དང་། “ཁྱིམ་མཚེས་ཕན་ཚུན་སོ་སྲུང”དང“སྡེ་བ་རེ་རེས་མཉམ་འགོག”སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ནས། སྤྱི་ཚོགས་བདེ་སྐྱོང་སྔོན་འགོག་ཚོད་འཛིན་སྟོབས་ཤུགས་རྐང་ཚུགས་པར་སྐུལ་སྤེལ་བྱ་དགོས། ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་མུ་མཐུད་དུ་བརྒྱབ་ཏེ། གྲོང་གསེབ་ཀྱི་ནག་ཚོགས་སྟོབས་ཤུགས་ངན་པ་དང་། རུས་རྒྱུད་སྟོབས་ཤུགས་ངན་པར་རྡུང་རྡེག་ནན་མོ་གཏང་དགོས་པ་དང་། འཆལ་སྤྱོད་དང་རྒྱན་སྐུགས། དུག་འཐེན། འཕྲོག་བཅོམ། བསླུ་འཚོང་། མགོ་སྐོར་སོགས་ཁྲིམས་འགལ་ཉེས་བཟོ་ལ་རྡུང་རྡེག་ནན་མོ་གཏང་དགོས། ལངས་གཟུགས་ཅན་གྱི་སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་བཏང་སྟེ། གྲོང་གསེབ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསྟུད་མར་བཅོས་སྐྱོང་བྱེད་པ་ དང་། གྲོང་གསེབ་ཀྱི་ཉེན་རྟོག་ལས་གཉེར་དང་མེ་སྐྱོན་འགོག་གསོད། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་བྱ་བར་ཤུགས་བསྣན་དགོས། རྫོང་དང་ཡུལ་ཚོ་སྡེ་བ་བཅས་རིམ་པ་གསུམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་རྩོལ་ནུས་དང་འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས་ལ། དྲ་རྒྱའི་ཚུལ་དུ་དོ་དམ་བྱེད་པ་དེ་འཛིན་ལུང་དང་དེང་རབས་ཆ་འཕྲིན་ལག་རྩལ་གྱིས་འདེགས་སྐྱོར་བྱས་ཏེ། གཞི་རིམ་གྱི་མགོ་ཁྲིད་མ་ལག་དང་ལས་རིགས་ཐོན་ཁུངས་སྣ་ཚོགས་ཀྱི་སྟོབས་ཤུགས་གཅིག་གྱུར་སྒོས་བསྡུ་རུབ་བྱས་ནས་བེད་སྤྱོད་པ་དང་། གཞི་རིམ་གྱི་ཞབས་ཕྱི་དང་དོ་དམ་ཞིབ་ཕྲ་ཅན་དང་གནད་འཁེལ་ཅན་དུ་མངོན་འགྱུར་བྱ་དགོས། གཞི་རིམ་བཅོས་སྐྱོང་མ་ལག་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་ཤུགས་གཙོ་བོ་གཞི་རིམ་དུ་ཁ་ཕྱོགས་པར་སྐུལ་འདེད་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྲིད་གཞུང་གིས་བཅོས་སྐྱོང་དང་སྤྱི་ཚོགས་ཀྱིས་སྙོམ་སྒྲིག སྡེ་དམངས་ཀྱིས་རང་སྐྱོང་བཅས་བྱེད་པའི་འགུལ་སྟངས་ལེགས་པོ་མངོན་འགྱུར་བྱས་ནས། མཉམ་སྐྲུན་དང་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་བསྐྲུན་དགོས།

   (གཉིས།)སྡེ་དམངས་ཀྱིས་རང་སྐྱོང་བྱེད་པ་ལག་ལེན་ཟབ་མོ་བྱ་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་གསོན་ཤུགས་ཀྱིས་ཁེངས་པའི་སྡེ་དམངས་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏང་བ་དང་། སྡེ་དམངས་ཚན་ཆུང་ངམ་རང་བྱུང་སྡེ་བ་ནི་གཞི་རྩའི་སྡེ་ཚན་ཡིན་པའི་སྡེ་དམངས་རང་སྐྱོང་ཚོད་ལྟའི་བྱ་བ་འཚོལ་ཞིབ་བྱས་ཏེ་སྤེལ་དགོས། འདེམས་བསྐོ་བྱས་པ་བརྒྱུད་དེ་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་པར་སྐུལ་འདེད་གཏང་དགོས། གཞི་རིམ་དོ་དམ་སྒྲིག་སྲོལ་དང་རྐྱེན་སྲོལ་གསར་གཏོད་བྱེད་པ་དང་། སྤྱི་པའི་ཞབས་ཕྱི་དང་སྲིད་འཛིན་ཞིབ་བཤེར་མཆན་འགོད་འགན་འཁྲི་ཧྲག་སྡེབ་དང་ལེགས་སྒྱུར་བྱས་ཏེ། “སྒོ་གཅིག་ཏུ་སྒྲུབ་པ”དང“ས་ཚིགས་གཅིག་ཏུ་ཞབས་ཕྱི་སྒྲུབ་པ”ལྟར་གྱི་་ཕྱོགས་བསྡུས་ཞབས་ཕྱི་ལས་སྟེགས་བསྐྲུན་དགོས། དམངས་གཙོས་ཇུས་ཐག་གཅོད་པ་དང་དམངས་གཙོས་གྲོལ་མོལ་བྱེད་པའི་རྣམ་པའི་འདྲེན་བྱེད་གསར་སྐྲུན་བྱས་ཐོག སྡེ་དམངས་ཁྲིམས་ལྟར་སྒྲིག་ཡོད་སྒོས་ཐེ་ཞུགས་ཀྱི་ཐབས་ལམ་ཇེ་ཡངས་སུ་བཏང་ནས། གྲོས་མོལ་གྲོས་བསྡུར་གྱི་ཆུ་ཚད་ཇེ་མཐོར་གཏང་དགོས། སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་ཐད་ལ་ཤུགས་བསྣན་ནས། སྡེ་དམངས་ཀྱི་ཤེས་རྟོགས་དབང་ཆ་དང་ཐེ་ཞུགས་དབང་ཆ། བསམ་ཚུལ་བརྗོད་པའི་དབང་ཆ། ལྟ་སྐུལ་དབང་ཆ་བཅས་སྤྱོད་པར་འགན་སྲུང་བྱ་དགོས། སྡེ་དོན་གསལ་བསྒྲགས་ལ་ཞིང་ཆེན་རིམ་པ་ནས་ཁྲིམས་འཛུགས་པར་སྐུལ་འདེད་དང་། སྡེ་དོན་གསལ་བསྒྲགས་ལ་དམངས་གཙོས་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སྡེ་བ་རིམ་པའི་དོན་དག་གི་ཉི་འོད་ལས་གྲྭ་ཁྱབ་སྤེལ་དུ་གཏང་དགོས། སྡེ་སྲོལ་དམངས་ཆིངས་འཐུས་ཚང་དུ་བཟོ་བ་དང་། གྲོང་གསེབ་བཅོས་སྐྱོང་ཁྲོད་དུ་སྡེ་སྲོལ་དམངས་ཆིངས་དང་ཡུལ་མི་སྤྱོད་ཡིན་གཉིས་ལྡན་ཅན་གསར་བའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས། ཞབས་ཕྱིའི་རང་བཞིན་དང་སྤྱི་ཕན་རང་བཞིན། རོགས་རེས་རང་བཞིན་གྱི་གྲོང་གསེབ་སྤྱི་ཚོགས་རྩ་འཛུགས་ཧུར་ཐག་གིས་གསོ་སྐྱོང་བྱས་ཏེ། གྲོང་གསེབ་ཀྱི་སྤྱི་ཚོགས་བྱ་བ་དང་མ་སྐུལ་དང་བླངས་པའི་ཞབས་ཕྱི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། སྡེ་བའི་ལས་བྱེད་པའི་གླ་ཆ་འགུལ་རྣམ་གྱིས་འཕར་བར་མུ་མཐུད་དུ་སྐུལ་འདེད་བཏང་ཐོག སྡེ་བ་རིམ་པའི་འཁོར་སྐྱོད་གྲོན་དངུལ་ལ་ཁ་གསབ་སྟེར་བའི་ཚད་གཞི་རིམ་བཞིན་ཇེ་མཐོར་གཏང་དགོས། གོང་རིམ་ནས་སྡེ་བ་རིམ་པར་དཔྱད་ཞིབ་ཚད་བསྡུར་རྩ་འཛུགས་བྱས་པ་མང་བ་དང་། ཚད་ལོངས་གསར་འཛུགས་བྱས་པ་མང་བ། ཞིབ་བཤེར་ལྟ་སྐུལ་མང་བ་སོགས་ཀྱི་འབུར་ཐོན་གནད་དོན་གཅིག་བསྡུས་སྒོས་གཙང་སེལ་བྱ་དགོས།

   (གསུམ།)ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་བྱ་དགོས། ཁྲིམས་སྐྱོང་ནི་རྩ་བ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  གྲོང་གསེབ་བཅོས་སྐྱོང་ཁྲོད་ཀྱི་བཅའ་ཁྲིམས་ཀྱི་དབང་གྲགས་གོ་གནས་ཤུགས་ཆེར་གཏང་དགོས། གྲོང་གསེབ་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་དང་ཁྲིམས་སྐྱོང་ནི་དམངས་ཀྱི་ཆེད་ཡིན་པའི་འདུ་ཤེས་མཐོ་རུ་བཏང་སྟེ། གྲོང་གསེབ་དར་སྤེལ་དང་འབྲེལ་བའི་བྱ་བ་སྣ་ཚོགས་ཁྲིམས་སྐྱོང་ཅན་གྱི་ལམ་བུ་རུ་འཇུག་དགོས། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་བཅོས་བསྒྱུར་དེ་གཞི་རིམ་དུ་བསྲིང་བ་གཏིང་ཟབ་སྒོས་སྐུལ་འདེད་གཏང་བ་དང་། ཁྲིམས་འཛིན་དཔུང་སྡེ་ཧྲག་སྡེབ་དང་ཁྲིམས་འཛིན་སྟོབས་ཤུགས་རྐང་ཚུགས་པར་བྱས་ནས་ཁྲིམས་འཛིན་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། གྲོང་གསེབ་ཀྱིས་བར་སྡུམ་པ་དང་། རྫོང་དང་གྲོང་ཁྱེར་གྱིས་ཁྲུན་ཐག་གཅོད་པ། ཁྲིམས་འཛིན་གྱིས་འགན་སྲུང་བྱེད་པའི་ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱིས་བདག་གཉེར་བྱེད་ཐད་ཀྱི་རྩོད་གཞི་སྡུམ་པའི་རྐྱེན་སྲོལ་འཐུས་སྒོ་ཚང་བར་འཛུགས་དགོས། གྲོང་གསེབ་ཏུ་ཁྲིམས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ། རོང་འབྲོག་པའི་ཁྲིམས་བཀུར་དང་ཁྲིམས་སློབ། ཁྲིམས་སྲུང་། ཁྲིམས་བཀོལ་བཅས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས། རོང་འབྲོག་ཁུལ་གྱི་སྤྱི་པའི་ཁྲིམས་ལུགས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བཏང་སྟེ། རོང་འབྲོག་པར་ཁྲིམས་ལུགས་ཕྱོགས་ནས་རམ་འདེགས་དང་ཁྲིམས་འཛིན་ཕྱོགས་ནས་རོགས་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏང་དགོས། སྡེ་བ་རིམ་པའི་ཞབས་ཕྱི་ས་ཚིགས་དང་དམངས་ཀྱི་བར་སྡུམ་ཨུ་ཡོན་ལྷན་ཁང་འཐུས་ཚང་དུ་བཏང་སྟེ། འགལ་བ་དང་རྩོད་གཞི་གཞི་རིམ་དང་མགོ་འབུས་པའི་སྐབས་སུ་མེད་པར་གཏང་དགོས།

  (བཞི།) ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ཆོས་ལུགས་བྱ་བའི་རང་འགུལ་དབང་ཆ་དམ་པོར་བཟུང་སྟེ། གྲོང་གསེབ་ཀྱི་ཁྲིམས་འགལ་ཆོས་ལུགས་བྱ་འགུལ་ལ་ཁྲིམས་ལྟར་རྡུང་རྡེག་གཏང་བ་དང་། ལྗོངས་ཕྱིའི་སྟོབས་ཤུགས་ཀྱིས་ཆོས་ལུགས་བེད་སྤྱད་དེ་གྲོང་གསེབ་དུ་སིམ་འཛུལ་བྱེད་པར་རྡུང་རྡེག་ནན་མོ་གཏང་དགོས། ཆོས་ལུགས་བེད་སྤྱད་དེ་གྲོང་གསེབ་ཀྱི་སྤྱི་པའི་ལས་དོན་ལ་ཐེ་གཏོགས་བྱེད་པར་བཀག་འགོག་ནན་མོ་བྱ་དགོས་ལ། རོང་འབྲོག་ཁུལ་དུ་གང་འདོད་དུ་དགོན་པ་ལྷ་ཁང་བསྐྲུན་པ་དང་གང་བྱུང་དུ་ཆོས་ལུགས་སྐུ་འདྲ་བཞེངས་པར་མུ་མཐུད་དུ་བཅོས་སྐྱོང་བྱ་དགོས།

      བརྒྱད། དམངས་འཚོ་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་སྟེ། མཛེས་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་བསྐྲུན་དགོས།

  (གཅིག)རོང་འབྲོག་ཁུལ་གྱི་སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་སྔོན་དུ་སྤེལ་དགོས། གྲོང་ཁྱེར་དང་གྲོང་གསེབ་དོ་མཉམ་པའི་འོས་འགན་སློབ་གསོ་གོང་སྤེལ་རྐྱེན་སྲོལ་འཛུགས་དགོས། ཉམ་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སྒྱུར་བྱས་ཏེ། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ཐད་ལ་ཤུགས་བསྣན་དགོས། སློབ་གསོའི་གྲོན་དངུལ་གཏོང་བའི་རྐྱེན་སྲོལ་དང་སློབ་མར་གྲོན་དངུལ་གྱིས་རོགས་སྐྱོར་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། རོང་འབྲོག་ཁུལ་གྱི་ལོ་བཅོ་ལྔའི་རིང་སློབ་ཡོན་མི་དགོས་པའི་སློབ་གསོ་ལ་མུ་མཐུད་དུ་སྐུལ་འདེད་གཏང་དགོས། ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་སྒྱུར་འཆར་གཞི་ལག་བསྟར་བྱ་དགོས་པ་དང་། སློབ་མཚམས་འཇོག་པར་ཁྲིམས་ལྟར་ཚོད་འཛིན་དང་སློབ་མ་དབང་འགན་སྲུང་བྱས་ཏེ། ལོ་དགུའི་འོས་འགན་སློབ་གསོ་བརྟན་སྲུང་གི་ཚད་ཇེ་མཐོར་གཏང་དགོས། རོང་འབྲོག་ཁུལ་གྱི་སྔོན་འགྲོའི་སློབ་གསོ་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང་། འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་སུ་བཏང་ཐོག ལས་རིགས་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་ནས། རོང་འབྲོག་ཁུལ་གྱི་གསར་བྱུང་ངལ་རྩོལ་པ་ཕལ་མོ་ཆེས་མཐོ་འབྲིང་རིམ་པའི་སློབ་གསོ་མྱང་བ་དང་། དེ་བས་མང་པོས་མཐོ་རིམ་སློབ་གསོ་མྱང་བར་འཇུག་དགོས། མི་རིགས་ས་ཁུལ་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཧུར་ཐག་གིས་མཐོར་འདེགས་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་གཞི་གཅིག་ཅན་དུ་གཅིག་གྱུར་གྱིས་གོང་སྤེལ་དུ་བཏང་ནས། སྤུས་ལེགས་སློབ་གྲྭས་ཞིང་སྡེའི་ཉམ་ཞན་སློབ་གྲྭར་འགྱེད་འཕྲོ་བྱེད་པ་རྒྱུན་རྣམ་ཅན་དུ་སྐུལ་སྤེལ་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་བརྗེ་རེས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་དགེ་རྒན་གྱི་དཔུང་སྡེ་སྟོབས་ལྡན་ཅན་དུ་ལེགས་པོར་འཛུགས་སྐྱོང་བྱ་དགོས།

   (གཉིས།)རོང་འབྲོག་ཁུལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། གཅིག་གྱུར་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་ནད་ཆེན་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏང་དགོས། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་དེ་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་པ་བསྟེན་པའི་སྨན་ཡོན་ཐད་ཀར་རྩིས་ཞུ་རྒྱག་པ་ཁྱབ་སྤེལ་བྱ་དགོས། རྒན་གསོ་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་གཏན་འཁེལ་དང་རྨང་གཞིའི་རྒན་གསོ་གྲོན་དངུལ་གྱི་ཚད་གཞི་རྒྱུན་ལྡན་ལྟར་ལེགས་སྒྲིག་གི་རྐྱེན་སྲོལ་འཛུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོ་གྲོན་དངུལ་གྱི་ཚད་གཞི་དུས་ཐོག་ཏུ་ཚད་རན་པའི་སྒོ་ནས་རིམ་བཞིན་ཇེ་མཐོར་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་གཅིག་གྱུར་འཆར་འགོད་བྱས་ནས། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏང་བ་དང་། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་ལ་རོགས་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་དགོས། གྲོང་ཁྱེར་དུ་ཁྱིམ་ཐོ་བཀོད་པའི་ཞིང་ཕྱུགས་ལས་ཀྱི་གནས་སྤོར་མི་འབོར་ཡོངས་རྫོགས་མཁར་གྲོང་གི་སྡོད་ཁང་འགན་སྲུང་མ་ལག་ཏུ་འཇུག་དགོས། རིམ་པ་མང་བའི་རོང་འབྲོག་ཁུལ་གྱི་རྒན་གསོ་འགན་སྲུང་མ་ལག་གསར་དུ་བཙུགས་ནས། ལྟ་སྐྱོང་ཞབས་ཕྱིའི་རྣམ་པ་སྣ་མང་ཅན་གསར་དུ་སྐྲུན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོ་ལས་ཁུངས་གང་མགྱོགས་ཀྱིས་འཛུགས་དགོས། རོང་འབྲོག་ཁུལ་གྱི་གཞིས་སྲུང་བྱིས་པ་དང་བུད་མེད། ལོ་ལོན་རྒན་པ་བཅས་ཀྱི་གཅེས་སྐྱོང་ཞབས་ཕྱི་མ་ལག་འཐུས་སྒོ་ཚང་བར་བྱ་དགོས་པ་དང་། རོང་འབྲོག་ཁུལ་གྱི་བུད་མེད་ཀྱི་ཁྱིམ་གཞི་དང་བྱིས་པའི་ཁྱིམ་གཞི་འཛུགས་དགོས་ལ། རོང་འབྲོག་ཁུལ་གྱི་དབང་པོ་སྐྱོན་ཅན་ལ་ཞབས་ཕྱི་སྒྲུབ་པའི་ཆུ་ཚད་ཇེ་མཐོར་གཏང་དགོས།

   (གསུམ།)བདེ་ཐང་གི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བྱ་དགོས། རོང་འབྲོག་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱི་ཤུགས་ཆེར་གཏང་བ་དང་།  གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱིའི་ལས་གཞིར་ཁ་གསབ་སྟེར་བའི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། ཞང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་བའི་འཕྲོད་བསྟེན་ཁང་གི་ཆ་རྐྱེན་ལེགས་བཅོས་བྱ་དགོས། གྲོང་གསེབ་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་སྨན་གྱི་ཞབས་ཕྱི་ལ་ཤུགས་བསྣན་དགོས། ཁྱིམ་ཚང་སྨན་པས་གན་རྒྱ་བཞག་ནས་ཞབས་ཕྱི་བསྒྲུབ་པ་དང་སྒྲུབ་སྟངས་ཚད་ལྡན་དུ་བཏང་ནས། བུད་མེད་དང་ཕྲུ་གུ། རྒན་པ། དབང་པོ་སྐྱོན་ཅན་སོགས་མི་ཚོགས་ལ་བདེ་ཐང་གི་ཞབས་ཕྱི་བསྒྲུབ་པར་ཤུགས་བསྣན་དགོས། གཅོང་ནད་ཕྱོགས་བསྡུས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་ཐད་ལ་ཤུགས་བསྣན་དགོས་པ་དང་། རོང་འབྲོག་ས་ཁུལ་གྱི་བསམ་པའི་འཕྲོད་བསྟེན་དང་ལས་རིགས་ཀྱི་ནད། འགོས་ནད་ཆེན་པོ་བཅས་འགོག་བཅོས་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། རོང་འབྲོག་པའི་ནད་རིགས་ཚབས་ཆེན་དང་གཅོང་ནད། ཐུམ་པའི་ནད་སོགས་ཡུལ་ནད་ཀྱི་རིགས་གསོ་བཅོས་སྐྱོབ་རོགས་བྱ་བ་ལེགས་པོར་བསྒྲུབ་དགོས། ལེགས་སྐྱེ་ལེགས་སྐྱོང་དར་སྤེལ་གཏང་དགོས་པ་དང་། གྲོང་གསེབ་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་དགོས།

   (བཞི།)རོང་འབྲོག་པས་ལས་ཀ་གསར་སྐྲུན་དང་ལས་ཀར་ཞུགས་པར་སྐུལ་འདེད་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁེབས་པའི་སྤྱི་པའི་ལས་ཞུགས་ལས་སྐྲུན་གྱི་ཞབས་ཕྱི་མ་ལག་འཐུས་སྒོ་ཚང་བར་འཛུགས་དགོས། གྲོང་གསེབ་ཀྱི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱས་ནས། རིག་གནས་དང་ཚན་རྩལ། ཡུལ་སྐོར། སྐྱེ་ཁམས་སོགས་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་གོང་དུ་སྤེལ་བ་དང་། སྲོལ་རྒྱུན་བཟོ་རྩལ་ལ་སྒྱུར་བཀོད་བྱས་ཏེ། ཁྱིམ་ཚང་གི་བཟོ་ར་དང་ལག་ཤེས་བཟོ་ཁང་། གྲོང་གསེབ་འཁོར་ཁང་བཅས་སྐོར་ཞིག་གསོ་སྤེལ་བྱས་ཐོག གྲོང་གསེབ་ཏུ་ཁེ་ལས་འཛུགས་གཉེར་བྱས་ནས་སྔར་ལས་མང་བའི་ལས་ཞུགས་ལས་རྐང་འདོན་སྤྲོད་བྱེད་པར་སྐུལ་བསྟོད་བྱ་དགོས། གྲོང་གསེབ་ཏུ་ལོག་པའམ་བསྐྱོད་པའི་མི་སྣ་གླིང་ཁུལ་སོ་སོར་སོང་ནས་ལས་ཀ་གསར་དུ་བསྐྲུན་པར་ཁྲིད་སྟོན་བྱེད་པ་དང་། ཞིང་ཕྱུགས་ལས་ཐོན་རྫས་འཁོར་རྒྱུག་དང་སྤྲོ་གསེང་ཞིང་ཕྱུགས་ལས། གྲོང་གསེབ་ཡུལ་སྐོར་སོགས་ཁྱད་ལྡན་ལས་རིགས་བསྐྲུན་ དགོས་ཤིང་། “འཐེན་ཐུག་དཔལ་འབྱོར”རྒྱ་ཆེར་གཉེར་ནས“མཚོ་སྔོན་འཐེན་ཐུག”གི་སྤྱིའི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། “མཚོ་སྔོན་མཐོ་སྒང་གི་ལག་ཤེས་པ”དང“ན་གཞོན་ཕྱུག་སྒྱུར་འཇོན་པོའི”མིང་གདགས་དགོས། དྲ་རྒྱའི་པོད་འཕྲིན་དང་སྐད་འཕྲིན། གློག་རྡུལ་ཚོད་དོན་སོགས་ལག་རྩལ་གསར་བའི་ལས་སྐྲུན་བྱ་བ་དང་། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་འདེབས་འཛུགས་དང་གསོ་སྤེལ་དང་ལས་སྣོན། འཁོར་རྒྱུག་ཕྱིར་འཚོང་དང་སྤྲོ་གསེང་ཞིང་ཕྱུགས་ལས། རིག་གནས་སློབ་གསོ། ཁམས་གསོ་རྒན་གསོ། ཁྱིམ་ཚང་གི་ཞབས་ཕྱིའི་ལས་རིགས། མཉམ་འབྲེལ་དྲ་བ+སོགས་མཉམ་འདྲེས་ཀྱི་ལས་ཀ་བསྐྲུན་ དགོས།

   (ལྔ།)གནད་འཁེལ་དབུལ་སྒྲོལ་གྱི་འགག་གཏོར་དམག་འཐབ་ལེགས་པོར་བརྒྱག་དགོས། གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་སྒྲོལ་གྱི་རྩ་བའི་ཐབས་ཇུས་རྒྱུན་འཁྱོངས་དང་། དབུལ་སྒྲོལ་གྱི་སྤུས་ཚད་ཇེ་མཐོར་གཏང་རྒྱུ་གཙོ་བོར་བཟུང་སྟེ། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་། དབུལ་སྒྲོལ་འགག་གཏོར་སྲིད་ཇུས་དང་བྱེད་ཐབས་མུ་མཐུད་ཟབ་སྤེལ་བྱས་ཏེ། དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་སྲུང་བྱ་དགོས། ཕོངས་ངན་རྫོང15དང་ཕོངས་ངན་གྲོང་རྡལ129དང་དམིགས་བསལ་གྱི་དབུལ་ཕོངས་མི་འབོར་ལ་དམིགས་ནས་གཅིག་བསྡུས་སྒོས་ཤུགས་བཏོན་ནས། ཕོངས་ངན་ས་ཁུལ་གྱི་དབུལ་སྒྲོལ་འགག་གཏོར་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་དགོས། ཏང་སྲིད་མགོ་ཁྲིད་དང་པོས་སྤྱིའི་འགན་འཁུར་བ་དང་རིམ་པ་ལྔའི་ཧྲུའུ་ཅིས་དབུལ་སྒྲོལ་འཛིན་པའི་འགན་འཁྲིའི་ལམ་ལུགས་མུ་མཐུད་ཤུགས་དྲག་ཏུ་བཏང་ནས། རིམ་པ་བཞིན་དུ་འགན་འཁྲི་ཏན་ཏིག་གིས་ལག་ཏུ་བསྟར་དགོས། དབུལ་སྒྲོལ་འགག་གཏོར་གྱི་དུས་སྐབས་ནང་དབུལ་ཕོངས་རྫོང་གི་ཏང་སྲིད་ཀྱི་གཙོ་འགན་ཁུར་མཁན་གྱི་གོ་གནས་བརྟན་འཇགས་ཡིན་པ་རྒྱུན་འཁྱོངས་བྱ་དགོས་ཤིང་། རྣམ་འགྱུར་ཧ་ཅང་ལེགས་པ་དང་གྲུབ་འབྲས་གཟེངས་སུ་ཐོན་པའི་དབུལ་ཕོངས་རྫོང་གི་ཏང་སྲིད་ཀྱི་གཙོ་འགན་ཁུར་མཁན་རིམ་པ་གོང་མའི་མགོ་ཁྲིད་ཀྱི་ལས་གནས་སུ་བསྐོ་བཞག་བྱས་ཆོག་པར་མ་ཟད། ད་ཡོད་ལས་འགན་མུ་མཐུད་དུ་གཅིག་ལྕོགས་ཀྱིས་འཁུར་དགོས། དབུལ་སྐྱོར་བྱ་བ་དེ་བློ་སྤོབས་ལ་རོགས་སྐྱོར་དང་བློ་རིག་ལ་རོགས་སྐྱོར། འཕྲལ་སྐྱོབ་འཆིང་སྒྲོལ་དང་ནང་སེམས་ཀྱི་དབུལ་སྒྲོལ་བཅས་དང་ཟུང་དུ་སྦྲེལ་ནས། དབུལ་ཕོངས་མང་ཚོགས་ཀྱི“བསམ་པའི་མི་འདང་ས”མྱུར་དུ་ཁ་གསབ་དགོས། དབུལ་སྐྱོར་མ་དངུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་བྱ་སྤྱོད་ཀྱི་གནད་དོན་ཆེད་དམིགས་བཅོས་སྐྱོང་བྱ་བ་དེ་དབུལ་སྒྲོལ་འགག་གཏོར་གྱི་གོ་རིམ་ཡོངས་སུ་ཁྱབ་པར་བྱ་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་རྦད་ཆོད་སྒོས་ཡོ་བསྲང་དང་བཅོས་སྐྱོང་བྱས་ཏེ། ཞིབ་བཤེར་དཔྱད་འཇོག་དང་རེའུ་མིག་སྐོང་འབྲིའི་གྲངས་ཚད་སོགས་ཚོད་འཛིན་ནན་མོ་བྱས་ཏེ་གཞི་རིམ་གྱི་བྱ་བའི་ཁུར་པོ་ཇེ་ཡང་དུ་གཏང་དགོས། དབུལ་སྒྲོལ་འགག་གཏོར་གྱི་ལྟ་སྐུལ་སྐོར་ཞིབ་ཤུགས་དྲག་ཏུ་བཏང་ནས། སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱ་དགོས། སྒྲུབ་རིམ་དང་པོའི་དབུལ་སྐྱོར་ལས་བྱེད་པའི་ནུས་པའི་བྱང་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་སྟེ། དབུལ་སྐྱོར་གྱི་སྒྲུབ་རིམ་དང་པོར་འབད་འཐབ་བྱེད་བཞིན་པའི་གཞི་རིམ་གྱི་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱ་དགོས་ལ། ཁོ་ཚོའི་བྱ་བའི་བརྩོན་སེམས་ལ་སྲུང་སྐྱོབ་དང་སྐུལ་སློང་བྱ་དགོས།

      དགུ། རོང་འབྲོག་ཁུལ་ཕྱོགས་བསྡུས་བཅོས་སྒྱུར་བྱ་བར་སྐུལ་འདེད་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏང་དགོས།

     (གཅིག) གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་གོང་སྤེལ་གྱི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་ལུགས་མཐུན་གྱིས་འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མཁར་གྲོང་གི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དུ་བསྐྱོད་པར་ཧུར་ཐག་གིས་ཁྲིད་སྟོན་བྱ་དགོས། བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། བཟོ་ཞིང་ཕན་ཚུན་བར་སྐུལ་འདེད་དང་གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་བར་ཁ་གསབ། ཕྱོགས་ཡོངས་ནས་མཉམ་འདྲེས། མཉམ་དུ་དར་སྤེལ་འགྲོ་བའི་མཉམ་འདྲེས་ངང་གོང་དུ་འཕེལ་བའི་རྣམ་པ་ཆགས་པར་སྐུལ་འདེད་བྱ་དགོས། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏང་རྒྱུ་གཙོ་བོར་བཟུང་ནས། སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་དང་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་དེ་རོང་འབྲོག་ཁུལ་དུ་བཞག་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་དང་། ཕན་ཚུན་མཐུད་སྦྲེལ་ཡོང་བར་སྐུལ་འདེད་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གདང་རིམ་འཕར་བར་སྐུལ་འདེད་གཏང་དགོས། རོང་འབྲོག་ཁུལ་གྱི་སློབ་གསོའི་ལས་དོན་དང་ངལ་རྩོལ་ནུས་ཤུགས་གནས་སྤོ་ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། མི་སྡོད་ཁོར་ཡུག་སོགས་ཀྱི་ཐད་ནས་རིམ་བཞིན་དམངས་ཡོངས་ལ་ཁེབས་པ་དང་། ཀུན་ལ་ཕན་ཞིང་མཉམ་དུ་སྤྱོད་པ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་གཞི་རྩའི་སྤྱི་པའི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བསྐྲུན་དགོས། “རྒྱུད་ཅིག་ལམ་གཅིག”གི་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ཏེ། ཞིང་ཕྱུགས་ལས་ཐད་ནས་ཕྱི་ཕྱོགས་ལ་བརྗེ་རེས་དང་མཉམ་ལས་བྱ་བར་སྐུལ་འདེད་གཏང་དགོས།

    (གཉིས།)  རོང་འབྲོག་ཁུལ་གྱི་ས་ཞིང་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱ་དགོས། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ལོངས་རྗེས་ད་དུང་ལོ30ཇེ་རིང་དུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་སྦྲེལ་མཐུད་ལེགས་པོ་བྱ་དགོས། ས་ཞིང་འགན་གཙང་ལེན་གྱིས་བདག་གཉེར་དབང་ཆ་ངོས་ལེན་དང་ཐོ་འགོད་དཔང་སྟེར་བྱ་བ་ལེགས་འགྲུབ་དང་། ས་ཞིང་འགན་གཙང་ལེན་གྱི་ཆ་འཕྲིན་མཉམ་འབྲེལ་དང་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱ་དགོས། རོང་འབྲོག་ཁུལ་གྱི་འགན་གཙང་ལེན་བྱས་པའི་ས་ཞིང་གི“དབང་གསུམ་བགོ་བའི”ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཐུན་མོང་གི་ས་ཞིང་བདག་དབང་དངོས་འབེབས་དང་ཞིང་ཁྱིམ་གྱི་འགན་གཙང་ལེན་དབང་ཆ་བརྟན་འཇགས། ས་ཞིང་ཚོང་གཉེར་དབང་ཆ་གཏོང་གློད་བཅས་བྱ་དགོས། རྩྭ་ཐང་འགན་གཙང་ལེན་གྱིས་བདག་གཉེར་དབང་ཆ་ངོས་ལེན་དང་ཐོ་འགོད་དཔང་སྟེར་བྱ་བ་བརྟན་པོར་སྤེལ་དགོས། ཞིང་སྡེའི་ས་ཞིང་གཞུང་བསྡུ་དང་ཐུན་མོང་གི་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ས་ཞིང་ཚོང་རར་ཞུགས་པ། གཞིས་སའི་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་བྱ་དགོས། སྡོད་ཁང་དང་ས་ཞིང་གཞི་གཅིག་ཅན་གྱི་ཞིང་སྡེ་ཐུན་མོང་གི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་དང་གཞིས་སའི་བེད་སྤྱོད་དབང་ཆ་ངོས་ལེན་དང་ཐོ་འགོད་དཔང་སྟེར་བྱ་བར་ཏན་ཏིག་གིས་སྐུལ་འདེད་བྱ་དགོས། རོང་འབྲོག་པའི་བེད་མེད་དུ་བསྐྱུར་པའི་གཞིས་ས་དང་སྡོད་ཁང་སྐོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏང་བ་དང་། ཐུན་མོང་གི་གཞིས་ས་བདག་དབང་དོན་འཁྱོལ་དང་། རོང་འབྲོག་ཁྱིམ་གྱི་གཞིས་སའི་ཐོབ་ཐང་དབང་ཆ་དང་རོང་འབྲོག་པའི་སྡོད་ཁང་གི་རྒྱུ་ནོར་བདག་དབང་འགན་སྲུང་། གཞིས་ས་དང་རོང་འབྲོག་པའི་སྡོད་ཁང་གི་བཀོལ་སྤྱོད་དབང་ཆ་འོས་འཚམ་གྱིས་གློད་དགོས་ལ། སྒྲིག་འགལ་ཁྲིམས་འགལ་གྱིས་གཞིས་ས་ཉོ་འཚོང་བྱས་མི་ཆོག་ཅིང་། ས་ཞིང་སྤྱོད་སྒོ་དོ་དམ་སྒྲིག་སྲོལ་ལག་བསྟར་ནན་མོ་བྱས་ཏེ། གཞི་རིམ་དུ་ཞིང་སྡེའི་གཞིས་ས་བཀོལ་སྤྱོད་བྱས་ཏེ་གཞིས་ཀ་ཆེན་པོ་དང་སྒེར་གྱི་ཚོགས་ཁང་བསྐྲུན་པར་གཟབ་ནན་སྒོས་གཏན་འགོག་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་གི་འཕར་འཕྲི་སྦྲེལ་བར་ཧུར་ཐག་གིས་སྤེལ་ཏེ། ས་ཞིང་བཀོལ་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་མཐུན་པའི་སྔོན་འགྲོའི་འོག་ཏུ། རྫོང་རིམ་པའི་སྲིད་གཞུང་གིས་སྡེ་བའི་ས་ཞིང་བཀོལ་སྤྱོད་འཆར་གཞི་བཀོད་པ་བརྒྱུད་དེ་སྡེ་བའི་ས་ཞིང་ཁྱབ་ཚུལ་ལེགས་སྒྲིག་ལེགས་སྒྱུར་དང་། ཞིང་སྡེའི་ཐར་ཐོར་དུ་གནས་པའི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་ཕན་ཡོད་སྒོས་བཀོལ་སྤྱོད་བྱས་ཆོག འཆར་གཞིར་བཀོད་པའི་འཛུགས་སྐྲུན་ཐད་སྤྱོད་པའི་ཞིང་སའི་དམིགས་ཚད་ཁག་ཅིག་གྲབས་འཇོག་བྱས་ནས་ལོགས་སུ་ས་གནས་འདེམ་པའི་ཞིང་ལས་སྒྲིག་བཀོད་དང་སྤྲོ་གསེང་ཡུལ་སྐོར་སྒྲིག་བཀོད་སོགས་སྐྲུན་པའི་ཐད་ལ་བཀོལ་དགོས། ཞིང་སྡེའི་བེད་མེད་དུ་བསྐྱུར་པའི་འཛུགས་སྐྲུན་གྱི་སྤྱོད་ས་བསྡུ་ཉར་བྱས་པ་བེད་སྤྱད་དེ་ཞིང་སྡེའི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་གོང་དུ་སྤེལ་བ་ལ། གསར་སྣོན་འཛུགས་སྐྲུན་གྱི་སྤྱོད་སའི་དམིགས་ཚད་གྱི་བྱ་དགའ་སྟེར་དགོས།

     (གསུམ།) རོང་འབྲོག་ཁུལ་གྱི་ཐུན་མོང་གི་ཐོན་དབང་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱ་དགོས། 2019ལོར་རྒྱུ་ནོར་གཙང་བཤེར་རྩིས་བཤེར་ཕལ་ཆེར་ཡོངས་འགྲུབ་དང་། 2021ལོར་མ་རྐང་མཉམ་ལས་ལམ་ལུགས་ཀྱི་བཅོས་སྒྱུར་ཕལ་ཆེར་ཡོངས་སུ་འགྲུབ་པའི་དམིགས་འབེན་གྱི་བླང་བྱ་ལྟར། རོང་འབྲོག་ཁུལ་གྱི་ཐུན་མོང་གི་རྒྱུ་ནོར་གཙང་བཤེར་རྩིས་བཤེར་དང་ཐུན་མོང་གི་ཁོངས་མིའི་ཐོབ་ཐང་ངོས་འཛིན་བྱ་བ་ཁྱོན་ཡོངས་ནས་སྤེལ་བ་དང་། ཐུན་མོང་གི་ཚོང་གཉེར་རང་བཞིན་གྱི་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་བཅོས་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་མ་དངུལ་མ་རྐང་དུ་བསྒྱུར་བ། ཞིང་པ་རྐང་བདག་ཏུ་བསྒྱུར་བར་སྐུལ་འདེད་བྱས་ཏེ། རོང་འབྲོག་ཁུལ་གྱི་ཐུན་མོང་གི་དཔལ་འབྱོར་མངོན་འགྱུར་རྣམ་པ་དང་འཁོར་སྐྱོད་རྐྱེན་སྲོལ་གསར་པ་འཚོལ་ཞིབ་བྱ་དགོས། རོང་འབྲོག་ཁུལ་གྱི་ཐུན་མོང་གི་ཐོན་དབང་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་བྱེད་གནས་མུ་མཐུད་དུ་རྒྱ་ཇེ་ཆེར་བཏང་ནས། རྒྱུ་ནོར་བོགས་མར་གཏོང་ལེན་དང་ཞིང་ཕྱུགས་ལས་གསར་སྤེལ། ཐོན་སྐྱེད་ཞབས་ཕྱི། གྲོང་གསེབ་ཡུལ་སྐོར། འོད་ཝོལ་དབུལ་སྐྱོར། མཉམ་འབྲེལ་གྱིས་ཚོང་གཉེར་སོགས་ཀྱི་རྣམ་པ་བརྒྱུད་དེ་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་མ་བྱ་དགོས། སྲིད་གཞུང་གིས་མ་དངུལ་བཏང་བ་དང་དཔྱ་ཁྲལ་ཇེ་ཡང་དང་མེད་པར་བཏང་བ་སོགས་ཀྱི་དབང་གིས་གྲུབ་པའི་རྒྱུ་ནོར་དེ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་དབང་བ་མ་ཟད། ཐུན་མོང་གི་ཁོངས་མིའི་མ་རྐང་གི་གྲངས་ཚད་དུ་སྒྱུར་བའི་ཐབས་འཚོལ་ཞིབ་བྱས་ཏེ། རོང་འབྲོག་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་གཏང་དགོས། རོང་འབྲོག་ཁུལ་དུ་རྣམ་པ་གསར་བའི་ཐོན་དབང་དཔྱད་འཇོག་ལས་ཁུངས་དང་ཐོན་དབང་ཉོ་འཚོང་ལྟེ་གནས་འཛུགས་དགོས།

    (བཞི།) ཆུ་བེད་དང་ནགས་ལས། ས་རྒོད་སློག་པ། མཁོ་འཚོང་བཅོས་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། ཐོན་དབང་ལམ་ལུགས་དང་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བཀོད་སྒྲིག་བྱེད་སྟངས་འཐུས་ཚང་དུ་བཏང་ནས། བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་ཕྱོགས་ཡོངས་རང་བཞིན། མཉམ་ལས་རང་བཞིན་ཤུགས་ཆེན་པོས་ཇེ་དྲག་ཏུ་གཏང་དགོས། ཆུ་བེད་ལས་གྲྭ་ཆུང་གྲས་རིགས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་དང་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་སྒྱུར་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱ་དགོས། རྒྱལ་དབང་ནགས་རའི་བཅོས་སྒྱུར་ཟབ་སྤེལ་དང་། ནགས་ཚལ་བདག་དབང་སྐོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཁྱིམ་ཚང་གི་ནགས་ར་འཛུགས་སྐྲུན་ཚོད་ལྟ་བྱ་དགོས། ཁོངས་གཏོགས་སྲིད་གཞུང་གི་ས་རྒོད་སློག་པའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ཏེ། ས་རྒོད་སློག་པའི་ཁེ་ལས་ཀྱི་བཅོས་སྒྱུར་གཙོ་གནད་དོན་ཚན་ལ་ཧུར་ཐག་གིས་སྐུལ་འདེད་དང་། ས་རྒོད་སློག་པའི་ཚོང་གཉེར་དོ་དམ་ཆུ་ཚད་མཐོ་རུ་གཏང་དགོས། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་དམངས་འཚོའི་ལས་གཞི་སྣ་ཚོགས་རྒྱལ་དབང་ཞིང་ཕྱུགས་རའི་ཕྱོགས་སུ་ཁྱབ་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། གྲོང་གསེབ་དར་སྤེལ་ཁྲོད་རྒྱལ་དབང་ཞིང་ཕྱུགས་རས་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱ་དགོས། མཁོ་འཚོང་ཁང་གིས་ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་གྱི་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། གཞི་རིམ་གྱི་ཧྲེའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་རང་བཞིན་ཇེ་དྲག་ཏུ་གཏང་རྒྱུ་རྒྱལ་ཡོངས་སུ་ཆེད་དོན་ཚོད་ལྟ་བྱེད་པར་སྐུལ་འདེད་བྱས་ནས། ཞབས་ཕྱིའི་བྱེད་ཐབས་གསར་གཏོད་དང་ཚོང་གཉེར་ཞབས་ཕྱིའི་ཁྱབ་ཁོངས་རྒྱ་བསྐྱེད་ནས། ཕྱོགས་བསྡུས་ཅན་དང་གཞི་རྒྱ་ཅན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་ཞིང་པར་ཞབས་ཕྱི་མ་ལག་མགྱོགས་མྱུར་ངང་ཆགས་སུ་འཇུག་དགོས།

       བཅུ། དངུལ་གཏོང་དངུལ་བསྡུའི་ཐབས་ལམ་རྒྱ་བསྐྱེད་དེ། གྲོང་གསེབ་དར་སྤེལ་ཐད་མ་དངུལ་གཏོང་བར་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས།

     (གཅིག) ནོར་སྲིད་ཀྱིས་དངུལ་གཏོང་ཚད་བསྟུད་མར་འཕར་བ་ཁག་ཐེག་བྱ་དགོས། ནོར་སྲིད་ཀྱིས་དམིགས་བསལ་གྱིས་སྔོན་ལ་འགན་སྲུང་དང་དངུལ་ལོར་གྱིས་གནད་སར་བཟུང་ནས་གཟིགས་སྐྱོང་། སྤྱི་ཚོགས་ཧུར་ཐག་སྒོས་ཞུགས་པའི་སྣ་མང་གི་དངུལ་གཏོང་རྣམ་པ་མགྱོགས་མྱུར་ངང་ཆགས་པར་བྱས་ནས། དངུལ་གཏོང་གི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་དྲག་དང་སྤྱི་འབོར་བསྟུད་མར་ཇེ་མང་དུ་འགྲོ་བར་ཁག་ཐེག་བྱ་དགོས། སྤྱི་པའི་ནོར་སྲིད་ཀྱིས་སྔར་ལས་ཤུགས་ཆེན་པོས“ཞིང་གསུམ”ལ་གཟིགས་སྐྱོང་བྱས་ནས། ནོར་སྲིད་ཀྱིས་དངུལ་གཏོང་བ་དེ་གྲོང་གསེབ་དར་སྤེལ་གྱི་དམིགས་ཚད་ལས་འགན་དང་བསྟུན་ཐུབ་པ་ཁག་ཐེག་བྱ་དགོས། ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། དངུལ་ལོར་དང་སྤྱི་ཚོགས་ཀྱི་མ་དངུལ་སྔར་ལས་མང་པོ་གྲོང་གསེབ་དར་སྤེལ་ཁྲོད་གཏང་བར་ཡར་སྐུལ་བྱ་དགོས། ཞིང་ཕྱུགས་ལས་ཀྱི་ཡིད་རྟོན་དངུལ་བུན་འགན་ལེན་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། ནོར་སྲིད་ཀྱིས་འགན་ལེན་རིན་ཚད་ཁ་གསབ་སྟེར་བ་དང་བྱ་དགས་ཁ་གསབ་ཀྱི་ཚབ་བྱས་པ་བརྒྱུད་ནས། གསར་བྱུང་གི་བདག་གཉེར་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། རྫོང་རིམ་པའི་ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་གྱུར་བསྡུ་རུབ་ཀྱིས་བཀོལ་སྤྱོད་བྱ་བར་ཤུགས་བསྣན་ཏེ། དམིགས་བསལ་གྱིས་སྔོན་ལ་དབུལ་སྒྲོལ་འགག་གཏོར་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ཏུ་བསྟར་བར་མཁོ་བའི་མ་དངུལ་འགན་སྲུང་བྱ་དགོས། རོང་འབྲོག་ཁུལ་གྱི་ཐོན་ཁུངས་རྒྱུ་ནོར་ཧུར་པོར་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི་མ་དངུལ་ཡོང་ཁུངས་རྒྱ་བསྐྱེད་དགོས། ཆ་འཕྲིན་སྤེལ་རེས་དང་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ནོར་སྲིད་མ་དངུལ་དང་དངུལ་ལོར་མཉམ་སྒྲིལ་གྱིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་རོགས་སྐྱོར་གྱི་བྱ་བའི་རྐྱེན་སྲོལ་དང་འཁོར་སྐྱོད་རྣམ་པ་འཛུགས་པར་སྐུལ་འདེད་བྱ་དགོས། སྲིད་ཇུས་རང་བཞིན་གྱི་འགན་ལེན་ལས་ཁུངས་ཀྱི་དངུལ་བསྡུ་བར་འགན་ལེན་དང་ཡིད་རྟོན་ཇེ་ཆེར་གཏོང་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དངུལ་ལོར་ཐོན་ཁུངས་སྔར་ལས་མང་པོས་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་བྱ་དགོས། སྤྱིར་བཏང་གི་བུན་འཛིན་བཀྲམ་པ་བརྒྱུད་ནས་གྲོང་གསེབ་དར་སྤེལ་དང་དབུལ་སྒྲོལ་འགག་གཏོར་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་པའི་སྤྱི་ཕན་རང་བཞིན་གྱི་ལས་གཞི་བསྐྲུན་པའི་ཐད་བཀོལ་དགོས། ལས་གཞིར་དངུལ་བསྡུ་དང་ཁེ་འབབ་དོ་མཉམ་གཏོང་བའི་ཆེད་སྤྱོད་བུན་འཛིན་ཚོད་ལྟའི་སྒོ་ནས་འགྲེམ་པ་དང་།  ཆ་རྐྱེན་དང་མཐུན་ཞིང་ཁེ་འབབ་ཚད་ངེས་ཅན་ལྡན་པའི་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གཞི་བསྐྲུན་པར་རྒྱབ་སྐྱོར་བྱ་དགོས།

     (གཉིས།) མ་དངུལ་བསྡུ་རུབ་ཀྱི་ཐབས་ལམ་རྒྱ་བསྐྱེད་དགོས། བཟོ་ཚོང་མ་རྩ་གྲོང་གསེབ་དར་སྤེལ་ཐད་ལ་གཏང་བར་སྐུལ་བསྟོད་བྱེད་པ་དང་། བཟོ་ཚོང་མ་རྩ་ཞིང་ཕྱུགས་ལས་ཐད་ལ་གཏོང་ཆོག་པའི་ཆ་རྐྱེན་ནན་མོ་བྱ་དགོས་ལ། བཟོ་ཚོང་མ་རྩ་དངོས་སུ་གྲོང་གསེབ་དུ་བསྐྱོད་དེ“ཞིང་ལས་གཉེར་པར”ཁྲིད་སྟོན་བྱ་དགོས།  ཞིང་ལས་ཁེ་ལས་དང་རོང་འབྲོག་པའི་ཁེ་ཕན་སྦྲེལ་བའི་རྐྱེན་སྲོལ་འཛུགས་དགོས། ས་ཞིང་ནང་བཤུག་བཏང་བའི་ཡོང་སྒོ་བཀོལ་སྤྱོད་ཁྱབ་ཁོངས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་ཐད་ལ་དངུལ་གཏོང་བའི་བསྡུར་ཚད་ཇེ་མཐོར་གཏང་དགོས། བེད་སྤྱད་མེད་པའི་ས་ཞིང་གསར་སྦོལ་བྱེད་པར་ཚོད་འཛིན་ནན་མོ་བྱས་ཐོག སྟོབས་ཤུགས་གཅིག་བསྡུས་སྒོས་ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། རྨོ་ཞིང་འཛིན་སྤྱོད་དང་ཁ་གསབ་དོ་མཉམ་ཡོང་བར་དོ་དམ་བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ། ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་སོགས་གསར་དུ་བསྣན་པའི་རྨོ་ཞིང་གི་དམིགས་ཚད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་བྱེད་ས་སྣོན་འཕྲི་དང་སྦྲེལ་བའི་ལྷག་འཕྲོའི་དམིགས་ཚད་དེ་ས་ཁུལ་བརྒལ་ནས་སྙོམ་སྒྲིག་བྱེད་པའི་ནང་རྐྱེན་འཛུགས་དགོས་ཤིང་། ཁེ་ཕན་ཐོབ་པ་ཡོངས་རྫོགས་འགྲོ་སྒོའི་སྔོན་རྩིས་བརྒྱུད་དེ་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་བརྟན་སྲུང་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་དགོས། དོན་དག་རེ་ལ་གྲོས་རེ་དང་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་སོགས་བྱེད་སྟངས་ཁྱབ་གདལ་དུ་བཏང་ནས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ལ་རོང་འབྲོག་པས་ངལ་བ་དང་རྩོལ་བ་སྤྱད་པ་དང་། འཛུགས་སྐྲུན་དང་ལྟ་སྐྱོང་ཁྲོད་དུ་ཞུགས་པར་སྐུལ་བསྟོད་བྱ་དགོས།

    (གསུམ།) དངུལ་ལོར་གྱི་ཞབས་ཕྱིའི་འགན་སྲུང་ཆུ་ཚད་ཇེ་མཐོར་གཏང་དགོས། དངུལ་ལོར་གྱིས་གྲོང་གསེབ་དར་སྤེལ་ལ་ཞབས་ཕྱི་སྒྲུབ་པའི་སྲིད་ཇུས་བྱེད་ཐབས་བཏོན་ནས། དངུལ་ལོར་ཐོན་ཁུངས་སྔར་ལས་མང་པོ་གྲོང་གསེབ་དར་སྤེལ་གཏོང་བའི་སྣ་མང་ཅན་གྱི་དངུལ་ལོར་དགོས་མཁོའི་ཕྱོགས་སུ་བཀོལ་དགོས། ཞིང་ལས་དངུལ་ཁང་དང་སྦྲག་སྲིད་གསོག་འཇོག་དངུལ་ཁང་གིས་གྲོང་གསེབ་དར་སྤེལ་གཏོང་བར་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཀྲུང་གོའི་ཞིང་ལས་གོང་སྤེལ་དངུལ་ཁང་གིས་གྲོང་གསེབ་དར་སྤེལ་ཁྲོད་ཀྱི་འགན་འཁྲི་གཏན་འཁེལ་གསལ་པོར་བྱེད་པ་དང་། གསར་འབྱེད་རང་བཞིན་དང་ཞིང་ལས་སྲིད་ཇུས་རང་བཞིན་གྱི་དངུལ་ལོར་འགན་ནུས་ལེགས་ཆ་འདོན་སྤེལ་བྱ་དགོས་ལ། གྲོང་གསེབ་དར་སྤེལ་གྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་པར་ཡུན་རིང་འབྲིང་གི་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་བ་དང་། “ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་གཞི་རིམ་གྱི་ཕྱོགས་གཉིས་མཉམ་འབྲེལ་གྱིས་དངུལ་བུན་གཏོང་བ”དང་སྡེབ་འཚོང་། བར་བརྒལ་དངུལ་བུན་གཏོང་བའི་རྣམ་པ་བརྒྱུད་དེ། དངུལ་ལོར་གྱི་ཞབས་ཕྱིའི་ནུས་ཤུགས་ཇེ་དྲག་ཏུ་གཏང་དགོས། ཞིང་སྡེའི་ཡིད་རྟོན་མཉམ་འབྲེལ་ཁང་བཅོས་སྒྱུར་བྱ་བར་སྐུལ་འདེད་བྱས་ཏེ། ཞིང་སྡེའི་ཡིད་རྟོན་ཁང་གི་རྫོང་ཁོངས་ཀྱི་ཁྲིམས་མིའི་གོ་གནས་དང་གྲངས་ཚད་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་སྲུང་འཛིན་དང་། ས་གནས་ཁྲིམས་མིའི་དངུལ་ལོར་ལས་ཁུངས་ཀྱིས་གྲོང་གསེབ་དར་སྤེལ་ལ་ཞབས་ཕྱི་ལེགས་པོ་བསྒྲུབ་དགོས། ཀུན་ཕན་དངུལ་ལོར་གྱིས་ཕན་གདགས་ཡུལ་གཙོ་བོ་གྲོང་གསེབ་ཏུ་འཇོག་པ་དང་། ཞིང་པར་ཕན་པའི་དངུལ་ལོར་ཞབས་ཕྱིའི་ལྟེ་གནས་དེ་སྡེ་བ་རིམ་པར་ཁྱབ་ཚད་ཇེ་ཆེར་གཏང་དགོས་ཤིང་། ཞབས་ཕྱིའི་སྤུས་ཚད་དང“གཞི་རིམ་གྱི་ཕྱོགས་གཉིས་མཉམ་འབྲེལ”གྱི་དངུལ་ལོར་ཞབས་ཕྱི་ཁྱབ་ཚད་མཐོར་འདེགས་བཏང་ནས། “དབང་ཆ་གཉིས”གཏའ་མར་བཞག་ནས་དངུལ་བུན་གཏོང་བར་བརྟན་འཇགས་ངང་སྐུལ་འདེད་བྱས་ཏེ། དངུལ་ལོར་ཞབས་ཕྱིའི་མི་འདང་ས་ཤུགས་ཆེན་པོས་ཁ་གསབ་དགོས། ཞིང་སྡེའི་དངུལ་ལོར་ཐོན་རྫས་གསར་སྐྲུན་དང་། ཞབས་ཕྱི་གསར་སྐྲུན། ཐབས་ལམ་གསར་སྐྲུན་དང་རྣམ་པ་གསར་སྐྲུན་བཅས་བྱ་བར་སྐུལ་འདེད་གཏང་དགོས། ནོར་སྲིད་མ་དངུལ་གྱིས་དངུལ་ལོར་མ་དངུལ་ཡར་སྐུལ་བྱས་ནས་གྲོང་གསེབ་དར་སྤེལ་ལ་ཞབས་ཕྱི་བསྒྲུབས་པར་དཔྱད་ཞིབ་དང་དཔྱད་དཔོག་བྱེད་ཐབས་གཏན་འབེབས་བྱ་དགོས། ཆ་རྐྱེན་དང་མཐུན་པའི་ཞིང་ལས་དང་འབྲེལ་བའི་ཁེ་ལས་ཀྱིས་མ་རྐང་འཛིན་ཤོག་ཚོང་རར་འགྲེམ་པ་དང་སྒོ་བྱང་འགེལ་བ། མ་དངུལ་བསྡུ་རུབ། སྒྲིལ་ཉོ་བསྐྱར་སྒྲིག་བཅས་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་དུས་ཟོང་ཚོང་ར་ནུས་ལྡན་གྱིས་བཀོལ་སྤྱོད་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཞབས་ཕྱི་བསྒྲུབ་དགོས། སྲིད་ཇུས་རང་བཞིན་གྱི་ཞིང་ཕྱུགས་ལས་འགན་བཅོལ་གྱི་ཚད་འདེགས་རྒྱ་བསྐྱེད་དང་སྣ་ཁ་མང་གཏོང་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། ཁྱད་ལྡན་འགན་བཅོལ་སྣ་ཁ་དང་ཁྱབ་ཁོངས་གསར་སྐྲུན་དང་ཁྱབ་བརྡལ་དུ་གཏང་བ་དང་། རོང་འབྲོག་པས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་གོང་དུ་སྤེལ་བར་རྒྱབ་སྐྱོར་དང་ཞིང་ཕྱུགས་ལས་བརྟན་འཇགས་ངང་གོང་དུ་འཕེལ་བར་སྐུལ་འདེད་བྱ་དགོས།

        བཅུ་གཅིག ཏང་གི་རྩ་འཛུགས་མགོ་ཁྲིད་ཤུགས་དྲག་ཏུ་བཏང་ནས། གྲོང་གསེབ་དར་སྤེལ་འགན་སྲུང་རྐྱེན་སྲོལ་བརྟན་པོར་བསྐུན་དགོས།

    (གཅིག) ཏང་གི་གྲོང་གསེབ་བྱ་བའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏང་དགོས། ཀྲུང་དབྱང་གིས་ནན་གྱིས་བསྟན་པའི་ཏང་གིས་གྲོང་གསེབ་བྱ་བར་དོ་དམ་བྱེད་པའི་བླང་བྱ་ངེས་པ་དོན་གྱིས་དངོས་འབེབས་དང་། ཞིང་ལས་དང་ཞིང་སྡེ་དམིགས་བསལ་གྱིས་སྔོན་ལ་གོང་དུ་སྤེལ་བའི་བླང་བྱ་དངོས་འབེབས་བྱ་དགོས། རིམ་པ་སོ་སོའི་ཏང་ཨུས་རོང་འབྲོག་ཁུལ་གྱི་བྱ་བའི་སྒྲིག་སྲོལ་རྐྱེན་སྲོལ་མཐུན་སྒྲིག་དང་འཐུས་ཚང་དུ་གཏང་དགོས། རིམ་པ་སོ་སོའི་ཏང་ཨུའི་ཞིང་སྡེ་བྱ་བའི་སྡེ་ཁག་ལ་ཤུགས་བསྣན་ཏེ་འགན་ནུས་ངེས་གསལ་དང་སྟོབས་ཤུགས་ཁ་གསབ། འགན་འཁྲི་དངོས་སུ་བསྩལ་ནས། ཏང་ཨུས་མགོ་ཁྲིད་པ་དང་སྲིད་གཞུང་གིས་སྤྱིའི་འགན་འཁུར་བ། ཏང་ཨུའི་ཞིང་སྡེ་བྱ་བའི་སྡེ་ཁག་གིས་གཅིག་གྱུར་འཆར་འགོད་སྒོས་མཐུན་སྦྱོར་བྱེད་པའི་རོང་འབྲོག་ཁུལ་གྱི་མགོ་ཁྲིད་སྒྲིག་སྲོལ་གྲུབ་པར་བྱ་དགོས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ཏུ་བསྟར་བའི་མགོ་ཁྲིད་ཀྱི་འགན་འཁྲི་ལམ་ལུགས་འཛུགས་པ་དང་། ཞིང་ཆེན་རིམ་པས་སྤྱིའི་འགན་འཁུར་བ་དང་། གྲོང་ཁྱེར(ཁུལ)དང་རྫོང་གིས་དོན་འཁྱོལ་འཛིན་པའི་བྱ་བའི་རྐྱེན་སྲོལ་དངོས་འབེབས་བྱ་དགོས། ཏང་སྲིད་ཀྱི་མགོ་ཁྲིད་དང་པོ་ནི་འགན་འཁུར་པ་དང་པོ་ཡིན་ལ། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་བྱ་བ་འཛིན་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལོ་རེར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ཏུ་བསྟར་བའི་འཕེལ་རིམ་ལ་སྐུལ་འདེད་བཏང་བའི་གནས་ཚུལ་སྙན་ཞུ་འབུལ་དགོས། ཏང་སྲིད་མགོ་ཁྲིད་ཚན་ཁག་གིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ཏུ་བསྟར་བར་སྐུལ་འདེད་བཏང་བའི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་ལམ་ལུགས་བཙུགས་ཏེ། དཔྱད་ཞིབ་མཇུག་འབྲས་དེ་མགོ་ཁྲིད་ལས་བྱེད་པ་འདེམས་བསྐོའི་གཞི་འཛིན་ས་གཙོ་བོ་བྱ་དགོས།

   (གཉིས།) གཞི་རིམ་ཏང་རྩ་འཛུགས་ཀྱི་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱ་དགོས། གྲོང་གསེབ་དར་སྤེལ་བྱེད་པར་སྡེ་བའི་ཏང་རྩ་འཛུགས་ནི་སྲོག་ཤིང་ཡིན། སྡེ་བའི་ཏང་ཀྲི་པུའུ་ཡི་མགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་གཙོ་བོར་བཞག་སྟེ། ཆབ་སྲིད་ཀྱི་བྱེད་ནུས་འབུར་དུ་དོད་པ་དང་རྩ་འཛུགས་ནུས་ཤུགས་དང་དམག་འཐབ་ནུས་ཤུགས་ཇེ་ཆེར་གཏང་དགོས། རོང་འབྲོག་ཁུལ་གྱི“གཞི་གསུམ”འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་བྱེད་པོ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ་དང་། སྡེ་བ་ཐུན་མོང་གི་དཔལ་འབྱོར་ཤུགས་ཆེན་པོས་གོང་འཕེལ་ཏུ་བཏང་ནས། སྡེ་བ་ཐུན་མོང་གི་དཔལ་འབྱོར་གྱི“གསར་འབྱེད”ལས་གྲྭ་ལག་བསྟར་བྱེད་མགོ་བརྩམས་ནས། 2020ལོར་ཐུན་མོང་དཔལ་འབྱོར་གྱི“ཡོང་སྒོ་མེད་པའི”སྡེ་བ་ཕལ་ཆེར་མེད་པར་བཟོ་བར་བརྩོན་ལེན་བྱ་དགོས། “གཅིག་སྦྲེལ་གཉིས་སྐྱོར་གསུམ་བཅོས”ཀྱི་བྱ་བའི་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། དབུལ་ཕོངས་སྡེ་བ་དང་ཉམ་ཆུང་ཁ་ཐོར་སྡེ་བ། བརྟན་སྲུང་བྱ་ཡུལ་སྡེ་བ་གཙོ་བོ་བཅས་ཀྱི་ཧྲུའུ་ཅི་དང་པོ་འདེམས་མངགས་བྱ་བ་ལེགས་པོར་བསྒྲུབ་དགོས། རོང་འབྲོག་པའི་ན་གཞོན་ཕུལ་བྱུང་ཅན་གྱི་ཁྲོད་དུ་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཇེ་ཆེར་བཏང་ནས། གཞི་རིམ་ཏང་ཡོན་དཔུང་ཁག་གི་ན་ཚོད་སྒྲིག་གཞི་དང་རིག་གནས་རིམ་གྲས་ཤུགས་ཆེན་པོས་ལེགས་སྒྱུར་བྱ་དགོས། རོང་འབྲོག་ཁུལ་གྱི་ཏང་ཡོན་ལ་དུས་ངེས་གཏན་སྒོས་གསོ་སྦྱོང་བྱེད་པའི་ལམ་ལུགས་འཛུགས་དགོས། གྲོང་གསེབ་དར་སྤེལ་འཆར་འགོད་དང་བྱེད་ཐབས་དོན་འཁྱོལ་བྱེད་པའི་ཐད་ཀྱི་སྡེ་བའི་ཏང་རྩ་འཛུགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མང་ཚོགས་ཀྱི་ཐོག་མའི་གསར་སྐྲུན་སྙིང་སྟོབས་ལ་བརྩི་འཇོག་དང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་ཆེ་རུ་བསྐྱེད་དེ། གྲོང་གསེབ་དར་སྤེལ་གྱི་རེ་སྨོན་ཡག་པོ་མངོན་འགྱུར་བྱ་དགོས།

    (གསུམ།)  གྲོང་གསེབ་དར་སྤེལ་གྱི་འཇོན་མིའི་རྐྱེན་སྲོལ་འཛུགས་དགོས། དེང་རབས་ན་གཞོན་ཞིང་ཕྱུགས་རའི་བདག་པོ་དང་རྣམ་པ་གསར་བའི་ཞིང་ཕྱུགས་ལས་ཚོང་གཉེར་མཁན་གྱི་སྣེ་འཁྲིད་པ། ཞིང་ཕྱུགས་ལས་ཆེད་ལས་སྤྱི་གཉེར་བ་མགྱོགས་མྱུར་ངང་གསོ་སྐྱོང་བྱ་དགོས། ན་གཞོན་སྔར་ལས་མང་པོར་ཞིང་ལས་སློབ་པ་དང་ཞིང་ལས་གཉེར་པར་སྐུལ་མ་བྱས་ཏེ། ཞིང་ལས་ལ་དགའ་བ་དང་ལག་རྩལ་ཤེས་པ། ཚོང་གཉེར་བྱེད་མཁས་པའི་གསར་བྱུང་གི་ཆེད་ལས་རོང་འབྲོག་པའི་དཔུང་ཁག་སྐོར་ཅིག་རྒྱུན་མ་ཆད་པར་གསོ་སྐྱོང་བྱ་དགོས། རིགས་སོ་སོའི་ཚན་རྩལ་ཆེད་ལས་མི་སྣ་ཞིང་སྡེར་བསྐྱོད་པར་ཁྲིད་སྟོན་བྱ་རྒྱུར་མཐོང་ཆེན་བྱས་ཏེ། དེང་རབས་ཚན་རྩལ་དང་ཐོན་སྐྱེད་བྱེད་སྟངས། ཚོང་གཉེར་རྣམ་པ་བཅས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དུ་འདྲེན་དགོས། སྲིད་ཇུས་གཏན་འབེབས་བྱས་ཏེ་རོང་འབྲོག་ཁུལ་ནས་ཡོང་བའི་སློབ་གྲྭ་ཆེ་འབྲིང་དང་ཆེད་ཚན་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་ཕྱིར་ཕ་ཡུལ་དུ་ལོག་པ་དང་། གྲོང་ཁྱེར་ནས་ནར་སོན་པའི་ཚན་རྩལ་མི་སྣ་གྲོང་གསེབ་ཏུ་བསྐྱོད་པ་དང་། ཞིང་སྡེར་སོང་ནས་ལས་ཀ་བསྐྲུན་པར་ཁྲིད་སྟོན་བྱ་དགོས། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་གླིང་དང་སའོ། ཞིང་ཕྱུགས་ལས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ལག་རྩལ་དང་འཇོན་མིའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། “ས་ཁུལ་གསུམ”གྱི་ཚན་རྩལ་མི་སྣ་འཇོན་པོའི་ཆེད་དམིགས་འཆར་གཞི་ལག་བསྟར་ཤུགས་ཚད་ཆེ་རུ་གཏང་དགོས། གྲོང་གསེབ་ཀྱི་སྣེ་ཁྲིད་པའི་དཔུང་ཁག་སྤྱི་ཡོངས་ལེགས་སྒྱུར་དང་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ལས་ཁུངས་དང་དོན་ལས་སྡེ་ཚན་གྱི་ཏང་ཡོན་ལས་བྱེད་པ་ཕུལ་བྱུང་ཅན་སྡེ་བར་སོང་ནས་ལས་འགན་འཁུར་བར་ཡིད་དགུག་དགོས། གཞུང་ཞབས་པ་རྒྱུན་ལྡན་བཞིན་བསྡུ་ལེན་དང་དོན་ལས་སྡེ་ཚན་དུ་མི་སྣ་གདན་ཞུ་བྱ་བའི་ཁྲོད་དུ། ལས་རྐང་ཁག་ཅིག་ཆེད་དུ་སྡེ་བའི(སྡེ་ཁུལ) “ཨུ་ཡོན་གཉིས”ཀྱི་མགོ་ཁྲིད་ཚན་ཁག་གི་འགན་ཁུར་པ་གཙོ་བོ་བསྡུ་ལེན(གདན་ཞུ)ལ་ཁ་གཏོད་དགོས་པར་མ་ཟད། གདན་ཞུའི་ཆ་རྐྱེན་འོས་འཚམ་གྱིས་ཇེ་ཡངས་སུ་གཏང་དགོས། སློབ་གྲྭ་ཆེ་འབྲིང་དང་ཆེད་ཚན་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མས་མཉམ་ལས་ཁང་ལ་ཞབས་ཕྱི་སྒྲུབ་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་པ་དང་། དཔྱད་ཞིབ་དཔྱད་དཔོག་རྐྱེན་སྲོལ་གསར་སྐྲུན་བྱས་ཏེ། འཇོན་མི་རོང་འབྲོག་ཁུལ་དུ་བསྐྱོད་པར་ཡིད་དགུག་དགོས།

    (བཞི།) ཚན་རྩལ་གསར་སྐྲུན་གྱིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་དང་འདེགས་སྐྱོར་བྱ་དགོས། ཚན་རྩལ་འདོན་སྤྲོད་བྱེད་ཐད་ཤུགས་བསྣན་པ་དང་། ཚན་རྩལ་གསར་སྐྲུན་དཔེ་སྟོན་བྱས་ཐོག ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ཚན་རྩལ་གསར་སྐྲུན་གྲུབ་འབྲས་ཀྱིས་གྲོང་གསེབ་འཆར་འགོད་དང་འཛུགས་སྐྲུན། དག་གཙང་ནུས་ཁུངས་འདོན་སྤྲོད། སྐྱེ་ཁམས་ཁོར་ཡུག་ནུས་ཡོད་ཀྱིས་བཅོས་སྐྱོང་དང་ལྟ་བཤེར། ཁྱད་ལྡན་ཐོན་ལས་གོང་སྤེལ། ནུས་མཐོའི་སྤྱི་པའི་ཞབས་ཕྱིའི་འཆར་གཞི་བཅས་འཐུས་སྒོ་ཇེ་ཚང་དུ་གཏང་དགོས། གསར་སྐྲུན་རྒྱུ་རྐྱེན་རིགས་སྣ་ཚོགས་ཞིང་ལས་ཚན་རྩལ་གླིང་ཁུལ་དུ་འདུ་བར་འདྲེན་འགུག་བྱས་ཏེ། ཞིང་ལས་ཚན་རྩལ་གླིང་ཁུལ་གྱི་འཛུགས་སྐྲུན་དེ་གྲོང་གསེབ་ཀྱིས་སྒུལ་ནུས་གསར་སྐྲུན་བྱས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པའི་བྱེད་ནུས་འདོན་སྤེལ་བྱ་དགོས། རིག་ལྡན་གྲོང་གསེབ་ཀྱི་ཚན་རྩལ་འདེགས་སྐྱོར་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཞིང་སྡེ་ཆ་འཕྲིན་ཅན་གྱི་ཚན་རྩལ་ཞབས་ཕྱི་དང་གྲངས་མཛོད་ཆེན་མོའི་ཟོང་སྦྲེལ་དྲ་བའི་ལག་རྩལ་བཀོལ་ཤུགས་ཇེ་དྲག་ཏུ་བཏང་ནས་ཚན་རྩལ་ཞབས་ཕྱི་ལེགས་སྒྱུར་བྱ་དགོས། ཚན་རིག་ལག་རྩལ་ཤེས་བྱ་ཁྱབ་བརྡལ་དང་ཚན་རིག་བྱེད་ཐབས་དར་སྤེལ། ཚན་རིག་བསམ་བློ་བརྒྱུད་སྒྲོག་བྱས་ཏེ། རོང་འབྲོག་པའི་ཚན་རིག་བྱང་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏང་དགོས།

    (ལྔ།) གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་འཆར་འགོད་བློ་ཞིབ་མོས་བཟོ་འགོད་བྱ་དགོས། ད་ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་འཆར་འགོད(2018ལོ་ནས2022ལོའི་བར)གཏན་འབེབས་བྱས་ནས། དམིགས་འབེན་ལས་འགན་ངེས་གསལ་དང་། བྱ་བའི་གཙོ་གནད་དང་སྲིད་ཇུས་བྱེད་ཐབས་ཞིབ་ཚགས་ཅན་དང་དོན་དམ་ཅན་དུ་གཏང་བ་དང་། བཟོ་འགོད་གལ་ཆེན་དང་འཆར་གཞི་གལ་ཆེན། འགུལ་སྐྱོད་གལ་ཆེན་འགའ་བཀོད་སྒྲིག་བྱ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲོང་གསེབ་དར་སྤེལ་གྱི་ས་གནས་འཆར་འགོད་དང་ཆེད་དོན་གྱི་འཆར་འགོད་དམ་ཇུས་གཞི་བཟོ་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་འཆར་འགོད་རིགས་སོ་སོར་གཅིག་གྱུར་གྱིས་དོ་དམ་དང་མ་ལག་སྦྲེལ་མཐུད་ཐད་ལ་ཤུགས་བསྣན་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་གཞི་གཅིག་ཅན། འཆར་མང་གཅིག་སྒྲིལ་གྱི་འཆར་འགོད་མ་ལག་ཆགས་པར་བྱ་དགོས། འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་དགོས་མཁོ་ལྟར་རིགས་བཀར་ནས་གྲོང་གསེབ་དར་སྤེལ་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱ་དགོས་ཤིང་། ཆ་རྐྱེན་འཛོམས་པའི་སྡེ་བར་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱི་དེ་ཞིང་སྡེའི་ཕྱོགས་སུ་བསྲིང་བར་སྐུལ་འདེད་བྱེད་པ་དང་། རང་བྱུང་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་སྡེ་བར་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་སྒོས་སྲུང་སྐྱོབ་དང་གོང་སྤེལ་དུ་གཏང་དགོས། འཚོ་གནས་ཆ་རྐྱེན་སྡུག་པོ་དང་སྐྱེ་ཁམས་ཁོར་ཡུག་ཉམ་ཞན་པའི་སྡེ་བར་སྐྱེ་ཁམས་ཡུལ་མི་གནས་སྤོ་བྱེད་ཤུགས་ཆེ་རུ་གཏང་དགོས། ཡུལ་བབ་དང་བསྟུན་ཞིང་ས་ཁོངས་མི་འདྲ་བའི་ཁྱད་ཆོས་དང་ཐོན་ཁུངས་ཀྱི་རང་སྤུས་གཞིར་བཟུང་སྟེ་སྔོན་ལ་ཚོད་ལྟ་བྱས་ཏེ། ཉམས་མྱོང་སྤྱི་བསྡོམས་བྱས་ནས་རིམ་གྱིས་ཁྱབ་སྤེལ་བྱ་དགོས།

   (དྲུག)  “ཞིང་གསུམ”བྱ་བའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་དགོས།  “ཞིང་གསུམ”བྱ་བའི་དཔུང་སྡེ་འཛུགས་སྐྲུན་དེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ཡོངས་ཀྱི་ཁྲོད་དུ་བཀོད་ནས། ཞིང་ལས་ཤེས་པ་དང་ཞིང་སྡེར་དུང་བ། ཞིང་པར་དགའ་ཞེན་ཡོད་པའི“ཞིང་གསུམ”བྱ་བའི་དཔུང་སྡེ་ཞིག་འཛུགས་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ལས་བྱེད་པ་གཙོ་བོས“ཞིང་གསུམ”བྱ་བ་ཤེས་པ་དང“ཞིང་གསུམ”བྱ་བ་འཛིན་ཤེས་དགོས་ལ། ལས་བགོས་འགན་གཉེར་གྱི་མགོ་ཁྲིད་པ་དེ་ངེས་པ་དོན་གྱི“ཞིང་གསུམ”བྱ་བའི་ཆེད་མཁས་པར་འགྱུར་དགོས། གྲོང་གསེབ་ཀྱི་ལས་བྱེད་པར་སློབ་གསོའི་གསོ་སྦྱོང་ཐད་ལ་ཤུགས་བསྣན་ཏེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱིས་རིམ་པ་བཀར་ཏེ་ཞང་རྡལ་གྱི་ལས་བྱེད་པ་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་ལ་སློབ་གསོའི་གསོ་སྦྱོང་བྱེད་པ་དང་། སྐབས་གཅིག་གི་འགན་སྒྲུབ་དུས་ཡུན་ནང་དུ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་སྐོར་གྱི་ཁོངས་མིར་སློབ་གསོའི་གསོ་སྦྱོང་ཡོངས་སུ་ཁེབས་པ་མངོན་འགྱུར་བྱ་དགོས།  “ཞིང་གསུམ”ལས་བྱེད་པའི་དཔུང་སྡེའི་ནུས་ཤུགས་དང་ཆུ་ཚད་ཁྱོན་ཡོངས་ནས་ཇེ་ཆེ་ཇེ་མཐོར་གཏང་དགོས་ཤིང་། རྫོང་རིམ་པའི“ཞིང་གསུམ”བྱ་བའི་སྡེ་ཁག་དང་ཞང་རྡལ་གྱི་ལས་བྱེད་པའི་ཡོང་ཁུངས་ཀྱི་ཐབས་ལམ་རྒྱ་བསྐྱེད་དགོས། གྲོང་གསེབ་ཀྱི་འཐབ་ཕྱོགས་དང་པོ་རུ་བྱ་བ་བསྒྲུབས་ནས་སྦྱོང་བརྡར་བྱེད་པ་དེ་ལས་བྱེད་པ་གསོ་སྐྱོང་གི་ཐབས་ལམ་གལ་ཆེན་དུ་འཛིན་པ་དང་། གྲུབ་འབྲས་ཕུལ་དུ་བྱུང་བའི་ལས་བྱེད་པ་བསྐོ་འཐེན་བྱ་རྒྱུར་དོ་སྣང་བྱས་ནས། འཇོན་མི་རོང་འབྲོག་ཁུལ་གྱི་གཞི་རིམ་འཐབ་ཕྱོགས་དང་པོའི་ཕྱོགས་སུ་སྐྱོད་པའི་མི་བཀོལ་པའི་ཁྲིད་ཕྱོགས་ཆགས་པར་བྱ་དགོས།

       ཞིང་ཆེན་གོང་འོག་ཡོངས་སུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་སུ་དམ་པོར་བཅངས་ཤིང་། དཀའ་སྤྱད་འབད་བརྩོན་གྱིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་དང་། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་བྱས་རྗེས་གསར་པ་འཇོག་དགོས།


མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གློག་འཕྲིན།
2018ལོའི་ཟླ3པའི་ཚེས7ཉིན།