ཝང་གོ་ཧྲེང་གིས་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ།

ཟླ༣པའི་ཚེས༧ཉིན་གྱི་སྔ་དྲོར། མཚོ་སྔོན་འཐུས་ཚབ་ཚོགས་པས་སྨྱན་བྱད་བསུ་བའི་བྱེད་སྒོ་སྤེལ་ཞིང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་གོ་ཧྲེང་གིས་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་ལ་དང་ལེན་བྱས།

ཁོང་གིས་གསར་འགོད་པར།  མཚོ་སྔོན་འདྲ་བའི་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་དུ་ལས་གཉེར་བ་ཞིག་ལ་མཚོན་ན།  ཆབ་སྲིད་ཀྱི་འགན་ཆེ་ཤོས་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བར་མཐུན་སྒྲིལ་དམ་པོ་བྱས་ནས་ཏང་གི་ཁ་ལ་ཉན་ཞིང་རྗེས་སུ་འབྲངས་བར་སྣེ་འཁྲིད་རྒྱུ་དེ་ཡིན་པས། ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་འདི་འཁུར་དུ་འཁྱེར་དགོས་ན་ངེས་པར་དུ་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རིམ་པ་ཁག་གི་ཏང་ཡོན་དང་འགོ་ཁྲིད། ལས་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་སྣེ་འཁྲིད་ནུས་པ་དང་། བསམ་བློར་སྣེ་སྟོན།  མང་ཚོགས་སྒྲིག་འཛུགས་ཀྱི་ནུས་པ། སྤྱི་ཚོགས་འབོད་སྐུལ་གྱི་ནུས་པ་སོགས་མུ་མཐུད་ནས་ཇེ་མཐོར་གཏང་རྒྱུ་དེ་ཡིན་ཟེར།

ཏང་གི་ཁ་ལ་ཉན་ཞིང་རྗེས་སུ་འབྲངས་བར་སྣེ་འཁྲིད་དགོས་ན་མང་ཚོགས་བར་གྱི་འབྲེལ་འདྲིས་ཆད་མི་རུང་། ང་ཚོའི་རིམ་ཁག་ལས་བྱེད་པ་རྣམས་གཞི་རིམ་མང་ཚོགས་གྱི་གམ་དུ་བསྡད་ནས་ཁོ་ཚོས་དྲན་ཚུལ་དང་འདོད་མོས་ལ་རྒྱུས་ལོན་བྱེད་དགོས།  ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་གྱི་གོ་རིམ་ནང་ང་ཚོས་ལྗང་མདོག་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་། དམངས་ཚིས་ལེགས་བཅོས། སྤྱི་ཚོགས་དང་ཆབ་སྲིད་ལ་སོགས་པའི་གནད་དོན་འགངས་ཆེན་སྙིང་བོར་བཟུང་ནས་རྟོག་ཞིབ་བྱས་པ་དང་། མང་ཚོགས་ཀྱི་བསམ་འཆར་ལ་ཉན་ཞིང་། མང་ཚོགས་ཀྱི་རེ་བ་དང་ལེན། དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བཅས་བྱས་པ་ཡིན།  མི་རིགས་ཁག་གི་མང་ཚོགས་ལ་མཚོན་ན་ཡང་འབྱུང་འགྱུར་ལ་རེ་བ་ཆེན་པོ་དང་། ང་ཚོ་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་གདེང་ཚོད་ཆེན་པོ་ཡོད་པས།  བློ་བརྟན་འགྱུར་མེད་ངང་ཏང་གི་ཁ་ལ་ཉན་ཞིང་རྗེས་སུ་འབྲངས་ན་ད་གཟོད་བདེ་སྐྱིད་ཀྱི་འཚོ་བ་སྔར་ལས་ཡག་པོ་བསྐྱལ་ཐུབ་ངེས་ཡིན་ཟེར།  

མང་ཚོགས་ཀྱིས་ཏང་གི་ཁར་ཉན་ཞིང་རྗེས་སུ་འབྲངས་བར་སྣེ་འཁྲིད་དགོས་ན། མི་དམངས་མང་ཚོགས་ཀྱི་དོན་དག་བསྒྲུབས་ནས་མི་དམངས་ལ་ཞབས་འདེགས་བཟང་བོ་ཞུ་རྒྱུ་དེ་ཡིན། མཚོ་སྔོན་ནི་ནོར་སྲིད་ཆུང་ངུས་དམངས་ཚིས་ཆེན་པོ་བསྒྲུབས་པའི་ཞིང་ཆེན་ཞིག་ཡིན། བརྒྱ་ཆའི༧༥ཡི་ནོར་སྲིད་ཀྱི་མ་དངུལ་དམངས་ཚིས་ལེགས་བཅོས་ཐད་བཀོལ་སྤྱོད་བྱེད་ཀྱི་ཡོད།   ལོ་ལྔའི་ནང་དབུལ་སྒྲོལ་མི་འབོར་ཁྲི་བརྒྱ་ལ་ཉེ་བ་དང་། སྣོད་བཅུད་ལྟ་སྐྱོང་གི་ལས་གནས་ཁྲི༡༤ཡོད་པས།  སྣོད་བཅུད་སྲུང་སྐྱོབ་ཀྱི་ཞོར་དུ་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་སོང་ཡོད་ལ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་སུམ་ཆའི་གཅིག་གི་མི་འབོར་གྱི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད།  ལོ་ལྔའི་ནང་ནི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་དང་ཐོབ་སྐལ་གྱི་ཚོར་བ་ཆེས་མང་ལ་ཆེས་ཆེ་བའི་དུས་ཡིན།  ང་ཚོས་མི་དམངས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ནས་ཉིན་རེར་ཡག་པོ་ཡོང་ཆེད་ལ་དམངས་ཚིས་དོན་དངོས་སྒྲུབ་པའི་ལས་གཞི་སྐོར་ཞིག་མུ་མཐུད་ནས་ལག་བསྟར་བྱ་རྒྱུ་ཡིན་ཟེར།  

མང་ཚོགས་ཀྱིས་ཏང་གི་ཁར་ཉན་ཞིང་ཏང་གི་རྗེས་སུ་འབྲངས་བར་སྣེ་འཁྲིད་དགོས་ན།  སློབ་གསོའི་སློབ་སྟོན་ལ་དང་དོད་ཆེན་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་ལ་བཅིངས་པའི་བརྩེ་སེམས་དེ་བྱ་སྤྱོད་ཐོག་མངོན་དུ་འཇུག་དགོས།   ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པར་ཟུང་དུ་སྦྲེལ་ནས་ཏང་ལ་དགའ་ཞེན་དང་། གཙོ་འཛིན་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་ཡོད་པའི་སློབ་གསོ་སྤེལ་དགོས་པ་མ་ཟད། མཚོ་སྔོན་ལ་དགའ་ཞེན་དང་། མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་ལེགས་སྐྱེས་འབུལ་བའི་རིན་ཐང་ལྟ་བ་དར་སྤེལ་ཆེན་པོ་བྱས་ནས་གཙོ་འཛིན་གྱིས་མི་དམངས་མང་ཚོགས་ལ་བཅིངས་པའི་བརྩེ་བ་བརྒྱུད་སྒྲོག་དང་། མི་དམངས་མང་ཚོགས་ཀྱིས་གཙོ་འཛིན་ལ་བཅིངས་པའི་བརྩེ་བ་བྱ་སྤྱོད་ཐོག་མངོན་དུ་བཅུག་ནས་ཏང་སེམས་དང་དམངས་སེམས་ཆུ་དང་འོ་མ་འདྲེས་པ་བཞིན་དུ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྟོབས་ཤུགས་ཆེན་པོ་བསྡུ་དགོས་ཟེར།

མཇུག་མཐར།  ཁོང་གིས་འདི་སྐད།  རབ་མཛེས་མཚོ་སྔོན་གྱི་རྗེས་དཔག་དགེ་མཚན་ཧ་ཅང་མངོན་གསལ་དོད་པོ་ཡིན་ལ། ཡངས་བའི་ཁྱོན་འདིར་གསོན་ཤུགས་ཀྱིས་ཀུན་ནས་ཕྱུག་ཡོད། མཚོ་སྔོན་ལ་འབྱོར་མཁན་ཚང་མས་བརྗེད་ཐབས་མེད་པའི་དྲན་ཚོར་བཅོས་མིན་ཞིག་བཞག་སོང་ཟེར་མཁན་མང་བས།   སྨྱན་བྱད་ལས་རིགས་ཀྱི་གྲོགས་པོ་ཚང་མ་མཚོ་སྔོན་དུ་ཡོང་ནས་རབ་མཛེས་མཚོ་སྔོན་གྱི་སྣོད་བཅུད་མཛེས་པ་དང་།འཕེལ་རྒྱས་ཀྱི་མཛེས་པ། རྩོལ་བྱུང་རིག་གནས་ཀྱི་མཛེས་པ་སོགས་ཀྲུང་གོ་དང་འཛམ་གླིང་ཡོངས་ལ་བསྒྲག་པར་སྙིང་ཐག་པ་ནས་དགའ་བསུ་ཞུ་ཞེས་ཟེར།

ལོ་ཙཱ་བ། ཁོན་ཐར་འཚོ།