སློབ་གྲྭ་ཆུང་འབྲིང་གི་གྲངས་རིག་གི་བྱ་དགའི་འགྲན་བསྡུར་ཁག་མང་པོ་ཞིག་སྤེལ་མཚམས་གཅོད་དུ་བཅུག་པ།

ཉེ་ལམ་སློབ་གསོ་པུའུ་དང་དམངས་སྲིད་པུའུ་ལ་སོགས་པའི་སྡེ་ཚན་བཞིས་མཉམ་འབྲེལ་ཐོག་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སློབ་ཕྱིའི་ཁུར་བོ་ཇེ་ཡང་དུ་གཏང་ཆེད་སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་ལ་ཆེད་དོན་དག་ཐེར་བྱེད་སྐོར་གྱི་བརྡ་ཐོ་འོག་རིམ་ལ་བཀྲམས།

བརྡ་ཐོའི་ནང་སློབ་ཕྱིའི་ཟབ་སྦྱོང་རྩ་འཛུགས་ལས་ཁུངས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རིམ་དབྱེ་རྒྱུགས་ལེན་དང་འགྲན་བསྡུར་རྩ་འཛུགས་གཏན་ནས་བྱེད་མི་རུང་པ་མ་ཟད། སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་ཀྱི་ཟབ་སྦྱོང་གྲུབ་འབྲས་དང་སློབ་གྲྭ་ཆུང་འབྲིང་གི་སློབ་བསྡུ་སློབ་ཞུགས་གཉིས་ཟུང་འབྲེལ་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྩད་གཅོད་ནན་མོ་བྱས་ནས་ཆད་པ་གཅད་རྒྱུ་ཞེས་བླང་བྱ་བཏོན་ཡོད།  འདི་ནི་འབྲེལ་ཡོད་སྡེ་ཚན་གྱིས་འོས་འགན་སློབ་གསོའི་དུས་རིམ་ནང་གི་ཟབ་སྦྱོང་རྩ་འཛུགས་ལས་ཁུངས་ཀྱིས་བྱ་དགའི་འགྲན་བསྡུར་སྤེལ་མི་རུང་ཞེས་བཀའ་ནན་བསྒྲགས་པ་ཐེངས་དང་པོ་མ་ཡིན།

སློབ་གྲྭའི་ཐོན་ཁུངས་ཀྱི་མི་འདང་བ་ལ་ཟབ་སྦྱོང་ལས་ཁུངས་ཀྱིས་ཁ་གསབ་མི་བྱེད་ཐབས་མེད་ཡིན་པ།

སློབ་གྲྭས་སློབ་མར་སྤྱི་ཚོགས་ཉམས་ལེན་རིགས་ཀྱི་ལས་བྱ་མང་པོ་བགོ་བ་ལྟ་བུར་མཚོན་ན། སློབ་གྲྭ་རང་ངོས་ནས་དེ་འགྲུབ་པར་ཐོན་ཁུངས་མེད་ཕྱིར་མཐའ་མཇུག་སློབ་མའི་ཁྱིམ་བདག་གི་ཐོན་ཁུངས་ལ་བརྟེན་ནས་འགྲུབ་དགོས་པ་ཞིག་ཡིན། ༡༩༥༥ལོར་སློབ་གསོ་པུའུ་ཡིས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཁུར་བོ་ཇེ་ཡང་དུ་གཏང་དགོས་སྐོར་གྱི་སློབ་སྟོན་ཁྱབ་བསྒྲགས་བྱས་ཚུན་དུ།  རྒྱལ་ཁབ་ཀྱི་ངོས་ཕྱོགས་ནས་ཐེངས་དགུ་ལ་བཀའ་བསྒྲགས་པ་དང་། ས་གནས་ནས་ཁུར་བོ་ཡང་དུ་གཏང་དགོས་ཀྱི་བཀའ་ཐེངས་བརྒྱ་ཁ་ལྷག་བསྒྲགས་ཡོད།

སློབ་ཆུང་སློབ་མའི་ཟབ་སྦྱོང་གི་འགྲོ་གྲོན་མཐོ་གསུམ་སློབ་མ་ལས་ཀྱང་མཐོ་བ།

སློབ་གསོའི་ཐོན་ཁུངས་དོ་མི་མཉམ་པའི་དབང་གིས་ཁྱིམ་བདག་རྣམས་ཀྱིས་རེ་བ་ཉག་ཅིག་ཡོད་ཚེ་དེ་ལ་འཇུག་ཅི་ཐུབ་བྱེད་པ་ཡིན།  གསར་འགོད་པས་པེ་ཅིང་གི་ཟབ་སྦྱོང་རྩ་འཛུགས་ལས་ཁུངས་ཁག་ནས་རྩད་འདྲི་བྱས་པར་ལྟར་ན། གྲངས་རིག་བསླབ་ཚན་ལྟ་བུར་མཚོན་ན། སློབ་ཆུང་གི་ལོ་རིམ་གསུམ་པའི་སློབ་མའི་སློབ་རིན་མཐོ་འབྲིང་ལོ་རིམ་གསུམ་པའི་ལྡབ་གཉིས་ཡིན་ཞིང་། ཆུ་ཚོད་གཉིས་དང་སྐར་མ་ཕྱེད་ཀའི་བསླབ་ཁྲིད་ལ་དཔེ་བཞག་ན།  མཐོ་གསུམ་གྱི་གྲངས་རིག་ཟུར་ཁྲིད་ཐེངས་བརྒྱད་ནས་བཅུའི་བར་གྱི་སློབ་རིན་ནི་སྒོར༡༠༠༠ནས་སྒོར༡༥༠༠ཡས་མས་ཡིན་པ་དང་། སློབ་ཆུང་གི་སློབ་རིན་ནི་སྒོར༢༠༠༠ནས་སྒོར༣༠༠༠ཡས་མས་ཡིན་པ་རེད།

རྩ་བའི་བཅོས་ཐབས་ནི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏང་དགོས་པ་དེ་ཡིན།

དོན་དངོས་སུ་སློབ་གསོ་སྡེ་ཚན་གྱིས་གཞུང་གཉེར་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱིས་སློབ་གྲྭའི་ཕྱི་རོལ་ཏུ་སློབ་ཁྲིད་བྱེད་པ་ལ་ཚོད་འཛིན་ནན་མོ་བྱས་ཡོད་པ་བཞིན་དུ་ཐེངས་འདིའི་སྡེ་ཚན་བཞིའི་མཉམ་འབྲེལ་ཐོག་གཤམ་བསྒྲགས་ཀྱི་བརྡ་ཐོའི་ནང་དུ་ཡང་། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ལ་ལས་སློབ་ཁྲིད་དངོས་ཀྱི་སྐབས་སུ་སློབ་མ་རྣམས་ལ་འཁྲིད་ཐབས་ཙམ་བྱས་ནས་སློབ་ཕྱིའི་ཟུར་ཁྲིད་ཀྱི་ཁྲོད་དུ་སློབ་ཁྲིད་ཡག་པོ་བྱེད་པ་དང་། སློབ་མ་རྣམས་སློབ་ཕྱིའི་ཟབ་སྦྱོང་དུ་འཇམ་འཁྲིད་དང་ཡང་ན་བཙན་གྱིས་འཇུག་པ་ལ་སོགས་པའི་བྱེད་སྤྱོད་ལ་མཐའ་གཅིག་ཏུ་རྩད་གཅོད་ནན་མོ་བྱེད་རྒྱུ་སྐོར་བསྟན་འདུག

དམངས་གཉེར་སློབ་གྲྭ་མང་པོས་བྱ་དགའི་འགྲན་བསྡུར་ཞེས་པའི་ཟབ་སྦྱོང་དགེ་རྒན་དག་ནི་དོན་དམ་སློབ་གྲྭ་ནང་ཁུལ་གྱི་དགེ་རྒན་མིན་ཡང་། ཕྱི་ཕྱོགས་ལ་སློབ་གྲྭ་གྲགས་ཅན་གྱི་མཐར་ཕྱིན་སློབ་མ་ཡིན་ཞེས་བསྒྲགས་ཀྱི་ཡོད། དེ་ལྟ་ན་ཡང་སློབ་གྲྭ་གྲགས་ཅན་གྱི་མཐར་ཕྱིན་སློབ་མ་ཡོད་དོ་ཅོག་གིས་ཟབ་སྦྱོང་གི་སློབ་ཁྲིད་ཡག་པོ་བྱེད་ཐུབ་ཅེས་ན་ཁག་ཐེག་བྱེད་ཁག་པོ་རེད། དགེ་རྒན་དེ་དག་ལས་སློབ་གྲྭ་ཆུང་འབྲིང་གི་ཨོ་གྲངས་ཁྲིད་མཁན་ལ་ལ་ནི་སློབ་མའི་ནང་ཨོ་གྲངས་ཀྱི་བྱ་དགའ་ཐོབ་མྱོང་བའི་སློབ་མ་རྩེ་གྲ་ཡིན་པའི་དབང་དུ་བཏང་ཡང་། ཚད་ལྡན་གྱི་དགེ་འོས་སློབ་གསོ་མྱོང་མེད་པས།  རང་ཉིད་ཨོ་གྲངས་བརྩི་ཚུལ་ལ་བྱང་ཆ་ཧ་ཅང་ལྡན་ཡང་སློབ་ཁྲིད་ཀྱི་དུས་ལ་སློབ་མའི་བློ་ཁ་དང་འཚམ་པོ་ཞིག་ཁྲིད་ཐུབ་པ་ཁག་པོ་ཡོང་ངེས། དེ་ནི་ཁོ་ཚོ་དང་སློབ་གྲྭའི་དགེ་རྒན་བར་གྱི་མི་འདྲ་ས་ཡིན་ཞེས་ཟབ་སྦྱོང་རྩ་འཛུགས་ལས་ཁུངས་ཀྱི་ལས་བྱེད་པས་གསར་འགོད་པར་དེ་ལྟར་བརྗོད་བྱུང་།

འོས་འགན་སློབ་གསོའི་དུས་རིམ་ནང་གི་སློབ་ཕྱིའི་འཛིན་གྲྭའི་ཚོང་གཉེར་གྱི་གོ་སྐབས་ལ་རྔམ་མཁན་ནི་ཟབ་སྦྱོང་རྩ་འཛུགས་ལས་ཁུངས་གཅིག་པུ་མ་ཡིན་པར་སྤྱི་ཚོགས་ཀྱི་ཚོགས་པ་རྫུན་པ་འགས་ཀྱང་གོ་སྐབས་དེར་བརྟེན་ནས་སློབ་ཆུང་སློབ་མར་ཕྱོགས་པའི་བྱ་དགའི་འགྲན་བསྡུར་སྣ་ཚོགས་སྤེལ་གྱི་ཡོད་ཅིང་། དེ་དག་ཐོ་འགོད་ཀྱི་ཚད་བཀག་མེད་ལ་ཐོ་འགོད་རིན་པ་སྤྲད་ན་ལས་སླ་བོར་འཇུག་ཐུབ་པའི་མི་ཚད། ཐ་ན་ཐོན་ལས་ཀྱི་མུ་རྒྱུད་ཅིག་གྲུབ་ཡོད་པ་རེད།  ཁྱིམ་བདག་རྣམས་ཀྱི་རེ་བ་ནི།  ཟབ་སྦྱོང་གི་སློབ་གྲྭ་གཉེར་མཁན་སུ་ཡིན་ཡང་བུ་ཕྲུག་གི་བསླབ་བྱའི་སྦྱངས་གཞི་ཡག་པོ་ཞིག་ཤེས་ཐུབ་ཅིང་། སློབ་གྲྭ་ལེགས་ཤོས་ཤིག་ཏུ་འཇུག་ཐུབ་ཚེ་མ་དངུལ་ག་འདྲ་གཏང་དགོས་རུང་བཏང་ཆོག་ཆོག་ཡིན་པ་དང་།  གལ་ཏེ་བྱ་དགའི་འགྲན་སྡུར་ནང་ཞུགས་མེད་པ་དང་བསླབ་གཞི་མང་པོ་ཞིག་གཞན་པའི་རྗེས་སུ་ལུས་ཚེ་ཅི་བྱ་ཞེས་པའི་བློ་འཚབ་པོ་དེ་འདྲ་ཞིག་གིས་ཀུན་ནས་བསླངས་ཡོད།

སློབ་གསོ་པུའུ་སོགས་སྡེ་ཚན་བཞིའི་འབྲེལ་ཡོད་འགན་འཁུར་བས་དེའི་ཕྱོགས་ལ་ཡང་ལན་གསལ་བོ་ཞིག་སྐྱོན་བྱུང་བ་ནི།  འབྲེལ་ཡོད་སྡེ་ཚན་གྱིས་འོས་འགན་སློབ་གསོའི་སློབ་འཁྲིད་བཅོས་སྒྱུར་དང་མཐོ་འབྲིང་སློབ་གྲྭ་དཀྱུས་མའི་མི་སྤུས་སྐྱེད་སྲིང་བྱེད་ཐབས་བཅོས་སྒྱུར་གཉིས་ལ་བྱེད་ཐབས་ལེགས་པོ་ཞིག་བཟོ་བའི་སྐོར་གྱི་བསམ་འཆར་ལ་ཞིབ་འཇུག་ལེགས་པོ་བྱས་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཀ་སྔར་བས་མཐོར་འདེགས་དང་།  སློབ་གྲྭའི་ཞབས་ཞུ་འཐུས་ཚང་། མི་སྤུས་བཟང་བོ་སྐྱེད་སྲིང་ནུས་པ་ཇེ་དྲག་བཅས་སུ་བཏང་ནས་རྒྱ་ཆེའི་སློབ་མ་རྣམས་དང་ཁྱིམ་བདག་རྣམས་ཀྱིས་སློབ་ཕྱིའི་ཟབ་སྦྱོང་ལ་བཅིངས་པའི་རེ་བ་ཇེ་ཞན་དུ་གཏང་རྒྱུ་ཡིན་ཟེར།

ཟབ་སྦྱོང་ལས་ཁུངས་ལ་བཅོས་སྐྱོང་བྱེད་པའི་བརྡ་ཐོ་བསྒྲགས་པའི་དུས་མཚུངས་སུ།  སློབ་གསོ་སྡེ་ཚན་གྱིས་《༢༠༡༨ལོའི་སློབ་གྲྭ་ཆུང་འབྲིང་དཀྱུས་མའི་སློབ་བསྡུ་སློབ་ཞུགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་སྐོར་གྱི་བརྡ་ཐོ》བཀྲམས་ཤིང་། བརྡ་ཐོའི་ནང་དུ་སློབ་ཆུང་ལ་ཐོ་འགོད་ནང་ཞུགས་ཀྱི་བྱེད་ཐབས་བཀོལ་དགོས་པ་དང་། སློབ་འབྲིང་ལ་ཐོ་འགོད་དམ་ཡང་ན་དེ་བསྟུན་གྱི་སློབ་འཕར་ནང་ཞུགས་བྱེད་ཐབས་སྤྱོད་དགོས་པ་མ་ཟད། སློབ་གྲྭ་མང་པོ་ཡུག་བགོས་ཀྱི་ས་གནས་སློབ་ཆུང་དང་སློབ་འབྲིང་གིས་བབ་བསྟུན་ཨང་བསྒྲིགས་ལྟར་སློབ་གྲྭ་ཞུགས་ཐབས་སྤྱད་དེ་སློབ་ཞུགས་ཀྱི་གོ་སྐབས་འདྲ་མཉམ་ཡོང་བར་འགན་སྲུང་བྱེད་རྒྱུ། གཞན་ཡང་སློབ་ཆུང་ནས་སློབ་འབྲིང་དུ་འཕར་དུས་བཟང་ངན་གཉིས་ཟུང་འབྲེལ་གྱི་རྩ་དོན་ལྟར་དུ་སློབ་འབྲིང་དང་སློབ་ཆུང་གཉིས་སྡེབ་སྒྲིག་ལུགས་མཐུན་བྱ་རྒྱུ། ཟབ་སྦྱོང་ལས་ཁུངས་འགས་དམིགས་བསལ་ཁྱད་ཆོས་ཅན་གྱི་སློབ་མར་ཁ་གཡར་བའི་ད་ཡོད་ཀྱི་གནད་དོན་དེ་རིམ་བཞིན་ཇེ་ཆུང་ཇེ་ཉུང་དུ་བཏང་ནས༢༠༢༠ལོར་ཁྱོན་ནས་མེད་པར་བཟོ་རྒྱུ་ཞེས་བླང་བྱ་བཏོན་འདུག

ལོ་ཙཱ་བ། ཁོན་ཐར་འཚོ།