གཉེན་སྒྲིག་བཅའ་ཁྲིམས།

༡ གཉེན་སྒྲིག་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ཅི།

གཉེན་སྒྲིག་རང་མོས་དང་ཁྱོ་གཅིག་ཤུག་གཅིག ཕོ་མོ་འདྲ་མཉམ་བཅས་ཀྱི་གཉེན་སྒྲིག་ལམ་ལུགས་ལག་བསྟར་བྱེད་པ་དང་། བུད་མེད་དང་བྱིས་པ། རྒན་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། འཆར་ལྡན་བུ་སྐྱེས་ལག་བསྟར་བྱེད་པ་བཅས་སོ།  

༢ བཅའ་ཁྲིམས་ལས་གཉེན་སྒྲིག་ཐོ་འགོད་ལ་གཏན་ཁེལ་ཇི་ལྟར་བྱས་ཡོད།

གཉེན་སྒྲིག་བྱེད་པའི་ཕོ་མོ་ཕྱོགས་གཉིས་ཀ་ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་ཡོང་ནས་ཐོ་འགོད་བྱེད་དགོས་ཤིང་། བཅའ་ཁྲིམས་གཏན་འབེབས་དང་མཐུན་ཚེ། ཐོ་འགོད་བྱེད་དུ་བཅུག་ནས། གཉེན་སྒྲིག་དཔང་ཡིག་གནང་དགོས།  གཉེན་སྒྲིག་དཔང་ཡིག་བླངས་རྗེས་ཁྱོ་ཤུག་གི་འབྲེལ་བ་གཏན་ཁེལ་བྱས་པ་ཡིན། གཉེན་སྒྲིག་ཐོ་འགོད་བྱས་མེད་པ་དག་གིས་ཐོ་འགོད་འགྲོ་ལུགས་གསབ་སྒྲུབ་བྱེད་དགོས།

༣  གནས་ཚུལ་གང་དག་ནི་ལྟར་སྣང་གཉེན་སྒྲིག་གི་ཁོངས་སུ་གཏོགས།

༼ ༡ ༽ ཟླ་ཡོད་གཉེན་སྒྲིག

༼ ༢ ༽ གཉེན་སྒྲིག་བྱས་མི་ཆོག་པའི་གཉེན་ཚན་གྱི་འབྲེལ་བ་ཡོད་པ།

༼ ༣ ༽གཉེན་མ་སྒྲིག་སྔོན་དུ་གསོ་རིག་གིས་གཉེན་སྒྲིག་བྱེད་མི་རུང་བར་འདོད་པའི་ནད་ཕོག་ཡོད་པ་དང་། གཉེན་སྒྲིག་བྱས་རྗེས་དྲག་སྐྱེད་མ་བྱུང་བའི་གྲས།

༼ ༤ ༽ ཁྲིམས་བཀོད་གཉེན་སྒྲིག་ལོ་ཚོད་ལ་ཐོན་མེད་པ།

༤  གཉེན་སྒྲིག་བཅའ་ཁྲིམས་ཀྱིས་གཉེན་སྒྲིག་གང་དག་བཀག་འགོག་བྱེད་པ་ཡིན།

༼ ༡ ༽ དངོས་རྒྱུད་རྩ་ཉེ་དང་མི་རབས་གསུམ་ནང་ཚུན་གྱི་འགྲམ་ལག་ཁྲག་གཉེན་གྱི་འབྲེལ་བ་ཡོད་པ། ༼ ༢ ༽   གསོ་རིག་ལས་གཉེན་སྒྲིག་བྱེད་མི་རུང་བར་འདོད་པའི་ནད་ཕོག་ཡོད་པ།

༥  གང་དག་ནི་ཁྱོ་ཤུག་ཐུན་མོང་གི་རྒྱུ་རྫས་ཡིན།

ཁྱོ་ཤུག་གཉིས་ཀའི་གཉེན་སྒྲིག་གི་འབྲེལ་བ་རྒྱུན་མཐུད་སྐབས་ཐོབ་པའི་གཤམ་གྱི་རྒྱུ་རྫས་དག་ནི་ཁྱོ་ཤུག་ཐུན་མོང་ལ་དབང་བ་ཡིན།

༼ ༡ ༽གླ་ཕོགས་དང་བྱ་དགའ།

༼ ༢ ༽ཐོན་སྐྱེད་དང་ཚོང་གཉེར་གྱི་ཡོང་འབབ།

༼ ༣ ༽ཤེས་ཡོན་ཐོན་དངོས་བདག་དབང་གི་ཡོང་འབབ།

༼ ༤ ༽ཤུལ་འཛིན་དང་ལེགས་སྐྱེས་སུ་གནང་བ་ལས་ཐོབ་པའི་རྒྱུ་རྫས། འོན་ཀྱང་གཉེན་སྒྲིག་བཅའ་ཁྲིམས་ལས་གཏན་འབེབས་ལྟར་ཁ་ཆེམས་སམ་ཡང་ན་ལེགས་སྐྱེས་གནང་རྒྱུའི་སྐོར་གྱི་གན་རྒྱའི་ཁྲོད་ཁྱོའམ་ཤུག་ཕྱོགས་གཅིག་ལ་དབང་བར་གཏན་ཁེལ་བྱས་ཡོད་པའི་རྒྱུ་རྫས་ཕུད།  

༼ ༥ ༽ཕྱོགས་གཅིག་གིས་མི་སྒེར་རྒྱུ་རྫས་ཀྱི་མ་དངུལ་བཏང་ནས་བླངས་པའི་ཡོང་འབབ།

༼ ༦ ༽ཕོ་མོ་ཕྱོགས་གཉིས་ཀར་དངོས་ཡོད་ཀྱིས་ཐོབ་པའམ་ཡང་ན་ཐོབ་འོས་པའི་སྡོད་ཁང་ཁ་གསབ་དང་སྡོད་ཁང་སྤྱི་གསོག་མ་དངུལ།

༼ ༧ ༽ཕོ་མོ་ཕྱོགས་གཉིས་ཀར་དངོས་ཡོད་ཀྱིས་ཐོབ་པའམ་ཡང་ན་ཐོབ་འོས་པའི་རྒན་གསོ་འགན་བཅོལ་མ་དངུལ་དང་མ་རྩ་རྡིབ་པའི་བཀོད་སྒྲིག་གྲོན་དངུལ།

༦ རང་རྒྱལ་གྱི་ཁྲིམས་བཀོད་གཉེན་སྒྲིག་ལོ་ཚོད་དུ་ཡིན།

གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན6པའི་ནང་གཏན་འབེབས་བྱས་པའི་ཁྲིམས་བཀོད་གཉེན་སྒྲིག་ལོ་ཚོད་ནི། ཕོ་ལོ་ཉེར་གཉིས་དང་མོ་ལོ་ཉི་ཤུ་སོན་དགོས། ཁྲིམས་བཀོད་གཉེན་སྒྲིག་ལོ་ཚོད་ཀྱིས་ཁྲིམས་འགལ་གཉེན་སྒྲིག་དང་ཁྲིམས་མཐུན་གཉེན་སྒྲིག་གི་ལོ་ཚད་དབྱེ་མཚམས་གསལ་འབྱེད་བྱས་ཡོད། ཁྲིམས་བཀོད་གཉེན་སྒྲིག་གི་ལོ་ཚད་ལ་སླེབས་ཚེ། ད་བཟོད་གཉེན་སྒྲིག་བྱས་ཆོག དེ་ལྟར་མིན་ཚེ་ཁྲིམས་འགལ་ཡིན་པས། ལྟར་སྣང་གཉེན་སྒྲིག་གི་ཁོངས་སུ་གཏོགས་ཤིང་། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་མི་འཐོབ།

༧ ཅི་ཞིག་ལ་ཟླ་ཡོད་གཉེན་སྒྲིག་ཟེར། ཟླ་ཡོད་གཉེན་སྒྲིག་དང་དེ་མཚུངས་ཁྱིམ་ཚང་གི་གཏུམ་སྤྱོད། མནར་གཅོད། ཁྱིམ་མི་དོར་བ་ལས་གྲུབ་པའི་ནག་ཉེས་ལ་ཁྲིམས་ཆད་ཇི་ལྟར་གཅོད་དགོས།

ཟླ་ཡོད་གཉེན་སྒྲིག་ནི་བཟའ་ཟླ་ཡོད་བཞིན་དུ་གཞན་ལ་གཉེན་སྒྲིག་བྱེད་པའམ་ཡང་ན་གཞན་ལ་བཟའ་ཟླ་ཡོད་པ་ཤེས་བཞིན་དུ་གཉེན་སྒྲིག་བྱེད་པའི་བྱ་སྤྱོད་ལ་ཟེར། བཟའ་ཟླ་ཡོད་བཞིན་གཉེན་སྒྲིག་བྱས་པ་དང་། ཁྱིམ་དུ་གཏུམ་སྤྱོད་སྤེལ་བའམ་ཁྱིམ་མི་ལ་མནར་གཅོད་གཏོང་བ་དང་། ཁྱིམ་མི་དོར་བ་བཅས་ནི་ནག་ཉེས་སུ་གྲུབ་པས། ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་དགོས།  གནོད་འཚེ་ཐེབས་མཁན་གྱིས་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག  སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་མྱུལ་ཞིབ་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་གཞུང་གཏུག་བྱེད་དགོས།

༨ གཉེན་སྒྲིག་བཅའ་ཁྲིམས་ལས་གཉེན་འཐོར་ལ་གཏན་འབེབས་ཇི་ལྟར་བྱས་ཡོད།

ཕོ་མོ་གཉིས་ཀ་གཉེན་འཐོར་རང་འཐད་ཡིན་ཚེ། གཉེན་འཐོར་བྱས་ཆོག ཕྱོགས་གཉིས་ཀ་ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་ཡོང་ནས་གཉེན་འཐོར་རེ་ཞུ་བྱེད་དགོས། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་རྩད་གཅོད་གསལ་བོ་བྱས་ཏེ་ཕྱོགས་གཉིས་ཀ་དངོས་གནས་རང་མོས་ཡིན་པར་མ་ཟད། བུ་ཕྲུག་གི་སྙོར་སྐྱོང་དང་རྒྱུ་རྫས་ཀྱི་གནད་དོན་ཐག་གཅོད་བྱས་པ་འོས་འཚམ་ཡིན་ཚེ། ད་གཟོད་གཉེན་འཐོར་དཔང་ཡིག་གནང་ཆོག

༩ བུད་མེད་ལ་ཁྱིམ་གྱི་གཏུམ་སྤྱོད་ཐེབས་ན་ཇི་ལྟར་བྱ།

རང་ཉིད་གནས་སྡོད་བྱེད་སའི་སྡོད་ཁུལ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་འདུམ་སྒྲིག་དང་ཉེན་བརྡ་གཏོང་རོགས་བྱེད་དུ་འཇུག་པའམ་ཡང་ན་བདེན་དཔང་བཙལ་ནས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག

ལོ་ཙཱ་བ། ལྷ་དཔལ་སྐྱབས།