ངལ་རྩོལ་འགན་སྲུང་།

༡ ཅི་ཞིག་ལ་རྒན་གསོ་འགན་བཅོལ་ཟེར།

རྒན་གསོ་འགན་བཅོལ་ལ་སྤྱི་ཚོགས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ཡང་ཟེར། དེ་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ངེས་ཅན་ཞིག་གཞིར་བཟུང་སྟེ། ངལ་རྩོལ་པར་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ངལ་རྩོལ་འོས་འགན་གྱི་ངལ་རྩོལ་ལོ་ཚད་ལས་འདས་པའམ་ཡང་ན་ལོ་བགྲེས་པ་ལས་ངལ་རྩོལ་ནུས་པ་ཤོར་ཏེ་ངལ་རྩོལ་ལས་རྐང་ནས་ཕྱིར་བུད་རྗེས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་ཡོང་ཆེད་བཙུགས་པའི་སྤྱི་ཚོགས་ཀྱི་འགན་བཅོལ་ལམ་ལུགས་ཤིག་ཡིན།

༢ རང་རྒྱལ་གྱི་རྒན་གསོ་འགན་བཅོལ་ལམ་ལུགས་ནི་ག་འདྲ་ཞིག་ཡིན།

སྤྱི་ཚོགས་ཀྱི་གཅིག་གྱུར་འཆར་འགོད་དང་མི་སྒེར་གྱི་རྩིས་ཐོ་གཉིས་ཟུང་འབྲེལ་བྱས་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ནི་རང་རྒྱལ་གྱིས་འཛམ་གླིང་སྟེང་ཆེས་ཐོག་མར་གསར་གཏོད་བྱས་པའི་རྣམ་པ་གསར་བའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ཤིག་ཡིན་ཞིང་། རྒྱལ་ཁབ་དང་ལས་ཁུངས། མི་སྒེར་བཅས་ཐུན་མོང་གིས་འགན་འཁུར་དགོས།

༣ ཅི་ཞིག་ལ་ངལ་རྩོལ་གན་རྒྱ་ཟེར། ངལ་རྩོལ་གན་རྒྱའི་རྩ་དོན་ནི་ཅི་ཞིག་ཡིན།

ངལ་རྩོལ་གན་རྒྱ་ནི་ངལ་རྩོལ་པ་དང་མི་བཀོལ་ལས་ཁུངས་གཉིས་བར་ངལ་རྩོལ་གྱི་འབྲེལ་བ་འཛུགས་པ་དང་། ཕྱོགས་གཉིས་ཀྱི་ཁེ་དབང་དང་འོས་འགན་ཁ་གསལ་གྲོས་མཐུན་ལ་ཟེར། ངལ་རྩོལ་གན་རྒྱས་ངེས་པར་དུ་ཁྲིམས་མཐུན་དང་འདྲ་མཉམ། ཐོན་ཁུངས་འདྲ་མཉམ། གྲོས་ཁ་གཅིག་མཐུན། གཞུང་དྲང་ཡིད་རྟོན་བཅས་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས།

༤ ངལ་རྩོལ་གན་རྒྱར་དོན་ཚན་གང་དག་ཅིག་ཚང་དགོས།

༼ ༡ ༽མི་བཀོལ་ལས་ཁུངས་ཀྱི་མིང་དང་སྡོད་གནས། ཁྲིམས་བཀོད་འཐུས་ཚབ་པའམ་འགན་ཁུར་མི་སྣ།

༼ ༢ ༽ངལ་རྩོལ་པའི་མིང་དང་སྡོད་གནས། སྤྱི་དམངས་ཐོབ་ཐང་དཔང་ཡིག་གམ་ཡང་ན་གོ་ཆོད་པའི་ཐོབ་ཐང་དཔང་ཡིག་གཞན་དག་གི་ཨང་གྲངས།

༼ ༣ ༽ངལ་རྩོལ་གན་རྒྱའི་དུས་ཡུན།

༼ ༤ ༽ལས་ཀའི་ནང་དོན་དང་ལས་ཀ་སྒྲུབ་སའི་ས་གནས།

༼ ༥ ༽ལས་ཀའི་དུས་ཚོད་དང་ངལ་གསོའི་དུས་ཚོད།

༼ ༦ ༽ངལ་རྩོལ་ལས་ཕོགས།

༼ ༧ ༽སྤྱི་ཚོགས་འགན་བཅོལ།

༼ ༨ ༽ངལ་རྩོལ་བདེ་སྲུང་དང་ངལ་རྩོལ་གྱི་ཆ་རྐྱེན། ལས་རིགས་ཉེན་ཁའི་འགོག་སྲུང་།

༼ ༩ ༽བཅའ་ཁྲིམས་དང་རྩ་ཁྲིམས་ཀྱིས་གཏན་འབེབས་ལྟར་ངལ་རྩོལ་གན་རྒྱའི་ནང་ཚུད་དགོས་པའི་ནང་དོན་གཞན་དག་ཡང་བཞག་ཆོག

༥ གནས་ཚུལ་ཇི་འདྲའི་འོག མི་བཀོལ་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ཀྱིས་གཏན་འབེབས་ལྟར་ངལ་རྩོལ་གན་རྒྱ་མཚམས་བཞག་མི་ཆོག

༼ ༡ ༽ ལས་རིགས་ཀྱི་ནད་གཞིའི་གནོད་འཚེ་ཡོད་པའི་ལས་ཀ་སྒྲུབ་པའི་ངལ་རྩོལ་པ་ ལས་གནས་དང་མ་བྲལ་སྔོན་ལ་ལས་རིགས་བདེ་ཐང་ཞིབ་བཤེར་མ་བྱས་པ་དང་། ཡང་ན་ལས་རིགས་ཀྱི་ནད་བྱུང་པར་དོགས་པའི་ནད་པར་བརྟག་དཔྱད་བྱེད་པའམ་སྨན་ཁང་དུ་ལྟ་རྟོག་བྱེད་སྐབས།

༼ ༢ ༽ལས་ཁུངས་ལས་ལས་རིགས་ཀྱི་དབང་གིས་ནད་བྱུང་བའམ་ཡང་ན་ལས་ཀའི་དབང་གིས་རྨས་ཕོགས་པར་མ་ཟད། ངལ་རྩོལ་ནུས་པ་ཉམས་པའམ་ཡན་ལག་གང་རུང་ཞིག་གི་ངལ་རྩོལ་བྱེད་ནུས་པ་ཉམས་པ་གཏན་ཁེལ་བྱས་པ།

༼ ༣ ༽ན་ཚ་བྱུང་བའམ་གཞུང་དོན་མ་ཡིན་པའི་ལས་རྨས་བྱུང་ཞིང་། གཏན་ཁེལ་གྱི་སྨན་བཅོས་དུས་ཡུན་ནང་།

༼ ༤ ༽ བུད་མེད་ལས་བཟོ་པར་མངལ་ཆགས་པ་དང་བུ་བཙའ་བ། བྱིས་པར་ནུ་མ་སྣུན་སྐབས།

༼ ༥ ༽ལས་ཁུངས་སུ་བསྟུད་མར་ལོ་ངོ་བཅོ་ལྔར་ལས་ཞུགས་བྱས་པ་དང་ཁྲིམས་བཀོད་ཀྱི་ལས་འཁྱུར་ངལ་གསོ་བྱེད་པའི་དུས་ཡུན་ལ་ལོ་ལྔ་མེད་པ།

༼ ༦ ༽ བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག

༦ ངལ་རྩོལ་གན་རྒྱ་བཞག་ན་ཁྱོད་ལ་ཕན་པ་ཅི་ཞིག་ཡོད།

ངལ་རྩོལ་གན་རྒྱས་གཙོ་བོ་ཁྱོད་དང་མི་བཀོལ་ལས་ཁུངས་བར་གྱི་གྲོས་མཐུན་ལས་ཕོགས་ཚད་ལྡན་དང་། ལས་ཀའི་ནང་དོན་སོགས་ཟིན་ཐོ་རུ་འཁོད་ཡོད་ལ། དེས་ཁྱོད་ནི་ལས་ཁུངས་དེའི་ལས་བཟོ་པ་དང་ལས་ཀ་ཅི་ཞིག་སྒྲུབ་མཁན་ཡིན་པ། ལས་ཕོགས་ག་ཚོད་ཡོད་པ། དེ་མིན་ཁྱོད་ཀྱིས་ལས་ཁུངས་དེར་ལས་ཀ་སྒྲུབ་པའི་དུས་ཡུན་སོགས་བདེན་དཔང་བྱས་ཡོད་པས། གལ་ཏེ་རྗེས་ཕྱོགས་ཁྱོད་དང་ལས་ཁུངས་དེའི་བར་དུ་རྩོད་གླེང་བྱུང་ཚེ། ངལ་རྩོལ་གན་རྒྱ་ནི་རྩོད་གླེང་དེ་ཐག་གཅོད་བྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་ཡིན།

༧ མི་བཀོལ་ལས་ཁུངས་ཀྱིས་ལས་མི་བསྡུ་སྐབས་བྱ་སྤྱོད་གང་དག་ལ་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱེད་པ་ཡིན།

༼ ༡ ༽ལས་བསྡུའི་ཆ་འཕྲིན་རྫུན་མ་མཁོ་སྤྲོད་བྱེད་པ།

༼ ༢ ༽ ཁྲིམས་མཐུན་དཔང་ཡིག་མེད་པའི་མི་སྣ་ལས་བསྡུ་བྱེད་པ།

༼ ༣ ༽ལས་འཚོལ་བ་ལས་ལས་བསྡུའི་དངུལ་ལེན་པ།

༼ ༤ ༽ལས་སྡུད་མི་སྣར་འགན་བཅོལ་མ་དངུལ་དང་གཏའ་དངུལ་ལེན་པ།

༼ ༥ ༽ལས་སྡུད་མི་སྣའི་ཐོབ་ཐང་དཔང་ཡིག་སོགས་བཙན་ཉར་བྱེད་པ།

༼ ༦ ༽ལས་སྡུད་མི་སྣའི་མིང་ཐོག་ནས་ཚུལ་མིན་ཁེ་སྤོགས་སམ་ཡང་ན་ཁྲིམས་འགལ་གྱི་བྱེད་སྒོ་གཞན་པ་སྤེལ་བ།

༨ མི་བཀོལ་ལས་ཁུངས་ཀྱིས་གླ་ཕོགས་འགོར་འགྱངས་བྱས་ཚེ་ཇི་ལྟར་བྱ།

༼ ༡ ༽ས་གནས་དེ་གའི་ངལ་རྩོལ་འགན་སྲུང་ལྟ་ཞིབ་ལས་ཁུངས་ལ་ཞུ་གཏུག་སྙན་ཞུ་བྱེད་པ།

༼ ༢ ༽ས་གནས་དེ་གའི་ངལ་རྩོལ་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་འདུམ་འགྲིག་རེ་ཞུ་བྱས་ཆོག མཉམ་འཇོག་བྱེད་རྒྱུ་ལ། ངལ་རྩོལ་རྩོད་གླེང་བྱུང་རྗེས་ཀྱི་དུས་ཡུན་ཉིན་60ནང་ངལ་རྩོལ་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་རེ་ཞུ་འབུལ་དགོས།

༼ ༣ ༽ཞུ་གཏུག་བརྒྱུད་ནས་ཐག་གཅོད་བྱས་ཆོག

༩ ལས་རྨས་པ་སྨན་ཁང་དུ་ཞག་སྡོད་བྱེད་དུས་གླ་ཕོགས་མཚམས་བཞག་ཆོག་གམ།

ལས་བཟོ་པར་ལས་རྨས་ཐེབས་རྗེས། ལས་མཚམས་བཞག་ནས་གླ་ཕོགས་དུས་ལྟར་སྟེར་པའི་དམིགས་གསལ་ལོངས་སུ་སྤྱད་ཆོག དུས་ཡུན་དེའི་ནང་ལ། ལས་ཁུངས་ཀྱིས་གླ་ཕོགས་མཚམས་བཞག་མི་ཆོག་པར་རྒྱུན་ལྡན་གྱི་ལས་ཀའི་ཚད་གཞི་ལྟར་ལས་རྨས་པ་ལ་མུ་མཐུད་དུ་གླ་ཕོགས་སྟེར་དགོས།

༡༠ ལས་རྨས་གསལ་འབྱེད་བྱེད་པར་རྒྱུ་ཆ་གང་དག་ཅིག་ཚང་དགོས།

༼ ༡ ༽ ངལ་རྩོལ་དང་འབྲེལ་བའི་བདེན་དཔང་། དེའི་ནང་དུ་ངལ་རྩོལ་གན་རྒྱ། ལས་ཀའི་དཔང་ཡིག འགྲོ་སྐྱོད་དཔང་ཡིག སྤྱི་ཚོགས་ཉེན་སྲུང་འགན་བཅོལ་དངུལ་སྤྲད་པའི་དཔང་ཡིག ལས་ལྭ། གཏའ་དངུལ་སོགས་འདུ།

༼ ༢ ༽ལས་རྨས་བྱུང་དུས་ཀྱི་བདེན་དཔང་རྒྱུ་ཆ་ལ། ལས་གྲོགས་ཀྱི་བདེན་ཚིག་ངོས་འཛིན་དང་ལས་ཁུངས་ཀྱི་རྩད་ཞིབ་རྒྱུ་ཆ་སོགས་འདུ།

༼ ༣ ༽སྨན་བཅོས་ལས་ཁུངས་ཀྱིས་བཏོན་པའི་ངོས་འཛིན་དཔང་ཡིག བྱེ་བྲག་གི་ལས་རྨས་གནས་ཚུལ་གྱི་དཔང་ཡིག

ལོ་ཙཱ་བ། ལྷ་དཔལ་སྐྱབས།