མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》འགྲེམ་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

ཟླ3པའི་ཚེས10ཉིན། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་འགན་འོག 《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་གནང་ཞིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པའི་དཔེ་ཚོགས《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》ཞེས་པའི་འགྲེམ་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་གནའ་མཁར་ཟི་ལིང་དུ་གཟབ་རྒྱབ་དང་བསྡུས།

ཐེངས་འདིའི་ཚོགས་འདུའི་སྟེང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསོད་ལོ་དང་། དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ། ཚེ་རིང་དོན་འགྲུབ། བོད་ཀྱི་དམངས་སྲོལ་རིག་གནས་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་བཀའ་མ་མཁའ་འབུམ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ཀྱི་རྩོམ་པ་པོ་གྲགས་ཅན་ལུང་རིན་ཆེན།མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཨ་སྨྱོན་བཀྲ་ཤིས་དོན་གྲུབ། དཔེ་ཚོགས་རྩོམ་པ་པོ་ཚང་མ་བཅས་འབྲེལ་ཡོད་མགོ་ཁྲིད་དང་རྩོམ་པ་པོ། སྙན་ངག་པ། རྩོམ་རིག་དཔྱད་བརྗོད་པ། དེ་མིན་བོད་ཀྱི་རྩོམ་རིག་ལ་དུངས་པ་ཟབ་པའི་གསར་སྐྱེས་རྩོམ་པ་པོ་སོགས་མི50ལྷག་ཐེངས་འདིའི་དཔེ་ཚོགས་འགྲེམ་སྤེལ་དང་བགྲོ་གླེང་གི་མཛད་སྒོར་ཞུགས།མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀླུ་འབུམ་རྒྱལ་གྱིས་འགྲེམ་སྤེལ་བགྲོ་གླེང་ལ་འགོ་འཛིན་བྱས།

མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀླུ་འབུམ་རྒྱལ་གྱིས་འགྲེམ་སྤེལ་བགྲོ་གླེང་ལ་འགོ་འཛིན་བྱེད་བཞིན་པ། 

《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》ཞེས་པ་འདི་མཚོ་ནུབ་ཁུལ་ཨུ་དང་ཁུལ་མི་དམངས་སྲིག་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་ཆེད་དུ་བློ་འདོན་དང་ཇུས་འགོད་བྱས་པ་བརྒྱུད།2017ལོའི་ལོ་མགོ་ནས་ལས་མགོ་བཟུང་བ་དང་། སྔ་རྗེས་སུ་བསྡོམས་པས་རྩོམ་པ་པོ་བཅུ་གཉིས་ཀྱི་བརྩམས་ཆོས་དེ་ཀའི་རྩོམ་སྒྲིག་ཁང་ལ་འབྱོར་བ་དང་། 《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》ཀྱི་རྩོམ་སྒྲིག་ཨུ་ཡོན་རྣམས་ཀྱི་དྲང་བདེན་དང་དྲང་གཞག་གི་རྩ་དོན་གཞིར་བཟུང་ནས། མ་རྩོམ་རྣམས་རེ་རེ་བཞིན་ཞིབ་ཏུ་ལྟ་ཀློག་དང་། ཐེངས་གཉིས་ལ་ཆེད་དུ་རྩོམ་སྒྲིག་ཨུ་ཡོན་གྱི་བགྲོ་གླེང་ཚོགས་འདུ་བསྡུས་མཐར། ཁྱོན་བསྡོམས་རྩོམ་དེབ་བཅུ་གཉིས་ལས་རྒྱུ་སྤུས་ཅུང་བཟང་ཞིང་རྩོམ་ཡིག་གི་གྲངས་འབོར་ངེས་ཅན་ལོངས་པའི་རྩོམ་དེབ་བརྒྱད་གཏན་ཁེལ་བྱས་པ་དང་། དེའི་ཁྲོད་ལྷུག་རྩོམ་དེབ1དང་སྙན་ངག་དེབ5། ཕྱོགས་བསྒྲིགས་དེབ2བཅས་བསྡོམས་པས་དེབ8ཡོད་དེ། 《ཚྭ་འདམ་མཆོད་བསྟོད》(སྟོད་ཆ་དང་སྨད་ཆ)དང《རྒྱང་ལྟའི་ཁྲོད་ཀྱི་ལྷ་རི》། 《རླུང་དང་མེ་ཏོག》། 《རྟོད་ཐག་ཁྲ་ཁྲ》། 《དབྱངས་ཀྱི་ང་རོ》། 《རླུང་དང་འདྲེས་པའི་གཏམ》། 《འབྲོག་མོ》བཅས་ཀྱིས་གྲུབ་ཅིང་།མིག་སྔར་མཚོ་ནུབ་ས་ཁུལ་གྱི་བོད་རིགས་རྩོམ་པ་པོའི་དཔེ་ཚོགས་ཐོག་མའང་ཡིན།

འགྲེམ་སྤེལ་མཛད་སྒོའི་བགྲོ་གླེང་གི་སྐབས་སུ། ཚོགས་ཞུགས་པ་རྣམས་ཀྱིས་དཔེ་ཚོགས་ཀྱི་རྩོམ་སྒྲིག་དང་པར་སྐྲུན། རྩོམ་གཤིས་དང་རྩོམ་ཁུངས། བརྗོད་དོན་སོགས་ཟུར་མི་འདྲ་བའི་སྒོ་ནས་བོད་ཀྱི་རྩོམ་རིག་སྤྱིའི་གནས་བབས་དང་། མི་རིགས་གཞན་དང་ཕྱི་གླིང་པའི་རྩོམ་རིག་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བསྡུར་ནས་རང་རང་གི་བསམ་ཚུལ་བརྗོད་པ་དང་། ཚོགས་ཞུགས་འགའ་རེ་ཡིས་བཤད་རྒྱུར། ཐེངས་འདིའི་མཚོ་ནུབ་ཁུལ་གྱི་དཔེ་ཚོགས་པར་སྐྲུན་བྱས་པ་འདི་བརྒྱུད་ནས། བོད་རིགས་རང་སྐྱོང་ཁུལ་གཞན་དག་གིས་ཀྱང་རང་ས་གནས་ཀྱི་རྩོམ་པ་པོ་གསོ་སྐྱོང་དང་རྩོམ་དེབ་པར་སྐྲུན་གྱི་ཐད་ལ་འབད་པ་བྱེད་རྒྱུ་དང་། ལྷག་པར་དུ་བོད་ཀྱི་རིག་གནས་རྔམས་མཐུག་པའི་ཁུལ་དང་རྫོང་སོ་སོས་སྣེ་ཁྲིད་དེ། བོད་ཀྱི་རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་ལ་ནུས་པ་འདོན་རྒྱུའི་རེ་བ་བཏོན།

ཚོགས་རའི་ཟུར་ཞིག

བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་སྟག་འབུམ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་རིན་ཆེན་གྱིས་གཏམ་བཤད་གནང་བཞིན་པ།

«སྦྲང་ཆར»རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།

བོད་ཀྱི་དམངས་སྲོལ་ཆེད་མཁས་པ་བཀའ་མ་མཁའ་འབུམ་གྱིས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསོད་ལོས་གཏམ་བཤད་གནང་བཞིན་པ།

བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་ཚེ་རིང་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།

བོད་ཀྱི་དམངས་སྲོལ་རིག་གནས་ཁང་གི་གཙོ་སྒྲིག་གཞོན་པ་ཚེ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

བོད་ཀྱི་སྙན་ངག་པ་ཉྭ་ནག་པ་བ་རེས་རེབ་འདིའི་ཚོགས་འདུར་སྤྱི་སྡོམ་བྱེད་བཞིན་པ། 

བོད་ཀྱི་སྙན་ངག་པ་ཁྲི་སེམས་དཔས་གཏམ་བཤད་གནང་བཞིན་པ།

«སྦྲང་ཆར»རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་པད་མ་དབང་ཆེན་གྱིས་གཏམ་བཤད་གནང་བཞིན་པ།

ན་གཞོན་སྙན་ངག་པ་མདོ་སྨད་ཧེ་རུ་ཀས་གཏམ་བཤད་གནང་བཞིན་པ།

རྩོམ་རིག་དཔྱད་བརྗོད་པ་ཕུན་ཚོགས་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

ན་གཞོན་སྙན་ངག་པ་སྒྲེན་པོས་གཏམ་བཤད་གནང་བཞིན་པ།

«གངས་རྒྱན་ན་ཆུང་ཚགས་པར»ཁང་གི་གཙོ་སྒྲིག་གཞོན་པ་གེ་སར་གྱིས་གཏམ་བཤད་གནང་བཞིན་པ།

«མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས»ཀྱི་རྩོམ་པ་པོ་ལྷན་རྒྱས།

«གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་སངས་རྒྱས་སྒྲོལ་མས་འབྲེལ་ཡོད་ལས་ཁུངས་དག་གིས་བསྐུར་ཡོང་བའི་རྟེན་འབྲེལ་ཤིས་ཚིག་སྒྲོག་འདོན་བྱེད་བཞིན་པ།

པར་གྱི་ཡོང་ཁུངས། བོད་ཀྱི་དྲ་བ། རྒྱང་སྒྲོག་བརྙན་འཕྲིན་ཁང་།