མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱིས་ལོ་གསར་བའི་ནང་ཆུ་བེད་དངུལ་གཏོང་སྒོར་དུང་ཕྱུར30.34དོན་འཁྱོལ་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  མཚོ་སྔོན་གྱིས“ཉིན་བརྒྱའི་མཁྲེགས་གཏོར” ལས་འགུལ་སྤེལ་བ་ནས་བཟུང་ཞིང་ཆེན་ཆུ་བེད་ཐིན་གྱིས་ཚད་མཐོའི་མཐོང་ཆེན་དང་མགྱོགས་མྱུར་གྱིས་འགུལ་སྐྱོད་བྱས་ཏེ།  2018ལོའི་ཞིང་ཆེན་ཡོངས་ཀྱི་ཆུ་བེད་གཙོ་བོའི་བྱ་བའི་ལས་འགན་འགན་འཁྲི་བགོ་བྱའི་ཇུས་གཞི་དང“ཉིན་བརྒྱའི་མཁྲེགས་གཏོར”ཆུ་བེད་བྱ་བའི་རྩིས་ཁྲ་དཔར་འགྲེམས་བྱས། འགན་འཁྲི་ཁ་གསལ་དང་དུས་ཚོད་དམ་འཛིན་གྱིས་དོན་འཁྱོལ་བྱས་ཏེ་ཆུ་བེད་དངུལ་གཏོང་བསྡོམས་པས་སྒོར་དུང་ཕྱུར30.34དོན་འཁྱོལ་བྱས་ལ། དེའི་ཁྲོད་སྒོར་དུང་ཕྱུར26.63གཤམ་སྤྲོད་བྱས་ཏེ་ལོ་ཧྲིལ་བོའི་བྱ་བར་མགོ་ལེགས་པོ་ཞིག་རྩོམ་པར་ཤུགས་ཆེན་པོས་སྐུལ་འདེད་བྱས།

ད་སྔའི་བར་དུ་བཟོ་སྐྲུན་གལ་ཆེན་ཙོང་ཆུའི་ནུབ་ཕྱོགས་དང་བྱང་ཕྱོགས་ཀྱི་དུས་ཐེངས་གཉིས་པའི་མ་དངུལ་དུང་ཕྱུར1.23ལེགས་འགྲུབ་བྱས་ཏེ།“ཉིན་བརྒྱའི་མཁྲེགས་གཏོར”ལས་འགན་གྱི82%ཟིན་ཡོད།  ཕུག་ལམ་སྤྱི་ལེ3.85དང་སྦུག་གུ་སྒྲིག་འཇུག་སྤྱི་ལེ6.06ལེགས་འགྲུབ་བྱས།   རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་མཛོད་ཆེན་མོ་བཞི་སོགས་ཀྱི་རྣམ་གྲངས་ཀྱི་སླར་གསོ་སྔོན་གྱི་གྲ་སྒྲིག་བྱ་བ་ལེགས་འགྲུབ་བྱས་ཡོད་ལ་ནུས་མཐོའི་ཆུ་གྲོན་ཆུང་སྒོས་ཞིང་ཆུ་གཏོང་བའི་རྣམ་གྲངས33ལས་ལག་བསྟར་ཇུས་གཞི་ཆོག་མཆན་ཐོབ་པའི་རྣམ་གྲངས22ལེགས་འགྲུབ་བྱས་ཡོད།    འཐུང་ཆུའི་བདེ་འཇགས་བརྟན་བརླིང་གིས་ཇེ་མཐོ་དང་ས་ཆུ་རྒྱུན་འཁྱོངས་བྱེད་པ།   ཆུ་ལམ་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞི་སྒྲིག་བཟོ་དང་ཆོག་མཆན་སོགས་ཀྱི་སྔོན་འགྲོའི་བྱ་བ་ཧུར་བསྐྱེད་རིམ་ལྡན་གྱིས་སྐུལ་འདེད་བྱེད་བཞིན་ཡོད་ལ་གནམ་གཤིས་ཇེ་དྲོར་སོང་ནས་མ་དངུལ་འཆར་གཞི་གཤམ་སྤྲོད་བྱས་རྗེས་མགྱོགས་མྱུར་གྱིས་ལས་མགོ་རྩོམ་རྒྱུ་རེད།  

དུས་མཚུངས་སུ་གཙང་བོ(མཚེའུ)དོ་དམ་ལམ་ལུགས་གཙོ་ཡིན་པའི་བཅོས་སྒྱུར་བྱ་བ་གཙོ་བོ་གཟབ་ནན་གྱིས་སྐུལ་འདེད་བྱས།    ཆུ་བེད་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ《གཙང་བོའི་དོ་དམ་ལམ་ལུགས་ཀྱི་འབྲེལ་ཡོད་བྱ་བ་སྔར་ལས་འཐུས་ཚང་དུ་གཏོང་བའི་ཐད་ཀྱི་བརྡ་སྦྱོར》དཔར་འགྲེམས་བྱས།  ས་ཁུལ་སོ་སོས་དུས་དཀྱིལ་དཔྱད་ཞིབ་ཀྱི་ཐོག་མའི་ཕྱིར་ལན་བསྐྱོན་པའི་བསམ་འཆར་གཞིར་བཟུང་སྟེ་དུས་ཚོད་དམ་འཛིན་གྱིས་བཅོས་སྐྱོང་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱས།  ཞིང་ཆེན་རིམ་པའི་ཆུ་བེད་དང་ཁོར་སྲུང་། ཞིང་ཕྱུགས།  ནགས་ལས་སོགས་ཀྱི་སྡེ་ཁག་གི་འབྲེལ་ཡོད་ཆེད་མཁས་པར་རྩ་འཛུགས་བྱས་ཏེ་ཞིང་ཆེན་རིམ་པའི“གཙང་བོ་གཅིག་ལ་ཇུས་གཞི་གཅིག”ཞེས་པའི་ཆེད་མཁས་པའི་བློ་འདྲི་གྲོས་ཚོགས་བསྡུས། 《མཚོ་སྔོན་ཞིང་ཆེན་གྱི་མཚེའུ་ལག་བསྟར་དོ་དམ་ལམ་ལུགས་བྱ་བའི་ཇུས་གཞི》ལ་ཞིང་ཆེན་རིམ་པའི་ཚོགས་མིའི་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་བཞིན་ཡོད་ལ།  ཞིང་ཆེན་ཆུ་བེད་ཐིན་གྱིས་ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱིས་ཕྱིར་ལན་བསྐྱོན་པའི་བསམ་འཆར་དག་ཐེར་ལེགས་བཅོས་ཇུས་གཞི་བཟོ་འགོད་བྱས་ཏེ་ཆུ་གློག་ས་ཚུགས་ཀྱིས་ཆུ་ལེན་ཆོག་མཆན་ཐོབ་པའི་ཆེད་དོན་བཅོས་སྐྱོང་ལས་འགུལ་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱས།    ཞིང་ཆེན་རིམ་པས་གྲོང་ཁྱེར(ཁུལ)སོ་སོའི་2017ལོའི་ལོ་ཧྲིལ་བོའི་ཆེས་གཟབ་ནན་གྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ཀྱི་དཔྱད་ཞིབ་དོན་འཁྱོལ་ལེགས་འགྲུབ་བྱས་ཡོད།