མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་མི་རིགས་བསྐྱར་དར་ཆེད་ཤུགས་ཆེའི་རྩ་ཁྲིམས་འགན་ལེན་འཁོ་འདོན་བྱེད་ཞེས་འཁོད་པའི་ཆེད་བརྗོད་སྤེལ་བ།

སྤྱི་ཟླ་༣པའི་ཚེས་༡༢ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་མི་རིགས་བསྐྱར་དར་ཆེད་ཤུགས་ཆེའི་རྩ་ཁྲིམས་འགན་ལེན་འཁོ་འདོན་བྱེད་ཅེས་འཁོད་པའི་ཆེད་བརྗོད་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་ཡོད། དེ་ནི་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ་དང་། བྱ་བཞག་གོང་འཕེལ་གྱི་དགོས་མཁོ་དང་མཐུན་པ། ཏང་སེམས་དང་དམངས་སེམས་ཀྱི་ཕྱོགས་ས་དང་མཐུན་པ་བཅས་ཡིན་ལ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། དེ་བས་ཡག་པའི་སྒོ་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་འཕེལ་གཏོང་བའི་ཁྲོད་རྩ་ཁྲིམས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་པ་དང་། ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཤུགས་ཆེའི་རྩ་ཁྲིམས་འགན་ལེན་མཁོ་འདོན་བྱེད་པའི་ཐད། གལ་ཆེའི་དོན་དངོས་ཀྱི་དོན་སྙིང་དང་གཏིང་ཟབ་པའི་ལོ་རྒྱུས་དོན་སྙིང་ལྡན་ཡོད་ཅེས་བསྟན་ཡོད་པ་དང་།

རྩོམ་ཡིག་ནང་། ད་རེས་རྩ་ཁྲིམས་བཟོ་བཅོས་བྱེད་པའི་ཐད། ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོ་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ཀྱི་དགོངས་དོན་དང་རྩ་དོན་མངོན་ཡོད་པ་དང་། རང་རེའི་ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་བྱེད་པ་དང་། ཁྲིམས་འཛིན་འགན་ལེན་བྱེད་པ། ཁྲིམས་འཛིན་ལ་རྒྱབ་སྐྱོར་བྱེད་པ། སྣེ་ཁྲིད་ནས་ཁྲིམས་སྲུང་བ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གྱི་གཅིག་གྱུར་བྱེད་པའི་གསོན་ཉམས་ལྡན་པའི་མངོན་ཚུལ་ཞིག་ཀྱང་ཡིན། ད་རེས་རྩ་ཁྲིམས་བཟོ་བཅོས་བྱས་པ་ནི། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་འཕེལ་གཏོང་བའི་དུས་བབ་གསར་པ་དང་ལས་འགན་གསར་པར་གཞིགས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་གལ་ཆེའི་རིག་གཞུང་ལྟ་བ་དང་གལ་ཆེའི་བྱེད་ཕྱོགས་སྲིད་ཇུས་རྣམས་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ནང་བཅུག་པ་དང་། ཏང་དང་མི་དམངས་ཀྱིས་ལག་ལེན་ཁྲོད་ཐོབ་པའི་གལ་ཆེའི་རིག་གཞུང་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་གསར་པ་རྩ་ཁྲིམས་ཀྱི་གཏན་འབེབ་ལ་རིམ་འཕར་བྱས་པ་ཞིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་གོང་འཕེལ་གྱི་གྲུབ་འབྲས་གསར་པ་དང་ཉམས་མྱོང་གསར་པ། བླང་བྱ་གསར་པ་བཅས་མངོན་ཡོད་པས། ངེས་པར་དུ་རྩ་ཁྲིམས་ཀྱི་ཚད་ལྡན་དང་སྣེ་ཁྲིད། སྐུལ་འདེད། འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་དེ་བས་ཡག་པ་བྱས་ཏེ། ཁྲིམས་སྐྱོང་གི་ལམ་བུའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་བས་ཡག་པའི་སྒོ་ནས་རྒྱུན་འཁྱོངས་བྱེད་པ་དང་གོང་འཕེལ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།