ལྗང་མདོག་དངུལ་རྩས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་རམ་འདེགས་བྱེད་པའི་བྱེད་སྒོ་མུ་མཐུད་དུ་སྤེལ་བ། 

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3 པའི་ཚེས9 ཉིན་ལ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་ཀྲུང་གོ་ཡིད་རྟོན་དངུལ་ཁང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་ལྗང་མདོག་དངུལ་རྩས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་རམ་འདེགས་བྱེད་པ་བརྗོད་གཞིར་བཟུང་བའི་བྱེད་སྒོ་དེ་ཟི་ལིང་དུ་འཚོགས་པ་རེད།

 ན་ནིང་གི་ཟླ5པའི་ཚེས12ཉིན་ལ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་ཀྲུང་གོ་ཡིད་རྟོན་དངུལ་ཁང་དབར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ལ། དེ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ལྗང་མདོག་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་ལེའུ་དངོས་རྩོམ་པའི་མཚོན་རྟགས་ཡིན།  ད་ཐེངས་ཀྱི་བྱེད་སྒོ་འདི་ཡང་གཙང་གསུམ་འབྱུང་ཡུལ་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་དངུལ་རྩའི་མཉམ་ལས་ལམ་སྲོལ་འཛུགས་པར་སྔར་བས་འཚོལ་ཞིབ་དང་། “ སྒྱུར་བ་བཞིའི” བསམ་ཕྱོགས་གསར་པའི་ཁྲིད་སྟོན་འོག“ ལྗང་མདོག་རྒྱུ་ཆ” གསར་གཏོད་བྱེད་སྒོ་སྤེལ་བར་རྒྱུན་འཁྱོངས་བྱས་ཏེ།  ལྗང་མདོག་ཕྲ་ཕུང་མུ་མཐུད་དུ་འཕར་སྐྱེ་དང་།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལྗང་མདོག་དངུལ་རྩའི་མཉམ་འདྲེས་བཅོས་སྒྱུར་ཚོད་ལྟའི་གྲུབ་འབྲས་གསར་པ་ལ་བརྟེན་ནས་འཕེལ་རྒྱས་མ་དངུལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དགེ་མཚན་ལྡན་པའི་མཉམ་འགུལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏང་རྒྱུ་བཅས་ཀྱི་ཕྱིར་སྤེལ་བ་ཞིག་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་བཤད་པ་ལྟར་ན “ ལྗང་མདོག་དངུལ་རྩ་འཕེལ་རྒྱས་གཏོང་བ” དེ་ལྗང་མདོག་འཕེལ་རྒྱས་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཏུ་གྱུར་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཆེས་སྲོག་ཤིང་གི་གཙོ་གནད་ནི་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་དེ་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོངས་ཀྱི་ཐོན་ཁུངས་བཀོད་སྒྲིག་གི་ཁྱབ་ཁོངས་ནང་འཇུག་རྒྱུ་དེ་ཡིན་པས། དེས་ལྗང་མདོག་དངུལ་རྩའི་ནུས་པ་འདོན་སྤེལ་གྱི་བླང་བྱ་བཏོན་ཏེ་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་དུས་སྐབས་དང་ས་ཁོངས་ལས་བརྒལ་བའི་ཐོན་ཁུངས་སྒྲིག་སྦྱོར་ཀྱི་ནུས་པ་མངོན་འགྱུར་དང་།   ལྗང་མདོག་དངུལ་རྩ་བེད་སྤྱད་དེ་སྔོ་ལྗང་རི་ཀླུང་དེ་གསེར་རི་དངུལ་རི་ལ་སྒྱུར་བའི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཅས་གཏང་ཐུབ།  

ལོ་ཙཱ་བ། གཡང་སྐྱིད།