རང་ཞིང་གིས་ཀྲུང་གོའི་རིག་རྩལ་ཕུལ་བྱུང་གསར་རྩོམ་རིགས་གསུམ་གྱི་རོགས་སྐྱོར་རྣམ་གྲངས་ལག་བསྟར་ཡོངས་འགྲུབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་ཀྲུང་གོའི་རིག་རྩལ་ཕུལ་བྱུང་གསར་རྩོམ་རོགས་སྐྱོར་རྣམ་གྲངས་ཁྲོད་བདམས་ཐོན་བྱུང་བའི་མཉམ་བཀྲོལ་སྙན་ངག་སྟེ་མདོ་དབུས་མཐོ་སྒང་གི་ལྕགས་ལམ་འཛུགས་བསྐྲུན་བྱེད་པའི་དཔའ་རྒོད་རྣམས་ལ་སྤྲིངས་བ་དང་། གཙང་གསུམ་འགོ་ཁུངས་རྨི་ལམ་དུ་ཐེངས་གསུམ་རྨིས་པ་གླུ་གར་ཟུང་འབྲེལ་རོལ་དབྱངས། བརྩོན་སེམས་ཡར་སྐུལ་གློག་བརྙན་འཁྲབ་གཞུང་འཐེན་ཐུག་འཐེན་པའི་བུ་མོ་བཅས་རིགས་གསུམ་ལ་ཕུལ་བྱུང་གསར་རྩོམ་རོགས་སྐྱོར་རྣམ་གྲངས་ཁྲོད་ཚུད་པ་ཡོངས་འགྲུབ་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམ་བསྟར་རིག་རྩལ་བྱ་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐའ་འཁྱོལ་དང་ཕུལ་བྱུང་གསར་རྩོམ་རྣམ་གྲངས་ལ་རོགས་སྐྱོར་བྱེད་པ། ཕུལ་བྱུང་བརྩམས་ཆོས་དང་ཤེས་ལྡན་མི་སྣ་འོས་སྦྱོར་བྱ་ཆེད། ན་ནིང་ཀྲུང་གོའི་རིག་རྩལ་གྱིས་རྒྱལ་ཡོངས་ཀྱི་གསོན་ཉམས་ལྡན་པའི་གསར་རྩོམ་རིམ་པའི་རིག་རྩལ་བྱ་བ་སྒྲུབ་མཁན་དག་ལ2017ལོའི་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་ཕུགས་འདུན་ཞེས་པ་བརྗོད་དོན་ཡིན་པའི་རིག་རྩལ་གསར་རྩོམ་བཟོ་སྐྲུན་ཐད་ཀྱི་རྩོམ་ཡིག་བསྡུ་རུབ་བྱས་ཏེ་འཚོ་བར་ཟུག་པ་དང་མི་དམངས་ལ་རྐང་ཚུགས་པའི་བརྗོད་དོན་དངོས་ཡོད་བྱ་འགུལ་དང་ན་གཞོན་རིག་རྩལ་གསར་རྩོམ་རོགས་སྐྱོར་འཆར་གཞིའི་རྣམ་གྲངས་ལག་བསྟར་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། རང་ཞིང་གི་བདམས་ཐོན་བྱུང་བའི་ཀྲུང་གོའི་རྩོམ་རིགས་འདི་གསུམ་ནི2017ལོའི་རིག་རྩལ་གསར་རྩོམ་མ་དངུལ་རོགས་སྐྱོར་རྣམ་གྲངས་བརྒྱུད་ཞིང་ཆེན་རིམ་པ་སོ་སོའི་རིག་དངོས་སྒྱུ་རྩལ་མཐུན་ཚོགས་ཀྱིས་འོས་སྦྱོར་བྱས་པ་ཡིན་ལ། རང་ཞིང་གི་རིག་རྩལ་བྱ་བ་སྒྲུབ་མཁན་དག་ལྷག་སེམས་སྤྲོ་སྐྱིད་ངང་ཟབ་ཞུགས་བྱས་ཡོད། ཀྲུང་གོའི་རིག་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱིས་སྒྱུ་རྩལ་ལས་རིགས་མི་འདྲ་བ་སོ་སོའི་དཔྱད་འདེམས་པ་དག་གིས་གཅིག་བསྡུས་ཀྱིས་དཔྱད་འདེམས་བྱས་པ་བརྒྱུད་མཇུག་མཐར་ད་བཟོད་ཆོག་མཆན་གཏན་ཁེལ་བྱས་པ་རེད། མཉམ་བཀྲོལ་སྙན་ངག་མདོ་དབུས་མཐོ་སྒང་གི་ལྕགས་ལམ་འཛུགས་བསྐྲུན་བྱེད་པའི་དཔའ་རྒོད་དག་ལ་སྤྲིངས་བ་ནི་ལོ་རྒྱུས་དང་དངོས་ཡོད་རྒྱུ་ཆ་ཟུང་འབྲེལ་བྱས་པའི་དངོས་ཟིན་རོལ་དབྱངས་ཀྱི་བརྩམས་ཆོས་ཤིག་སྟེ་ཁྱབ་ཆེ་ས་ནས་རྒྱས་བཤད་དང་བརྩེ་སེམས་རེ་རེ་ཞིབ་ཚགས་ལྡན། རྩོམ་པ་པོ་ཝང་ཧའེ་ལུང་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་རོལ་དབྱངས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རང་ཞིང་གི་ན་གཞོན་དབྱངས་རྟ་རྩོམ་མཁན་བཅས་ཡིན། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ས་གནས་དམངས་ཁྲོད་རོལ་དབྱངས་ཞིབ་འཇུག་ལྟེ་གནས་ཀྱི་འགན་ཁུར་མི་སྣའི་འགན་ཁུར་ཡོད། གཙང་གསུམ་འགོ་ཁུངས་རྨི་ལམ་དུ་ཐེངས་གསུམ་རྨིས་པ་ཞེས་པའི་གླུ་གར་ཟུང་འབྲེལ་རོལ་དབྱངས་ལ་མཉམ་ལེན་དང་རྐྱང་ལེན། བསྐྱར་ལེན་བཅས་དབྱངས་རྟ་མི་འདྲ་བ་བཅུ་ཡིས་གྲུབ་ཡོད་པས། མཚོ་སྔོན་ས་གནས་ཀྱི་ཁྱད་ལྡན་རང་བྱུང་དང་མི་ཆོས་མཛེས་ལྗོངས་དེ་བརྗོད་དོན་དུ་བཟུང་ནས་མཚོ་སྔོན་གྱི་རྔམ་བརྗིད་ལྡན་པའི་མཛེས་ལྗོངས་དག་ལ་བསྟོད་བསྔགས་ཀྱི་གླུ་དབྱངས་བླངས་ཡོད་པས། ངོས་མང་པོ་ཞིག་ནས་མཚོ་སྔོན་གྱི་རི་ཆུའི་མཛེས་སྡུག་ཡོངས་སུ་གསལ་བོར་བྲིས་པའི་འགྲེམས་སྟོན་རང་བཞིན་གྱི་རི་མོ་ཞིག་ཀྱང་ཡིན། དབྱངས་རྟ་རྩོམ་མཁན་ཁྲིན་ལོའུ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་རོལ་དབྱངས་སློབ་གླིང་གི་དགེ་རྒན་ཆེན་མོ་ཡིན་ལ། རང་ཞིང་གི་ན་གཞོན་དབྱངས་རྟ་རྩོམ་མཁན་ཡང་ཡིན།

བརྩོན་སེམས་ཡར་སྐྱེད་རང་བཞིན་གྱི་གློག་བརྙན་འཁྲབ་གཞུང་འཐེན་ཐུག་འཐེན་པའི་བུ་མོ་ནི་ཟ་ལར་རིགས་ཀྱི་བུ་མོ་ཆུང་ཆུང་ཞིག་གི་གཏམ་རྒྱུད་དེ་རྒྱབ་ལྗོངས་སུ་བྱས་ཏེ་གསར་རྩོམ་བྱས་པ་ཡིན་ལ། གསར་རྩོམ་བྱེད་སྐབས་སྒྲུང་གཏམ་དང་སྙན་ངག་སོགས་རྒྱུ་ཆ་འབོར་ཆེན་ཞིག་འཚོལ་བསྡུ་བྱས་ནས་གྲངས་ཉུང་མི་རིགས་ཀྱི་བརྩོན་སེམས་ཡར་སྐྱེད་ཐད་ཀྱི་འཁྲབ་གཞུང་གི་སྟོང་ཆ་དེ་ཁྱོན་ཡོངས་ནས་སྐོང་ཡོད། རྩོམ་པ་པོ་རང་མོས་དྲ་རྒྱའི་རྩོམ་པ་པོ་ལའོ་ཡའེ་རོ་ཡིན། རྣམ་གྲངས་འདི་གསུམ་པོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་ཀྱིས་རིག་རྩལ་གསར་རྩོམ་ཁྲོད་ཀྱི་བརྒྱུད་རིམ་ཧྲིལ་བོར་བརྟེན་ནས་གསར་རྩོམ་གྱི་ནུས་པ་མཐོར་འདེགས་ཀྱིས་སྤྱི་ཚོགས་ཀྱི་ཁེ་ཕན་དེ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས་བསམ་བློའི་གཏིང་རིམ་གསར་རྩོམ་དེ་བརྩོན་ལེན་གྱིས་སྒྱུ་རྩལ་གྱི་ཉིང་བཅུད་ལས་འཁྲུངས་བའི་སྒྱུ་རྩལ་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཡིན།

མིག་སྔའི་བར་རྣམ་གྲངས་དེ་གསུམ་འཆར་གཞི་ལྟར་ལག་བསྟར་བྱས་ཤིང་རིམ་པ་སྐོར་ཞིག་མཇུག་བསྡུས་ནས་རྗེས་ཀྱི་བྱ་བ་དག་སྒྲུབ་བཞིན་པའི་སྒང་ཡིན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།