ད་ལོ་ཆབ་ཆ་གྲོང་བརྡལ་ནས་མཚོ་སྔོན་པོའི་གཞུང་ལམ། མཚོ་སྔོན་པོའི་ཉེ་འཁོར་གྱི་གཞུང་ལམ་སོགས་རྒྱ་བསྐྱེད་ཞིག་གསོ་བྱེད་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རང་ཞིང་ནི་ཡུལ་སྐོར་ལྗོངས་རྒྱུའི་ས་བབ་རང་བཞིན་ཅན་ཡིན་པས། མཚོ་སྔོན་པོའི་ས་ཁུལ་དུ་ལོ་རེར་ཡུལ་སྐོར་དུ་ཡོང་བའི་འགྲུལ་བར་རྒྱུན་ཆད་མེད་པ་དང་། དེའི་མི་ཚད་རང་ཞིང་གི་གཞུང་ལམ་དྲ་རྒྱ་དེ་མུ་མཐུད་དུ་ཆེས་ཆེར་སོང་བས་ལོ་རེར་རང་གི་རླངས་འཁོར་བསྐོར་ནས་མཚོ་སྔོན་པོར་ཡུལ་སྐོར་དུ་ཡོང་བའི་འགྲུལ་བ་ནི་དེ་ལས་ཀྱང་རྒྱུན་མི་ཆད་པ་རེད། ལོ་རེ་རེར་ཇེ་མང་དུ་འགྲོ་བཞིན་པའི་འགྲིམ་འགྲུལ་གྱི་གནོན་ཤུགས་དེས་རང་ཞིང་གི་མཚོ་སྔོན་པོའི་ཉེ་འཁོར་དུ་གཞུང་ལམ་འཛུགས་བསྐྲུན་བྱེད་པར་སྐུལ་འདེད་ངེས་ཅན་ཐོབ། ད་ལོ་མཚོ་སྔོན་པོའི་ཉེ་འཁོར་གྱི་གཞུང་ལམ་འཛུགས་བསྐྲུན་ལ་རེ་བས་ཁེངས་ཡོད་པ་མ་ཟད། གཞུང་ལམ་གསར་བ་ཞིག་ཀྱང་གསར་དུ་འཛུགས་བསྐྲུན་གྱིས་རྒྱ་ཆེའི་ཡུལ་སྐོར་འགྲུལ་བ་དག་ལ་སྔར་ལས་སྟབས་བདེ་ཞིང་སྔར་ལས་བདེ་འཇགས་ཡིན་པའི་ཤར་སྐྱོད་ཀྱི་ཁོར་ཡུག་ཅིག་འདོན་སྤྲོད་བྱ་རྒྱུ་ཡིན་པ་རེད།

མིག་སྔར་མཚོ་སྔོན་པོའི་ཉེ་འཁོར་དུ་ཡུལ་སྐོར་གཞུང་ལམ་མི་འདྲ་བ2གསར་དུ་ལས་བཞིན་ཡོད་ལ། དེའི་ཁྲོད་གྲ་མ་ལུང་ནས་རིག་སྨོན་ཆུ་བོའི་མྱུར་བགྲོད་གཞུང་ལམ་ནི་རང་ཞིང་གི་ཆེས་ཐོག་མའི་རླངས་འཁོར་བརྒྱད་ཤར་བསྐྱོད་ཆོག་པའི་མྱུར་བགྲོད་གཞུང་ལམ་ཐོག་མ་ཡིན་ཞིང་། གཞུང་ལམ་དེའི་རིང་ཚད་ལ་སྤྱི་ལེ65.173ཡོད། གྲ་མ་ལུང་ནས་སྟོང་སྐོར་བར་དུ་ཁ་ཕྱོགས་ཟུང་ལྡན་གྱི་རླངས་འཁོར8མཉམ་བགྲོད་བྱས་ཆོག་པའི་ཚད་ལྡན་མྱུར་བགྲོད་གཞུང་ལམ་ཇུས་འགོད་བྱས་ཤིང་། དུས་ཚོད་རེའི་ཆ་སྙོམས་མྱུར་ཚད་སྤྱི་ལེ100རེ་ཡིན། སྟོང་སྐོར་ནས་རིག་སྨོན་ཆུ་བོའི་བར་དུ་རླངས་འཁོར6མཉམ་བགྲོད་བྱས་ཆོག་པའི་ཚད་ལྡན་མྱུར་བགྲོད་གཞུང་ལམ་ཇུས་འགོད་བྱས་ཡོད་ལ། ཇུས་འགོད་ཀྱི་མྱུར་ཚད་ནི་དུས་ཚོད་རེར་སྤྱི་ལེ80རེ་ཡིན། གཞུང་ལམ་དེའི་ཇུས་འགོད་བཟོ་སྐྲུན་ལས་གཞི་ད་ལོར་ཡོངས་འགྲུབ་བྱེད་རྒྱུ་ཡིན་ལ། བཟོ་སྐྲུན་དེ་ཡོངས་འགྲུབ་བྱས་རྗེས་གྲ་མ་ལུང་ནས་རིག་སྨོན་གྲོང་བརྡལ་བར་གྱི་རླངས་འཁོར་ཤར་སྐྱོད་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་འགྲོ་སྲིད། དེ་མིན་ཉི་ཟླ་རི་བོའི་ལམ་བར་གྱི་ཤར་སྐྱོད་བདེ་འཇགས་ཐད་ལ་ཡང་སྟབས་བདེ་སྔ་ན་མེད་པ་ཞིག་བསྐྲུན་ཡོད། མཚོ་སྔོན་པོའི་ཡུལ་སྐོར་ལ་རོགས་འདེགས་བྱེད་ཐུབ་པ་དང་དུས་མཉམ་དུ་ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ཡང་སྐུལ་འདེད་རང་བཞིན་གྱི་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད།

རིག་སྨོན་ཆུ་བོ་ནས་ཆུ་ཆེན་ཟམ་པའི་གཞུང་ལམ་གྱི་འཆར་གཞི་དེ་ཡང་ད་ལོ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཞིང་། གཞུང་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ194.92དང་ལམ་ཐིག་གི་སྤྱིའི་ཁ་ཕྱོགས་ནི་ཤར་ནུབ་ཁ་ཕྱོགས་སུ་སྐྱོད་པ་ཡིན། དེའི་ཁྲོད་རིག་སྨོན་གྲོང་བརྡལ་ནས་གསེར་ཆེན་རྫོང་བར་གྱི་ལམ་ཐག་གི་བཟོ་སྐྲུན་དེར་བཅོས་སྐྱོང་བྱེད་བཞིན་ཡོད། གསེར་ཆེན་རྫོང་ནས་ཆུ་ཆེན་ཟམ་པའི་བར་གྱི་ལམ་ཐག་དེ་བཟོ་སྐྲུན་གསར་བ་ཞིག་སྟེ་ཚད་ལྡན་གྱི་རིམ་པ་གཉིས་པའི་གཞུང་ལམ་དུ་ཇུས་འགོད་བྱས་ཡོད། ཇུས་འགོད་ཀྱི་མྱུར་ཚད་སོ་སོ་ཆ་སྙོམས་ཀྱིས་དུས་ཚོད་རེར་སྤྱི་ལེ60དང་སྤྱི་ལེ80རེ་ཡིན། རིག་སྨོན་ནས་ཆུ་ཆེན་ཟམ་པའི་བར་གྱི་གཞུང་ལམ་གྱི་ལམ་ཐིག་བཟོ་སྐྲུན་ཡོངས་འགྲུབ་བྱས་རྗེས་མ་གཞི་ནས་ཡོད་པའི་ལམ་ཐིག་དེ་མཚོ་སྔོན་པོ་ལྗོངས་ཁུལ་གྱི་ཆེད་སྤྱོད་གཞུང་ལམ་དུ་བེད་སྤྱོད་བྱ་རྒྱུ་ཡིན་ཞིང་། དེའི་ཁྲོད་རླངས་འཁོར་དག་བཅོས་སྒྱུར་བྱས་ཟིན་པའི་གཞུང་ལམ་སྟེང་ཤར་སྐྱོད་བྱེད་དགོས་ལ། མཚོ་སྔོན་པོ་ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་པ་མ་ཟད། མཚོ་སྔོན་པོའི་ལམ་བརྒྱུད་ཀྱི་དཀའ་ཁག་ཆེ་བའི་ཤར་སྐྱོད་དེ་ཡང་ཇེ་ཡངས་སུ་བཏང་ནས་ཡུལ་སྐོར་དུས་སྐབས་ཀྱི་རླངས་འཁོར་ཤར་བགྲོད་ཐད་ལ་ཡང་ཤར་སྐྱོད་འགན་སྲུང་གི་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད།

དེ་ལས་གཞན་རང་ཞིང་གིས་ད་ལོར་ཆབ་ཆ་གྲོང་བརྡལ་ནས་མཚོ་སྔོན་པོའི་གཞུང་ལམ་ཡང་གསར་སྐྲུན་འཆར་གཞི་ཡོད་པ་རེད། རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ཞིང་ཆེན་གཞུང་ལམ307ནི་ཆབ་ཆ་གྲོང་བརྡལ་ནས་མཚོ་སྔོན་པོའི་ལམ་ཐིག་གི་གཞུང་ལམ་གྱི་འགོ་འཛུགས་ས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཡིན་ཞིང་མཇུག་རྫོགས་ས་དེ་སྔོན་ཆད་ཀྱི་མཚོ་སྔོན་པོའིG109ལམ་ཐིག་ལ་གཏུགས་ཡོད། གཞུང་ལམ་རིམ་པ་གཉིས་པའི་ཚད་ལྡན་གཞུང་ལམ་ལྟར་ཇུས་འགོད་བྱས་ཡོད་ལ། ཇུས་འགོད་ཀྱི་མྱུར་ཚད་དེ་དུས་ཚོད་རེར་སྤྱི་ལེ60དང་སྤྱི་ལེ40རེ་ཡིན། ལམ་ཐིག་ཧྲིལ་བོའི་རིང་ཚད་ལ་སྤྱི་ལེ32.92ཡོད། རྣམ་གྲངས་དེ་འཛུགས་བསྐྲུན་གྱིས་མཚོ་སྔོན་པོའི་ཡུལ་སྐོར་ལྗོངས་ཁུལ་དངG214ལམ་ཐིག G109ལམ་ཐིག གསེར་ཆེན་ནས་ཡུལ་ཤུལ་བར་གྱི་G0613དང་མདོ་དབུས་མྱུར་བགྲོད་གཞུང་ལམGབཅས་ཀྱི་འགྲིམ་འགྲུལ་ལམ་ཐིག་བརྗེ་རེས་དེ་ཡོངས་འགྲུབ་བྱས་ཡོད། དུས་མཉམ་དུ་རྣམ་གྲངས་དེ་གསེར་ཆེན་རྫོང་དང་མཚོ་སྔོན་པོའི་གནམ་གྲུ་འབབ་ཐང་། མཚོ་སྔོན་པོའི་ཡུལ་སྐོར་ལྗོངས་རྒྱུའི་ས་ཁུལ་བཅས་ལ་ཟུང་འབྲེལ་བྱས་ནས་མཚོ་སྔོན་པོའི་ཡུལ་སྐོར་ལྗོངས་རྒྱུ་དང་གསེར་ཆེན་རྫོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞབས་ཞུ་བཅས་ཀྱི་ཐད་ལ་སྔར་ལས་ཀྱང་ནུས་པ་གལ་ཆེན་ཞིག་ཐོན་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།