མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅུ་བདུན་པའི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅུ་བདུན་པ་ནི་སྤྱི་ཟླ7པའི་ཚེས21ཉིན་ནས་ཟླ8པའི་ཚེས4ཉིན་བར་སྤེལ་རྒྱུ་རེད། ཉེ་སྔོན། གསར་འགོད་པས་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་གྲ་སྒྲིག་ལས་དོན་དག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

འགྲན་སྡུར་ལམ་ཐིག་གཏན་འཁེལ་བྱས་འདུག ཐེངས་འདིའི་འགན་སྡུར་མུ་མཐུད་དུ་མཚོ་སྔོན་དང་ཀན་སུའུ། ཉིན་ཞ་བཅས་ཞིང་ཆེན་གསུམ་བརྒྱུད་དེ། ཀན་སུའུ་དང་ཉིན་ཞ་ཞིང་ཆེན་གཉིས་ཀྱི་གྲོས་མོལ་བྱས་པ་བརྒྱུད་དེ། མཚོ་སྔོན་མངའ་ཁོངས་ཀྱི་འགྲན་སྡུར་ལམ་དུམ7.5དང་། ཀན་སུའུ་མངའ་ཁོངས་ཀྱི་འགྲན་སྡུར་ལམ་དུམ3.5ངལ་གསོའི་ཉིན་གཅིག ཉིན་ཞ་ཧའེ་རིགས་རང་སྐྱོང་ལྗོངས་ཀྱི་འགྲན་སྡུར་ལམ་དུམ2། སྔོན་དཔག་བྱས་པ་ལྟར་ན། འགྲན་སྡུར་གྱི་སྤྱིའི་བར་ཐག་སྤྱི་ལེ3114ཡོད་པ་དང་། དེའི་ཁྲོད། འགྲན་སྡུར་བར་ཐག་སྤྱི་ལེ1679། འགྲན་སྡུར་ལམ་ཐིག་སྒྱུར་བའི་བར་ཐག་སྤྱི་ལེ1435། རྩ་འཛུགས་ལས་དོན་ཨུ་ཡོན་ཚོགས་པས་ཞིང་ཆེན་འགྲིམ་འགྲུལ་ཐིན་དང་མཉམ་དུ་འགྲན་སྡུར་གཞུང་ལམ་ལ་རྟོག་ཞིབ་བྱས་ཟིན། འགྲན་ཞུགས་པ་རྣམས་ཀྱིས་མིང་ཐོ་འགོད་མགོ་ཚུགས་ཡོད། ཐེངས་འདིའི་འགྲན་སྡུར་གྱིས་སྔར་བཞིན་རྒྱལ་ཁབ་རུ་ཁག་དང་ས་ཁུལ་རུ་ཁག་དང་ལེན་མི་བྱེད་པ་དང་། ལས་རིགས་རུ་ཁག་དང་ལེན་བྱེད་པ་རེད།

ཐེངས་འདིའི་འགྲན་སྡུར་གྱི་བྱ་དགའ་དང་ཟབ་ཞུགས་རིན་ཚང་མ་ཡ་གླིང་གི་ཨང་དང་པོ་རུ་རྒྱུན་འཁྱོངས་བྱས་ཡོད། ཚོང་འགུག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ན་ནིང་གི་ཟླ10བ་ནས་བཟུང་། སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་འགྲན་སྡུར་རོགས་སྐྱོར་ཚོགས་ཁག་ལ་བསྐྱར་འདྲི་དང་འབྲེལ་འདྲིས་བྱས།ཚོང་འགུག་བྱ་བའི་ཇུས་གཞི་དང་ཚོང་འགུག་མཉམ་ལས་ལག་དེབ་ཞིབ་འཇུག་གཏན་འབེབས་བཟོས་བ་མ་ཟད།སྨྱན་སྦྱོར་བརྒྱུད་དེ་ཁྱབ་བསྒྲགས་དང་དྲིལ་སྒྲོག་བྱས་པ་དང་། ཚོང་འགུག་ཁྱབ་བརྡལ་བྱེད་པར་ཤུགས་བསྣན། གསོ་སྦྱོང་ལས་དོན་བརྟན་པོའི་ངང་སྤེལ་བར་སྐུལ་སྤེལ་བྱས། རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་དང་ལུས་རྩལ་སྤྱི་ཁྱབ་ཚོགས་པའི་གྲི་རྩལ་ལུས་རྩལ་དོ་དམ་ལྟེ་གནས། འགྲན་ཞུགས་ལུས་རྩལ་རུ་ཁག་དང་། སྒྲིག་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མིའི་སྡེ་ཚན་སོགས་ཀྱིས་བཏོན་པའི་བསམ་འཆར་དང་། སྒྲིག་འཛུགས་ལས་དོན་ཨུ་ཡོན་ལྷན་ཚོགས་གཞུང་སྒྲུབ་ཁང་གིས་འགྲན་སྡུར་གྱི་སྒྲིག་སྲོལ་དང་ཟུང་འབྲེལ་བྱས་ཏེ། འགྲན་སྡུར་ལམ་དུམ་གྱི་ལམ་ཐིག་དང་། འགྲན་སྡུར་གྱི་དཀའ་ཚེགས། འགྲན་ཞུགས་མི་གྲངས། དཔུང་ཁག་གྲུབ་ཚུལ་སོགས་ཁྱོན་ཡོངས་ནས་དབྱེ་ཞིབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས། འགྲན་སྡུར་གྱི་འབྲེལ་ཡོད་ཤན་འབྱེད་པ་དང་། ཁ་ལོ་བ། དང་བླངས་པ་སོགས་ཀྱི་གསོ་སྦྱོང་ལས་དོན་ཁྱོན་ཡོངས་ནས་སྤེལ་ཅིང་། ཤན་འབྱེད་པའི་དགོས་མཁོར་གཞིགས་ཏེ། ཡོ་བྱད་དང་དམིགས་བསལ་འགན་སྲུང་། དང་བླངས་པ་བསྡུ་བ་སོགས་ལས་དོན་ཐད་ལ་འཆར་འགོད་དང་བཀོད་སྒྲིག་བརྒྱབ་ཡོད།

མཚོ་སྐོར་རྒྱལ་ཡོངས་ལྕགས་རྟའི་མཉམ་འབྲེལ་འགྲན་སྡུར་ཟླ4བ་ནས་མགོ་བརྩམ་ཏེ། ཧྲན་ཏུང་དང་ཧྥུའུ་ཅན། སི་ཁྲོན། ཧི་ནན། ཡུན་ནན། ཧྲན་ཞི་སོགས་ནས་སྤེལ་རྒྱུ་ཡིན་ལ། ཟླ8པའི་ནང་མཚོ་སྔོན་ནས་མཐའ་མའི་འགྲན་སྡུར་སྤེལ་རྒྱུ་རེད།

ལོ་ཙཱ་བ། ཀླུ་མོ།