ལག་བརྒྱུད་ཁང་བ་ཉོ་འཚོང་བྱེད་སྐབས་ཁྲལ་བསྡུ་གང་དག་ལ་འབྲེལ་བ་ཡོད་པ།

ལག་བརྒྱུད་ཁང་བའི་ཉོ་ཚོང་ཁྲོད་གནས་ཚུལ་མི་འདྲ་བའི་འོག་སྤྲོད་དགོས་པའི་དཔྱ་ཁྲལ་ལ་མི་འདྲ་ས་གང་དག་ཡོད་པ་དང་དེ་ལ་འདོན་སྤྲོད་བྱེད་དགོས་པའི་རྒྱུ་ཆ་གང་དག་ཡོད་པ་སོགས་ཀྱི་གནད་དོན་ཐད་བློ་འདྲི་བྱེད་མཁན་མང་བས།  གསར་འགོད་པས་སྡོད་དམངས་ཀྱིས་སེམས་ཁུར་བྱེད་ཚད་ཆེས་མང་བའི་གནས་ཚུལ་ཐད་གཏན་འཇགས་རྒྱུ་ནོར་ཉོ་ཚོང་ལྟེ་གནས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣར་བཅར་འདྲི་བྱས་ཏེ་མང་ཚོགས་ཀྱིས་རྒྱུ་ཆ་གང་དག་འདོན་སྤྲོད་བྱེད་དགོས་པ་གཤམ་གསལ་ལྟར།

 ●སྡོད་ཁང(མི་སྒེར་སྡོད་ཁང)ཉོ་འཚོང་།

1. རྒྱུ་ཆ་གང་དག་དགོས་པ།  ཁང་བ་ཉོ་མཁན་དང་འཚོང་མཁན་གཉིས་ཀྱིས་ཐོབ་ཐང་ལག་འཁྱེར་གྱི་མ་ཡིག་དང་བསྐྱར་དཔར།   ཕྱོགས་གཉིས་ཀྱི་ཁྱིམ་ཐོའི་མ་ཡིག་དང་བསྐྱར་དཔར།  ཕྱོགས་གཉིས་ཀྱི་གཉེན་སྒྲིག་ཡི་གེ་མ་ཡིག་དང་བསྐྱར་དཔར(ཁེར་རྐྱང་ཡིན་ན་ཁེར་རྐྱང་དཔང་ཡིག་གམ་གཉེན་ཐོར་འཛིན་ཡིག་གི་མ་ཡིག་དང་བསྐྱར་དཔར)དགོས།  

ཉོ་འཚོང་གི་གན་རྒྱ་ལ།  གཏན་འཇགས་རྒྱུ་ནོར་དབང་ཆའི་དཔང་ཡིག་གི་བསྐྱར་དཔར(ཁང་དབང་དཔང་ཡིག་དང་ས་ཞིང་དཔང་ཡིག་གི་བསྐྱར་དཔར)དགོས།

2ཁྲལ་བསྡུའི་ཚད་གཞི།  

(1)སྨི་གྲུ་བཞི་མ90དང་དེའི་མན(སྨི་གྲུ་བཞི་མ90ཡང་འདུ) ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་དང་ཁྱིམ་ཚང་གིས་ཉོས་པའི་སྡོད་ཁང་གཉིས་ཀྱི་གན་རྒྱའི་དཔྱ་ཁྲལ1%ཡིན། སྨི་གྲུ་བཞི་མ90ཡན་གྱི་ཁྱིམ་ཚང་གི་སྡོད་ཁང་གཅིག་པུའི་གན་རྒྱའི་དཔྱ་ཁྲལ1.5%ཡིན། ཁྱིམ་ཚང་གིས་ཉོས་པའི་སྡོད་ཁང་གཉིས་ཀྱི་གན་རྒྱའི་དཔྱ་ཁྲལ2%ཡིན།  ཁྱིམ་ཚང་གིས་ཉོས་པའི་སྡོད་ཁང་གསུམ་ཡན་གྱི་གན་རྒྱའི་དཔྱ་ཁྲལ3%ཡིན།  

(2) མི་སྒེར་གྱིས་ཉོས་པའི་སྡོད་ཁང་ལོ་ལྔ་ལོན་མེད་པ་དང་ཡང་ན་ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་མ་ཡིན་པའི་དཔྱ་ཁྲལ1%ཡིན། ལོ་ལྔ་ལོན་ཡོད་པའི་ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་ཅན་ལ་མི་སྒེར་གྱི་དཔྱ་ཁྲལ་གནས་སྐབས་ཀྱིས་རིན་མེད་ཡིན།

(3) ལོ་གཉིས་ལོན་མེད་པའི་ཉོ་འཚོང་སྡོད་ཁང་གིས་ཁྲལ་བསྡུ5.6%གནས་ཐང་འཕར་ཁྲལ་དང་ཁ་གསབ་སྤྲོད་དགོས།  ལོ་གཉིས་ལོན་ཡོད་པའི་ཁང་བའི་གནས་ཐང་འཕར་ཁྲལ་དང་ཁ་གསབ་རིན་མེད་ཡིན།

●གཉེན་ཐོར་ཁང་བདག་བརྗེ་བ།

1. རྒྱུ་ཆ་གང་དག་དགོས་པ།  གཉེན་ཐོར་འཛིན་ཡིག་གི་མ་ཡིག་དང་བསྐྱར་དཔར་ཡང་ན་དམངས་དོན་ཁྲིམས་གཅོད་ཡི་གེའི་མ་ཡིག་དང་བསྐྱར་དཔར།  ཕྱོགས་གཉིས་ཀྱིས་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དང་བསྐྱར་དཔར། གཏན་འཇགས་རྒྱུ་ནོར་དབང་ཆའི་དཔང་ཡིག་གི་བསྐྱར་དཔར(ཁང་དབང་དཔང་ཡིག་དང་ས་ཞིང་དཔང་ཡིག་གི་བསྐྱར་དཔར)དགོས།

2. ཁྲལ་བསྡུའི་ཚད་གཞི།  ཕྱོགས་གཉིས་ཀར་རིན་མེད་ཡིན།

●བཟའ་ཟླའི་བར་ནས་ཁང་བདག་བརྗེ་བ།

1. རྒྱུ་ཆ་གང་དག་དགོས་པ། གཉེན་སྒྲིག་ཡི་གེའི་མ་ཡིག་དང་བསྐྱར་དཔར(གཉེན་སྒྲིག་ཡི་གེ་མེད་ན་བཟའ་ཟླ་ཕྱོགས་གཉིས་ཀྱིས་ཁྱིམ་ཐོའི་མ་ཡིག་དང་བསྐྱར་དཔར་སྤྲོད་དགོས།  ཁྱིམ་ཐོ་ས་ཆ་གཅིག་མེད་ན་ཐོབ་ཐང་ཡོད་པའི་ལས་ཁུངས་ཀྱིས་བཟའ་ཟླའི་འབྲེལ་བར་བདེན་དཔང་བྱས་པའི་བདེན་དཔང་ཡི་གེ་རྒྱུ་ཆའི་མ་ཡིག་འདོན་སྤྲོད་བྱེད་དགོས།) ཕྱོགས་གཉིས་ཀྱི་ཐོབ་ཐང་ལག་འཁྱེར་མ་ཡིག་དང་བསྐྱར་དཔར།   བཟའ་ཟླའི་བར་ནས་ཁང་བདག་བརྗེ་བའི་གན་རྒྱའི་ཡི་གེ་མ་ཡིག་དང་བསྐྱར་དཔར། གཏན་འཇགས་རྒྱུ་ནོར་དབང་ཆའི་དཔང་ཡིག་གི་བསྐྱར་དཔར(ཁང་དབང་དཔང་ཡིག་དང་ས་ཞིང་དཔང་ཡིག་གི་བསྐྱར་དཔར)དགོས།

2. ཁྲལ་བསྡུའི་ཚད་གཞི།  བཟའ་ཟླའི་བར་ནས་ཁང་བདག་བརྗེ་ན་དཔྱ་ཁྲལ་རིན་མེད་ཡིན།

● སྡོད་ཁང་ཤུལ་འཛིན་དང་གཞན་ལ་སྟེར་བ།

1. རྒྱུ་ཆ་གང་དག་དགོས་པ།   སྡོད་ཁང་ཤུལ་འཛིན་གཞུང་དཔང་ཡི་གེའི་མ་ཡིག་དང་བསྐྱར་དཔར་ཡང་ན་དམངས་དོན་ཁྲིམས་གཅོད་ཡི་གེ་དང་བསྐྱར་དཔར།   ཐད་ཀར་གཉེན་ཉེ་བར་ལ་སྟེར་ན་ཁྱིམ་ཐོའམ་སྐྱེས་སྐར་དཔང་ཡིག་གམ་ཡང་ན་ཁྲིམས་ཁང་གི་ཐག་གཅོད་ཡི་གེའི་མ་ཡིག་དང་བསྐྱར་དཔར།  ཕྱོགས་གཉིས་ཀྱི་ཐོབ་ཐང་ལག་ཁྱེར་མ་ཡིག་དང་བསྐྱར་དཔར་སྤྲོད་དགོས། གཏན་འཇགས་རྒྱུ་ནོར་དབང་ཆའི་དཔང་ཡིག་གི་བསྐྱར་དཔར(ཁང་དབང་དཔང་ཡིག་དང་ས་ཞིང་དཔང་ཡིག་གི་བསྐྱར་དཔར)དགོས།

2. ཁྲལ་བསྡུའི་ཚད་གཞི།    ཤུལ་འཛིན་ཡིན་ན་རིན་མེད་ཡིན།  ཐད་ཀར་གཉེན་ཉེ་བར་ལ་སྟེར་བ་གནས་ཐང་འཕར་ཁྲལ་དང་མི་སྒེར་གྱི་དཔྱ་ཁྲལ་རིན་མེད་ཡིན། སྟེར་མཁན་དང་ལེན་མཁན་གྱི་གན་རྒྱའི་དཔྱ་ཁྲལ3%ཡིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།