མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་གནའ་བོའི་བང་སོ་བསྔོགས་འདོན་དང་རིག་དངོས་ལྐོག་ཚོང་བྱས་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཐད་ཀར་དུ་ཞིང་ཆེན་དང་།ཁུལ།རྫོང་རིམ་པ་བཅས་རིམ་པ་གསུམ་གྱི་སྤྱི་བདེ་མི་སྣ་རྩ་འཛུགས་དང་མཉམ་འབྲེལ་སྒོས་གནའ་བོའི་བང་སོ་བསྔོགས་འདོན་དང་རིག་དངོས་ལྐོག་ཚོང་བྱས་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་བྱུང་སྟེ། དོགས་ཡོད་ཉེས་ཅན13འཛིན་བཟུང་བྱས། བརྐུ་འཁྱེར་བྱས་པའི་རིག་དངོས400ལྷག་ཕྱིར་ལག་སོན་བྱུང་པ་དང་། གྱོད་འབྲེལ་རིག་དངོས་ཆེད་མཁས་པ་ཚོས་ཚོད་དཔག་བྱས་པ་ལྟར་ན་རིག་དངོས་གནའ་རྫས་རྩ་ཆེན་མང་པོ་ཡོད་པ་རེད།

2017ལོའི་ཟླ10པར།སྤྱི་བདེ་ཐིན་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་བྱ་བའི་ཁྲོད་རིག་དངོས་ལྐོག་འཚོང་བྱས་པའི་གྱོད་དོན་ཞིག་གི་ཁུངས་སྣེ་རྩད་ཆོད་བྱུང་བ་དང་། དུས་ཡུན་མང་པོ་ཞིག་གི་རིང་ཞིབ་ཚགས་སྒོས་རྟོག་ཞིབ་བྱས་པ་བརྒྱུད་བང་སོ་བསྔོགས་འདོན་དང་ལྐོག་འཚོང་བྱས་པའི་གྱོད་དོན་ཞིག་རྩད་ཆོད་བྱུང་། 2018ལོའི་ཟླ3པའི་ཚེས17ཉིན་གྱི་སྔ་དྲོར། ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ཟི་ལིང་ནས་བསྡུ་རུབ་བྱས་ཏེ། ཟི་ལིང་དང་།མཚོ་ནུབ་ཁུལ་གཏེར་ལམ་རྫོང་བཅས་སུ་ཁག་བགོས་ནས་ཞིབ་བཤེར་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན13འཛིན་བཟུང་བྱས་རྗེས། གནའ་རྫས400ལྷག་ཕྱིར་ལག་སོན་བྱུང་། ཉིན་དེར། སྤྱི་བདེ་ཐིན་ཏང་ཨུའི་ཨུ་ཡོན་དང་། ཐིན་ཀྲང་གཞོན་པ་པའེ་ཧྲི་ཏི་ཡིས་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ལ་སྣེ་ཁྲིད་དེ་ཟི་ལིང་ནས་འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན2འཛིན་སྐྱེལ་བྱས་ཏེ། མཚན་ལམ་རིང་བོ་བརྒྱུད་ནས་གཏེར་ལམ་རྫོང་ཐོག་ཏུ་སོང་སྟེ་གྱོད་དོན་ལ་རྩད་ཞིབ་དང་། བདེན་དཔང་འཚོལ་བ། མྱུལ་ཞིབ་བཅས་ཀྱི་བྱ་བར་མཛུབ་ཁྲིད་བྱས། མིག་སྔར། དེ་དང་འབྲེལ་ཡོད་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

པའེ་ཧྲི་ཏི་ཡིས་བསྟན་དོན། ཉེ་བའི་ལོ་འདིར། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་རིག་དངོས་ཉེས་ཅན་ཡང་ཆེད་ལས་ཅན་དང་རིག་ནུས་ཅན། ལྐོག་གྱུར་ཅན། བྱེད་ཐབས་དང་ལག་ཆ་རྒྱུན་ཆད་མེད་པར་རིམ་འཕར་བྱེད་བཞིན་ཡོད་པས། སྤྱི་བདེ་མི་སྣ་ཡིས་རིག་དངོས་སྲུང་སྐྱོབ་ཀྱི་བྱ་བ་དང་གྱོད་དོན་རྩད་ཞིབ་བྱེད་པར་དཀའ་ཁག་མང་པོ་འཕྲད་སོང་། དེ་བས་སྤྱི་བདེ་མི་སྣ་ཡིས་རྟོག་ཞིབ་བྱེད་ཐབས་གསར་བ་བཏོད་ནས།ཐོག་མཐའ་བར་གསུམ་དུ་རིག་དངོས་ཉེས་ཅན་ལ་རྡུང་རྡེག་བྱེད་རྒྱུ་མཐའ་སྲུང་བྱས་ཏེ། རིག་དངོས་ཉེས་གསོག་ཀྱི་བྱ་འགུལ་སྣ་མང་བྱུང་བཞིན་པ་ལ་གང་ནུས་ཀྱིས་བཀག་འགོག་བྱ་དགོས་པ་མ་ཟད། མཉམ་དུ་རིག་རྫས་དོ་དམ་སྡེ་ཁག་གིས་ཟམ་མི་ཆད་པར་རྡུང་རྡེག་དང་མ་འོངས་སྔོན་འགོག་བཅས་མཉམ་འབྲེལ་ཐོག་རིག་དངོས་ཉེས་གསོག་ནུས་པ་རྒྱུན་ཐོན་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཐུན་སྦྱོར་མཉམ་སྒྲུབ་བྱེད་པར་ཤུགས་སྣོན་རྒྱག་པ།  མང་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་དང་། རྒྱལ་ཁབ་ཀྱི་རིག་དངོས་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱ་དགོས་ཟེར།

ལོ་ཙཱ་བ།རྟ་མགྲིན་དཔལ།