རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་སོགས་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་ཐོག་དཀའ་གནད་ཆེ་བའི་ནད་གཞི་གཙོ་བོའི་ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་ཀྱི་ནད་ཐོག་སྨན་བཅོས་མཉམ་ལས་ཚོད་ལྟའི་ས་ཚིགས་གཏོད་པའི་བརྡ་ཐོ་བཏང་བ།

ཉེ་ཆར། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་སོགས་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། སྤྱི་ལོ་༢༠༡༨ལོའི་ཟླ་དང་པོ་ནས་བཟུང་འཁོར་ཡུན་ལོ་གསུམ་གྱི་དཀའ་གནད་ཆེ་བའི་ནད་གཞི་གཙོ་བོའི་ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་ཀྱི་ནད་ཐོག་སྨན་བཅོས་མཉམ་ལས་ཚོད་ལྟའི་ས་ཚིགས་ཀྱི་ལས་དོན་སྤེལ་རྒྱུ་དང་། རྣམས་གྲངས་༥༨ཚོད་ལྟའི་རྣམ་གྲངས་ཀྱི་ཁོངས་སུ་བདམས་པ་དང་། གཅིན་པ་མངར་འགྱུར་གྱི་ནད་དང་འདུས་ནད། མཆིན་པའི་འབྲས་སྐྲན། ཀླད་ཁྲག་འགག་པ་སོགས་ནད་རིགས་༣༠ལྷག་ཙམ་དེ་ཁོངས་སུ་གཏོགས་ཡོད་པ་རེད།

བརྡ་ཐོའི་ནང་། ཚོད་ལྟའི་ལས་དོན་གྱིས་དཀའ་གནད་ཆེ་བའི་ནད་གཞི་གཙོ་བོའི་ནད་ཐོག་སྨན་བཅོས་གྱི་ཕན་ནུས་ཐོན་རྒྱུ་དམིགས་ཡུལ་དུ་བཟུང་ནས། ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་ཕྱོགས་གཉིས་པོས་ཐོན་ཁུངས་སྡེབ་སྒྲིལ་དང་། དགེ་མཚན་གསབ་རེས། མཉམ་སྡེབ་ཐོག་དཀའ་ནད་ལས་སྒྲོལ་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་བཟུང་འབྲེལ་ཐོག་ནད་རིགས་འགོག་བཅོས་བྱེད་པའི་བསམ་གཞིགས་གསར་པ་དང་། ཐབས་ལམ་གསར་པ། རྣམ་པ་གསར་པ་བཅས་འཚོལ་ཞིབ་བྱ་དགོས་རྒྱུ་བསྟན་ཡོད།

པེ་ཅིན་ཀྲུང་ལུགས་སྨན་རྫས་སློབ་ཆེན་ཁྲིམས་ལུགས་ཚན་པའི་སྨན་བཅོས་འཕྲོད་བསྟེན་ཁྲིམས་ལུགས་ཀྱི་དགེ་རྒན་ཆེན་མོ་གཞོན་པ་ཏེང་ཡུང་གིས། ཐེངས་འདིའི་དཀའ་གནད་ཆེ་བའི་ནད་གཞི་གཙོ་བོའི་ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་ཀྱི་ནད་ཐོག་སྨན་བཅོས་མཉམ་ལས་ཚོད་ལྟའི་ས་ཚིགས་གཏོད་པ་ཚུད་པའི་སྲིད་ཇུས་རབ་དང་རིམ་པས། ཀྲུང་ལུགས་སྨན་བཅོས་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་ཐེབས་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།

ཐེངས་འདིའི་བརྡ་ཐོ་དང་མཉམ་དུ་པར་འགྲེམས་བྱས་པའི་དཀའ་གནད་ཆེ་བའི་ནད་གཞི་གཙོ་བོའི་ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་ཀྱི་ནད་ཐོག་སྨན་བཅོས་མཉམ་ལས་ཚོད་ལྟའི་རྣམས་གྲངས་ལག་བསྟར་བྱ་ཐབས་ཞེས་པའི་ནང་། མཉམ་ལས་སྒྲིག་གཞིའི་འཛུགས་སྐྱོང་གི་ཐད། ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་མི་སྣའི་དབར་མཉམ་ལས་དམ་ཟབ་ལྡན་པའི་མཉམ་བསྡུས་ནད་དཔྱད་དང་། མཉམ་འབྲེལ་སྒོ་བསྟེན་སྨན་བཅོས། མཉམ་འབྲེལ་ནད་ཁང་། མཉམ་འབྲེལ་ཐོག་ནད་རྟགས་ལ་གྲོས་བསྡུར་བྱེད་པ། རིག་གཞུང་མཉམ་འབྲེལ། ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་ཀྱི་མཐོ་རིམ་ཤེས་ལྡན་མི་སྣ་བརྗེ་རེས་རྣམ་པའི་གསོ་སྐྱོང་སོགས་ཀྱི་མཉམ་ལས་རྣམ་པ་དང་སྨན་བཅོས་ལམ་ལུགས་འཛུགས་པ་དང་། ནད་པར་སྔོན་འགོག་དང་སྨན་བཅོས་བྱེད་པ་ནས། ན་ཚ་དྲག་སྐྱེས་ཐུབ་པའི་གཞི་གཅིག་ཅན་གྱི་ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་མཉམ་འབྲེལ་མཉམ་ལས་ཕྱོགས་བསྡུས་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་དགོས་ཚུལ་བསྟན་ཡོད།

ཏེང་ཡུང་གིས། སྲིད་གཞུང་ཚན་པ་དང་། སྨན་རྫས་འཕྲོད་བསྟེན་སྲིད་འཛིན་གཙོ་འགན་སྡེ་ཁག དེ་བཞིན་རྒྱ་ཆེའི་མང་ཚོགས་བཅས་ཀྱིས་ཀྱང་གཞོགས་འདེགས་ཧུར་ཐག་བྱེད་དགོས་པ་དང་། ནད་གཞི་དྲག་སྐྱེས་མགྱོགས་པོ་ཡོང་རྒྱུ་དང་སྨན་བཅོས་ཀྱི་དཔལ་འབྱོར་ཁེ་ཕན་ཁོ་ནར་དམིགས་མི་རུང་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་དབར་ཕན་ཚུན་རོགས་འདེགས་བྱེད་པའི་ཆ་སྦྱོར་ལས་ཀ་ཁག་ལེགས་པོ་སྒྲུབ་ནས། སྲིད་ཇུས་ལག་བསྟར་བྱ་རྒྱུར་འགན་ལེན་ཡོང་བ་བྱ་དགོས་ཞེས་གསུངས་ཡོད་པ་རེད།