ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱིས2018 ལོའི་ཁ་གཏད་སྡེ་ཁག་གི་ལས་ཀའི་འབྲེལ་གཏུག་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ3པའི་ཚེས22 ཉིན་ལ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གིས2018 ལོའི་ཁ་གཏད་སྡེ་ཁག་གི་ལས་ཀའི་འབྲེལ་གཏུག་ཚོགས་འདུ་འཚོགས་པ་རེད། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏེ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་བ་རེད།  ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཞིང་ཆེན་སྲིད་གཞུང་གི་ཁྲིམས་ལུགས་གཞུང་ལས་ཁང་དང་། ཁ་གཏད་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད། ཚོགས་འདུའི་ཐོག་2018 ལོའི་ལས་དོན་གཙོ་བོ་བཀོད་སྒྲིག་ཁྱབ་བསྒྲགས་བྱས་པ་དང་།  ཞིང་ཆེན་རྒྱལ་སའི་ཐོན་ཁུངས་ཐིན་དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་སོགས་ཁ་གཏད་འབྲེལ་གཏུག་གི་སྡེ་ཁག6ཡིས་སྤེལ་རེས་བྱས་པ་རེད།

ལིའུ་ཐུང་ཏེ་ཡིས་བསྟན་དོན། ལོ་འདི་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱི་འགོ་ཚུགས་པའི་ལོ་ཡིན་ལ། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་ནུས་ལག་བསྟར་འགོ་ཚུགས་པའི་ལོ་ཡང་ཡིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པའི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། དུས་རབས་གསར་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལས་དོན་དང་སྲིད་གཞུང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འབད་བརྩོན་གྱི་ཁ་ཕྱོགས་གསར་པ་གསལ་སྟོན་གནང་སྟེ། སྐབས་གསར་བའི་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལས་དོན་ཐད་སྔར་ལས་ནན་པོ་དང་མཐོ་བའི་བླང་བྱ་བཏོན་ཡོད།

ང་ཚོས་ཧུར་ཐག་གིས་དུས་རབས་གསར་པའི་བླང་བྱ་གསར་པར་བསྟུན་ཞིང་། སྟོབས་ཤུགས་ཡོད་རྒུས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་དགོས།གཅིག་ནས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་ལམ་ལུགས་ཀྱི་ཡིད་ཆེས་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏང་དགོས་པ་དང་།  མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཆབ་སྲིད་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱ་དགོས། གཉིས། གནས་བབ་གསར་པ་ཁོང་དུ་ཆུད་པ་དང་། རང་རྟོགས་སྒོས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏང་དགོས་པ་དང་། སྐྱེ་ཁམས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་སྒྱུར་དགོས་པ། དོན་དངོས་སུ“ ཏན་ཏིག་བཞིའི་” བླང་བྱ་གལ་ཆེན་དང་“སྒྱུར་བ་བཞི” དེར་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་ཁྱབ་ཁོངས་ནས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱེད་དགོས ། གསུམ། ཕན་འབྲས་ལ་དོ་སྣང་བྱེད་པ་དང་། མཉམ་ཤུགས་ཇེ་ཆེར། ནུས་པ་ཆེར་སྐྱེད། ལས་ཀའི་ཕན་འབྲས་དངོས་ཆེ་རུ་ཡོང་རྒྱུ་བཅས་ཀྱི་ཐོག་འབད་བརྩོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་ཕྱོགས་ལེགས་སྒྲིག་བྱས་ཏེ་ཚད་གཞི་མཐོ་བའི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་ཡོང་ཐུབ་པ་བྱ་དགོས།

ལོ་ཙཱ་བ། གཡང་སྐྱིད།