རྒྱལ་ཁབ་ནས་༢༠༡༨ལོའི་ཁང་བའི་རིན་གོང་ཐད་ནས་གཏམ་བཟང་དྲུག་བསྒྲགས་བྱུང་།

 



        ༢༠༡༧ལོའི་ཟླ༡༢པའི་ཚེས༢༠ཉིན་ལ། ནོར་སྲིད་པུའུ་ཡི་པུའུ་ཀྲང་ཞའོ་ཅའེ་ཡིས་མི་དམངས་ཉིན་རེའི་ཚགས་པར་ཐོག་བཀོད་པའི་རྩོམ་ཅིག་ཏུ། སྔོན་ལ་ཁྲིམས་འཛུགས་ལག་བསྟར་དང་། དེ་ནས་དབང་ཆ་གང་ལེགས་སྤྲོད་པ། མཐའ་མར་རིམ་བགོས་སྐུལ་འདེད་གཏོང་བ་བཅས་ཀྱི་རྩ་དོན་གཞིར་བཟུང་ཐོག་མར་ས་ཁང་ཐོན་དབང་གི་དཔྱ་ཁྲལ་ལ་ཁྲིམས་འཛུགས་ལག་བསྟར་བྱས་ཏེ།བཟོ་ཚོང་ལས་རིགས་ཐད་སྤྱོད་བྱའི་ཁང་པ་དང་མི་སྒེར་གྱི་སྡོད་ཁང་གིས་(གཤམ་ནས་ས་ཁང་ཐོན་དབང་གི་དཔྱ་ཁྲལ་དེ་ཁང་ཁྲལ་ཞེས་བསྡུས་འབྲི་བྱ་རྒྱུ)ཁང་པར་དཔྱད་དཔག་བྱས་པའི་རིན་གོང་ལྟར་ཁང་དཔྱ་སྤྲོད་དགོས་ན་ཡང་། ཁང་པ་འཛུགས་སྐྲུན་དང་ཉོ་ཚོང་གི་གོ་རིམ་ཁྲོད་སྤྲོད་དགོས་པའི་ཁྲལ་གྲོན་གྱི་ཁུར་བོ་འོས་འཚམ་ཇེ་ཡང་དུ་བཏང་ནས་དེང་རབས་ཀྱི་ས་ཁང་བདག་དབང་དང་འཚམ་པའི་དཔྱ་བསྡུ་ལམ་ལུགས་འཐུས་ཚང་བ་ཞིག་རིམ་བཞིན་གཏན་ལ་འབེབ་དགོས་ཞེས་བསྟན་འདུག

 

ས་ཁང་བདག་དབང་གི་དཔྱ་ཁྲལ་གསལ་འབེབས་བྱ་རྒྱུ།

 ༢༠༡༩ལོར་ཁྲིམས་འཛུགས་ཀྱི་གོ་རིམ་སོ་སོ་ཚགས་སུ་ཚུད་དགོས་པ་དང་།  ༢༠༢༠ལོར་ཁྲིམས་ནང་གཏན་ལ་ཕབ་པའི་ཁང་དཔྱ་བསྡུ་བའི་རྩ་དོན་དོན་འཁྱོལ་དགོས་པའི་བཅོས་སྒྱུར་གྱི་འོས་འགན་འགྲུབ་དགོས། ད་སྔ་རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་དྲ་སྦྲེལ་གྱི་ལས་ཀ་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད་པས། འདིའི་རྗེས་སུ་བསྒྲུབ་རྒྱུའི་ལས་ཀ་ནི་ཁྲིམས་འཛུགས་དང་དེ་འབྲེལ་གྱི་ལྷུ་སྒྲིག་བྱེད་ཐབས་འདོན་རྒྱུ་དེ་རེད།

 

ཁང་དཔྱ་དེ་འདྲ་མཉམ་ཡོང་བར་ཅི་བྱས་ཁག་ཐེག་བྱེད་དགོས།

མི་སྒེར་ལ་སྡོད་ཁང་གཉིས་ཡན་དང་གསུམ་ཡོད་པ་ཅན་གྱིས་ཁང་དཔྱ་འཇལ་དགོས། འདི་ལ་ཆ་རྐྱེན་རིགས་མི་འདྲ་བ་གསུམ་ཡོད་དེ། གཅིག་ནི་སྡོད་ཁང་དེས་ད་དུང་ཐོན་ཁུངས་མང་པོ་བཟུང་ཡོད་ཚེ་དེ་བསྟུན་གྱི་དཔྱ་ཡང་མང་པོ་འཇལ་དགོས། དཔེར་ན་སྨི་གྲུ་བཞི་མ་བརྒྱ་ཅན་དུ་སྡོད་པའི་ཁང་པ་དང་། སྨི་གྲུ་བཞི་མ་༢༠༠ཅན་དུ་སྡོད་པའི་ཁང་བདག་གཉིས་ལ་མཚོན་ན། ཕྱི་མས་དཔྱ་སྔ་མ་ལས་མང་བ་འཇལ་དགོས།

གཉིས་ནས།  ཐོན་ཁུངས་ལེགས་ཤོས་འཛིན་མཁན་གྱིས་དཔྱ་མང་པོ་འཇལ་དགོས།  དཔེར་ན། ང་དང་ངའི་གྲོགས་པོ་གཉིས་ལ་སྨི་གྲུ་བཞི་མ་བརྒྱ་ཅན་གྱི་ཁང་པ་གཅིག་མཚུངས་རེ་ཡོད་ཀྱང་།  ཁོའི་ཁང་པ་དེ་གྲོང་ཁྱེར་གྱི་ལྟེ་བ་དང་། དེ་མི་ཚད་སློབ་ཁུལ་གྱི་ཁང་བ་ཡིན། ངའི་ཁང་པ་དེ་གྲོང་ཁྱེར་བྱང་འདབས་ཀྱི་བཟོ་གྲྭའི་མཁྲིས་སུ་ཡོད་པས།   ཁོས་ང་ལས་དཔྱ་མང་པོ་འཇལ་དགོས་པ་ལྟ་བུ་རེད།  

གསུམ་ནས། འཚོ་བའི་ཁང་པ་དང་འགན་སྲུང་ཁང་བ་ཡིན་ན་དཔྱ་འཇལ་མི་དགོས།

ཁང་པ་ཐོག་མ་དང་ཁང་པ་ལེགས་བཅོས་ལ་རྒྱབ་སྐྱོར་བྱ་རྒྱུ།

སྡོད་ཁང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཝང་མེང་ཧུའེ་ཡིས།  སྙོམ་སྒྲིག་ཚོད་འཛིན་གྱི་དམིགས་འབེན་ལ་འགྱུར་བ་མེད་པའི་མི་ཚད་ད་དུང་མུ་མཐུད་ནས་དམ་འཛིན་བྱས་ཏེ། ས་ཁང་གི་ཁྲོམ་ར་གཏན་འཇགས་སྐྱོན་བྲལ་ངང་གོང་དུ་སྤེལ་བའི་ཕུགས་ཕན་གྱི་ལམ་ལུགས་འཐུས་ཚང་བ་བཙུགས་ནས་ས་ཁང་གི་ཁྲོམ་ར་སྙོམ་སྒྲིག་ཚོད་འཛིན་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན་རྒྱུན་སྐྱོང་དང་། ས་གནས་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་སྔར་བས་ཇེ་དྲག་ཏུ་གཏང་རྒྱུ་ཞེས་བསྟན། 

 

 

སྙོམ་སྒྲིག་ཚོད་འཛིན་བྱེད་དུས་ཕྱོགས་རིས་དང་བར་ཁྱད་དོད་པར་མཐའ་གཅིག་ཏུ་གཏན་འགོག་བྱ་རྒྱུ།

ཁང་པ་ལེགས་བཅོས་ལ་རྒྱབ་སྐྱོར་དང་། གོང་ཆེན་དུ་འཚོང་བར་བཀག་འགོག་བྱ་རྒྱུ།

༢༠༡༨ལོར་སོ་སོའི་དགོས་མཁོ་རིགས་མི་འདྲ་བར་གཞིགས་ནས་དེ་བསྟུན་གྱི་སྙོམ་སྒྲིག་ཚོད་འཛིན་ཀྱི་སྲིད་ཇུས་བཏོན་ནས་སྡོད་ཁང་ཐོག་མ་དང་ལེགས་སྒྱུར་དགོས་པའི་སྡོད་ཁང་ལ་རྒྱབ་སྐྱོར་བྱེད་པ་ལས་སྐབས་བསྟུན་གྱིས་ཁང་པ་གོང་ཆེན་གོང་མཐོར་འཚོང་བར་ཚོད་འཛིན་ནན་མོ་བྱ་རྒྱུ།

༢༠༡༨ལོར་ཁང་པ་ཐོག་མ་དང་ལེགས་བཅོས་བྱ་དགོས་ཀྱི་ཁང་པ་དག་ལ་སྲིད་ཇུས་ནས་རྒྱབ་སྐྱོར་བྱེད་སྲིད། དཔེར་ན་སྡོད་ཁང་གི་ཡིད་རྟོན་སྐྱི་དངུལ་གྱི་ཁེ་ཕོག་ཇེ་ཉུང་དང་། སྡོད་ཁང་དེ་རིགས་ཀྱི་དཔྱ་ཁྲལ་ཇེ་ཉུང་ནས་མེད་པར་གཏང་སྲིད་པ་ལྟ་བུ་ཡིན།

ཁང་པ་གོང་ཆེན་དུ་བཙོང་མཁན་ལ། གཅིག་ནས་སྲིད་ཇུས་ནས་བཙན་དྲག་བཀོལ་ནས་ལག་ཐོག་གི་ཁང་བའི་ཐོན་ཁུངས་ཕྱིར་ཕུད་རྒྱུ་དང་།  གཉིས་ནས་མུ་མཐུད་ནས་གོང་ཆེན་འཚོང་བའི་ཚོང་ལམ་འགོག་རྒྱུ།

 

ཁང་ས་གསར་སྤེལ་ཕྱོགས་ཀྱིས་ཁང་པ་ཉོ་སྒྲུབ་མཁན་གྱིས་གཞུང་གསོག་མ་དངུལ་(公积金)སྤྱད་དེ་དངུལ་བསྐྱི་ལེན་དུས་ངེས་པར་དུ་དེ་དང་ལེན་བྱེད་དགོས།

ཁང་པ་ཉོ་མཁན་མང་པོ་ཞིག་སྔོན་ཆད་ཁ་སྐྱེངས་བའི་གནས་ཚུལ་འདི་འདྲ་འཕྲད་ཡོང་གི་ཡོད།  ཁོ་ཚོར་གཞུང་གསོག་མ་དངུལ་ཡོད་ལ། ཁེ་ཕོག་ཉུང་བའི་དངུལ་བུན་བསྒྲུབ་རྒྱུའི་ཆ་རྐྱེན་ཡང་ཡོད་མོད།  ཁང་ས་གསར་སྤེལ་ཚོང་ཕྱོགས་ཀྱིས་མ་དངུལ་མྱུར་དུ་ལག་སོན་བྱུང་ཆེད་གཞུང་གསོག་མ་དངུལ་བཀོལ་སྤྱོད་བྱེད་དུ་མི་འཇུག་པ་རེད།   སྡོད་ཁང་འཛུགས་སྐྲུན་པུའུ་དང་། ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་དབང་ས་ཞིང་ཐོན་ཁུངས་པུའུ་བཅས་ཀྱིས་ཚུལ་དེར་གཞིགས་ནས་མཉམ་འབྲེལ་ཐོག་《གཞུང་གསོག་མ་དངུལ་ཡོད་པའི་ལས་བཟོ་བས་ཁང་པ་ཉོ་བར་དངུལ་བུན་ལེན་རུང་བའི་ཁེ་དབང་སྲུང་སྐྱོང་སྐོར་གྱི་བརྡ་ཐོ》བཀྲམས་ནས་སྡོད་ཁང་གི་གཞུང་གསོག་མ་དངུལ་ཡོད་པའི་ལས་བཟོ་བས་ཁང་པ་ཉོ་སྒྲུབ་ཀྱི་དངུལ་བུན་ལེན་ཆོག་པའི་ཁེ་དབང་སྲུང་ཡོད་པ་རེད། 

   ཁང་བའི་ཐུན་མོང་གི་བདག་དབང་ཞེས་པ་ཅི་ཡིན།

གོ་སླ་བོ་བཤད་ན། ཁང་པ་གཅིག་སྲིད་གཞུང་དང་ཁང་བ་ཉོ་མཁན་ཕྱོགས་གཉིས་ནས་མ་དངུལ་བསྡུས་ནས་ཉོས་བའི་ཁང་ལ་ཟེར།  དེ་ནི་ཁང་པ་ཉོ་མཁན་གྱིས་ཁང་པ་ཉོ་དུས་མ་དངུལ་ཉུང་ངུ་རེ་བཏང་ནས་ཉོས་ཆོག་པ་ཞིག་ཡིན། 

འོ་ན་ཐུན་མོང་གི་ཁང་པའི་བདག་དབང་དེ་དོན་དམ་སུ་ལ་དབང་བ་ཡིན་ཞེ་ན།
              དང་པོ་ཁང་པ་ཉོ་དུས་ཁང་པའི་རིན་པ་དེ་ཉོ་མཁན་དང་སྲིད་གཞུང་། སྡོད་ཁང་མཐུན་ཚོགས་སམ་སྤྱི་ཚོགས་ཀྱི་ཁེ་གཉེར་མིན་པའི་ལས་ཁུངས་བཅས་ཀྱིས་མ་དངུལ་བཏང་བ་ཡིན་ཕྱིན། མ་དངུལ་གྱི་མང་ཉུང་ལྟར་ཁང་བའི་བདག་དབང་ཡང་དེ་དག་ཐུན་མོང་ལ་དབང་བ་ཡིན། ཁང་པ་ཉོས་རྗེས་སུ། ཁང་པ་ཉོ་མཁན་གྱི་ཡོང་སྒོ་ཇེ་མང་དང་རྒྱུ་འབྱོར་བ་ཅུང་འཛོམས་པའི་བབ་དང་བསྟུན་ནས་ཁང་པ་དེའི་བདག་དབང་རིམ་གྱིས་ཉོས་ཆོག  བདག་དབང་ཉོས་རྗེས་སུ་ཁང་པ་དེ་ཁང་པ་ཉོ་མཁན་ཁོ་ནར་དབང་བ་ཡིན། གོ་སླ་མོར་བཤད་ན། ཁང་པ་ཉོ་དུས་དཀའ་ཁག་ཅུང་ཡོད་དུས་སྔོན་ལ་ཆ་རྐྱེན་ལ་བལྟས་ཏེ་ཁང་པ་ཉོས་ཆོག་ཀྱང་། ཁང་པ་དེ་སྲིད་གཞུང་དང་ཁང་པ་ཉོ་མཁན་གཉིས་ནས་ཉོས་པ་ཡིན་པས་བདག་དབང་ཐུན་མོང་ལ་དབང་བ་ཡིན། ལོ་འགའི་རྗེས་སུ་ཁང་པ་ཉོ་མཁན་ཕྱོགས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་སོང་ནས་ཁང་བའི་བདག་དབང་ཉོ་ཐུབ་པའི་དུས་ལ་བབ་ཚེ་ཐད་ཀར་ཁང་པའི་བདག་དབང་ཉོས་ཆོག་པ་རེད།

ཐུན་མོང་གི་སྡོད་ཁང་བདག་དབང་དེ་བྱེ་བྲག་ཅི་ལྟར་བསྒྲུབ་དགོས།


དཔེར་ན། ཁྱེད་ཀྱིས་སྨི་གྲུ་བཞི་མ་གཅིག་ལ་སྒོར་བརྒྱད་སྟོང་གི་ཁང་པ་ཞིག་ཉོ་འདོད་ཀྱང་། ལག་ཏུ་མ་དངུལ་གྱིས་མི་འདང་བས་ཉོ་ཐབས་མེད་ན་ཡང་། སྲིད་གཞུང་གིས་ཁྱེད་ལ་ཁང་པ་ལས་རོགས་དང་གོང་ཚད་དམའ་མོས་ཉོ་རོགས་སམ་ཡང་ན་ཁྱེད་ཀྱིས་བརྒྱ་ཆའི་༧༠ནས་༨༠གཏོང་ཐུབ་ཚེ། ལྷག་མ་སྲིད་གཞུང་གིས་གཏོང་རོགས་བྱེད་པ་དང་།  ཁང་པ་དེར་ཁང་གླ་མི་དགོས་པར་གང་དགར་བསྡད་ཆོག་ཅིང་།   དེའི་རིང་གི་དངོས་ལས་དང་། ཆུ་དང་གློག་ལ་སོགས་ཀྱི་རིན་པ་རང་གིས་འགན་འཁུར་དགོས། ནམ་ཞིག་ཁྱེད་ལ་ཆ་རྐྱེན་འཛོམས་དུས་སྲིད་གཞུང་གི་རོགས་བྱས་པའི་བརྒྱ་ཆའི་སུམ་ཅུ་དང་ཉི་ཤུ་ལྷག་ལུས་མེད་པར་སྤྲད་རྗེས་ཁང་པ་དེའི་བདག་དབང་ཁྱོད་གཅིག་པུ་ལ་དབང་ཐུབ་པ་ཡིན།

རྫོང་མཁར་གྱི་ཐོག་ཁང་ཁྲོམ་རའི་ཁང་ལྷག་ཇེ་ཉུང་དུ་གཏང་རྒྱུ།

༢༠༡༨ལོར་ཁང་པའི་ཉོ་ཚོང་ཁྲོམ་རར་ཉར་བའི་ཁང་ལྷག་སྔར་བཞིན་མང་བས།  རིམ་པ་གསུམ་པ་དང་བཞི་བའི་གྲོང་ཁྱེར་དང་རྫོང་མཁར་གྱིས་མུ་མཐུད་ནས་ཁང་ལྷག་ཇེ་ཉུང་དུ་གཏང་རྒྱུ།


ལོ་ཙཱ་བ། ཁོན་ཐར་འཚོ།