མཚོ་སྔོན་ཚོང་གཏམ་ཚོགས་འདུ་སྐབས་བཅུ་དགུ་བ་དེ་སྤྱི་ཟླ༦པའི་ཚེས༢༦ཉིན་འཚོགས་འཆར་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།   ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་དངུལ་གཏོང་འཇོག་ཚོང་གཏམ་ཚོགས་འདུ་དེ་ད་ལོའི་ཟླ༦པའི་ཚེས༢༦ཉིན་འཚོགས་རྒྱུ་ཡིན་ཞིང་། ཐེངས་འདིའི་ཚོགས་འདུའི་སྔོན་ཆད་དང་མི་འདྲ་ས་ཞིག་ནི་ཚོགས་འདུ་དངོས་ཟླ༦པའི་ཚེས༢༦ཉིན་ནས་ཟླ༦པའི་ཚེས༢༩ཉིན་བར་འཚོགས་རྒྱུ་ཡིན་པ་དང་། ཚོང་འགྲེམས་ཟླ༦པའི་ཚེས༢༦ཉིན་ནས་ཟླ༧པའི་ཚེས༡ཉིན་བར་ཡིན་པ་དེ་རེད།  

ཐེངས་འདིའི་མཚོ་སྔོན་ཚོང་གཏམ་ཚོགས་འདུར། སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་གཟེངས་སུ་དོད་ནས“ལྗང་མདོག་གོང་འཕེལ”གྱི་ལམ་བུ་གསར་པར་འདོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་གཟེངས་སུ་དོད་དེ“གསར་གཏོད་ཀྱི་སྒུལ་ཤུགས”གསར་པར་སྐུལ་འདེད་བྱེད་པ།     རྒྱལ་ཁབ་ཀྱི་འཐབ་ཇུས་གཟེངས་སུ་དོད་དེ་“བསྡམས་གློད་དཔལ་འབྱོར”གྱི་མཉམ་ལས་གསར་པར་སྐུལ་སྤེལ་བྱེད་པ། ཁྱད་ཆོས་ལྡན་པའི་བྱེད་སྒོ་སྤེལ་ནས“དངུལ་འགུགས་རིག་འདྲེན”གྱི་ཐབས་ལམ་གསར་པ་འབྱེད་པ། དཀྱེལ་ཡངས་རང་རྟོན་གཟེངས་སུ་དོད་དེ“གཉིས་ཕན་མཉམ་རྒྱལ”གྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ཁྱད་ཆོས་ཆེན་པོ་ལྔ་ལྡན།

ཤེས་གསལ་ལྟར་ན།  མཚོ་སྔོན་ཚོང་གཏམ་ཚོགས་འདུ་སྐབས་བཅུ་དགུ་པས་ཚོགས་འདུའི་འགོ་མཇུག་གི་མཛད་སྒོ་སོགས་བྱེད་སྒོ་རབ་དང་རིམ་པ་དང་། བརྗོད་དོན་ཅན་གྱི་བྱེད་སྒོ།  མ་དངུལ་གཏོང་འཇོག་ཡར་སྐུལ་གྱི་བྱེད་སྒོ།  འགྲེམས་སྟོན་འགྲེམས་ཚོང་།  མཚོ་སྔོན་པོ་བསྐོར་བའི་གློག་སྒུལ་རླངས་འཁོར་གྱི་འགྲན་བསྡུར་སྐབས་ལྔ་པ་བཅས་བསྡོམས་པའི་བྱེད་སྒོ་ཆེ་ཤོས་ལྔ་དང་ཆུང་ངུ་ལྔ་བཅུ་ལྷག་སྤེལ་འཆར་ཡོད་པ་མ་ཟད།   འགྲེམས་ཚོང་གི་སྐབས་སུ། ན་ནིང་བཞིན་ཆུ་ཚོད༡༦༨རིང་ལ་ནུས་ཁུངས་གཙང་མའི་གློག་མཁོ་འདོན་གྱི་རྨང་གཞིའི་ཐོག   ཉིན་དགུའི་རིང་གི་གློག་གཙང་མ་སྟེ་ནུས་ཁུངས་གཙང་མ་ང་ཚོའི་གམ་ན་ཡོད་ཅེས་པའི་བྱེད་སྒོ་སྤེལ་རྒྱུའི་འཆར་གཞི་ཡོད།

གཞན་ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་ཐོག་མ་དངུལ་གཏོང་འཇོག་མཉམ་ལས་ཁང་དང་། ཐོན་ལས་དང་གྲོང་ཁྱེར་མཉམ་བསྲེས་ཁང་།  མཐོ་སྒང་ཆེད་དོན་ཁང་། ཁེ་ལས་བརྗེ་སྤེལ་ཁང་། ཁྱད་ལྡན་ཐོན་རྫས་ཁང་བཅས་འགྲེམས་ཁུལ་ཆེ་ཤོས་ལྔ་ཐོག་མར་བཀོད་སྒྲིག་བྱ་རྩིས་ཡོད་ཅིང་། དེའི་ནང་མ་དངུལ་གཏོང་འཇོག་མཉམ་ལས་ཁང་དུ་ཞིང་ཆེན་བར་གྱི་རོགས་ལས་ཁང་དང་མཚོ་སྔོན་ཕྱོགས་བསྡུས་ཁང་སོགས་དང་། ཁྱད་ལྡན་ཐོན་རྫས་ཁང་དུ་དབྱི་ཐ་ལིའི་ཐོན་རྫས་འགྲེམས་སྟོན་བཅས་བཀོད་སྒྲིག་རྒྱག་འཆར་ཡོད་འདུག

 

ལོ་ཙཱ་བ། ཁོན་ཐར་འཚོ།