ཟི་ལིང་ཉེན་རྟོག་པས་ཁྲིམས་འགལ་གྱིས་དངུལ་བསྡུ་རུབ་བྱེད་པའི་གྱོད་དོན་ཞིག་རྩད་ཆོད་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚེས7ཉིན་གྱི་ཞོགས་པར། ཟི་ལིང་ཉེན་རྟོགས་པས་ཁྲིམས་འགལ་གྱིས་དངུལ་བསྡུ་རུབ་བྱེད་པའི་གྱོད་དོན་ཞིག་རྩད་ཆོད་བྱུང་སྟེ།མི་གསུམ་འཛིན་བཟུང་བྱས། ལག་སྒོར་མ་དངུལ་ལག་སོན་བྱུང་ནས་སྒོར་ཁྲི500 ལྷག་བཀག་སྡོམ་བྱས། འདི་ནི་ཟི་ལིང་ཉེན་རྟོག་པ་ཡིས་ལོ་འདི་འགའི་རིང་རྩད་ཆོད་བྱུང་བའི་ནང་ལག་སྒོར་གྲངས་ཀ་ཆེས་མང་བའི་ཁྲིམས་འགལ་གྱི་གྱོད་དོན་དེ་ཡིན་སོང་།

མིག་སྔར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་སྤྱི་བདེ་ཅུའུ་དཔལ་འབྱོར་མྱུར་ཞིབ་རུ་ཁག་གིས་བྱ་བའི་ཁྲོད་རྒྱུས་ལོན་བྱུང་བ་ལྟར་ན། བདེ་སྲུང་ཐོན་རྫས་གནང་བའི་ཚོང་ཁང་ཞིག་གིས་བརྡ་ཁྱབ་འགྲོ་གྲོན་ཕྱིར་སློག་ལ་ཁ་གཡར་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱས། ཁུངས་སྣེ་འདི་རྙེད་པ་ནས་བཟུང་། མི་དམངས་ཉེན་རྟོག་པ་ཡིས་འབྲེལ་ཡོད་གནས་ཚུལ་ལ་འདྲི་རྩད་གསལ་བོ་བྱས།

ཉིན་དེའི་ཕྱི་དྲོར་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག གྲོང་བྱང་སྤྱི་བདེ་ཡན་ལག་ཅུས་དཔལ་འབྱོར་མྱུལ་ཞིབ་རུ་ཆེན་སོགས་སྡེ་ཁག་གིས་མགྱོགས་མྱུར་ངང་མི་དམངས་ཉེན་རྟོག་པ་མངགས་ནས་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཐོག་མའི་བརྟག་དཔྱད་བྱས་པར་གཞིགས་ན། ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་གྱོད་གཞི་དང་འབྲེལ་བ་ཡོད་པའི་མང་ཚོགས་མི་གྲངས་མང་བ་དང་། གྱོད་འབྲེལ་དངུལ་འབོར་སྒོར་བྱེ་བ་གཅིག་ལ་ཉེ་བ་ཡོད།

མང་ཚོགས་ཀྱི་གྱོང་གུན་ཡོད་རྒུ་གསབ་ཆེད།མི་དམངས་ཉེན་རྟོག་པ་མཚན་མོ་དེར་འགུལ་སྐྱོད་བྱས། ཚེས7གྱི་སྔ་དྲོར་མཁར་བྱང་ཁུལ་ཟམ་ཆུང་ལམ་ཆེན་གྱི་ཁང་པ་གླས་མ་ཞིག་གི་ནང་དུ་མ་དངུལ་སྤོ་བཞིན་པའི་དོགས་ཡོད་ཉེས་ཅན་བཱང་ག་གེ་མོ་འཛིན་བཟུང་བྱས། ཁང་བ་གླས་མའི་འོག་ཏུ་བཞག་པའི་རླངས་འཁོར་གྱི་ནང་དུ་ལག་སྒོར་ཁྲི420ལག་སོན་བྱུང་བ་མ་ཟད། དོགས་ཡོད་ཉེས་ཅན་གྱི་དངུལ་བྱང་ལས་སྒོར་ཁྲི78བཀག་སྡོམ་བྱས།

མིག་སྔར། མི་དམངས་ཉེན་རྟོག་པ་ཡིས་དོགས་ཡོད་ཉེས་ཅན་གསུམ་འཛིན་བཟུང་བྱས་པ་དང་། གྱོད་དོན་གྱི་འབྲེལ་ཡོད་གནས་ཚུལ་སྔར་ལས་ཞིབ་གཅོད་བྱེད་སྒང་ཡིན་ནོ།།