རང་རེའི་ཞིང་ཆེན་གྱི་རྒན་གསོ་ལས་ཁུངས་ཀྱི་སྐར་རིམ་དཔྱད་བསྡུར་གཏན་འབེབས་ལ་ཚད་གཞི་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།《 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒན་གསོ་ཞབས་ཞུའི་ལས་རིགས་མགྱོགས་པོར་འཕེལ་རྒྱས་གཏང་རྒྱུའི་སྐོར་གྱི་བསམ་འཆར་འགའ》 དང《 མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ཁྱོན་ཡོངས་ནས་རྒན་གསོ་ཞབས་ཞུ་ཁྲོམ་རའི་སྒོ་ཕྱེས་ཏེ་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། རང་རེའི་ཞིང་ཆེན་གྱི་རྒན་གསོའི་ཞབས་ཞུ་ལས་ཁུངས་དང་རྒན་གསོའི་ཞབས་ཞུ་སྒྲིག་བཀོད་ཚད་ལྡན་ཅན་དང་ཚད་གཞི་ཅན་དོ་དམ་བྱེད་པར་ཤུགས་སྣོན་ཕྱིར།  ཉེ་ཆར་ཞིང་ཆེན་དམངས་སྲིད་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་ཞབས་ཞུ་ལས་ཁུངས་དང་རྒན་གསོའི་ཞབས་ཞུ་སྒྲིག་བཀོད་ཀྱི་སྐར་རིམ་དཔྱད་བསྡུར་གཏན་འབེབས་དོ་དམ་བྱ་བའི་སྐོར་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》 ( གཤམ་དུ་བསྡུས་མིང《 གནས་སྐབས་ཀྱི་ལག་བསྟར་བྱེད་ཐབས》འགོད་རྒྱུ ) རེད།

རྒྱུས་ལོན་བྱུང་བ་ལྟར་ན།《གནས་སྐབས་ཀྱི་ལག་བསྟར་བྱེད་ཐབས》དེ་དོན་ཚན་དང་སྐར་རིམ་དཔྱད་འཇོག་ཅེས་སྒྲིག་སྲོལ་ཞིབ་ཕྲ་ཁག་གཉིས་སུ་དབྱེ་ཡོད་ལ། དེ་ཡང་དོན་ཚན་གྱི་ནང་དུ་རྒན་གསོའི་ཞབས་ཞུ་ལས་ཁུངས་དང་རྒན་གསོའི་ཞབས་ཞུ་སྒྲིག་ཆས་ཀྱི་བཀོལ་སྤྱོད་ཁྱབ་ཁོངས་དང་། རིམ་པར་དཔྱད་ཞིབ།  གོ་རིམ་དཔྱད་བསྡུར།  དཔྱད་ཞིབ་མཚམས་འཇོག  སྐར་རིམ་མེད་པར་བཟོ་བ་བཅས་ཀྱི་གནས་ཚུལ་གཏན་འབེབས་གསལ་པོར་བྱས་ཡོད། སྐར་རིམ་དཔྱད་འཇོག་གི་སྒྲིག་སྲོལ་ཞིབ་ཕྲ་ཡིས་སྐར་རིམ་རྒན་གསོ་ལས་ཁུངས་དང་། སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས། རོགས་རེས་བདེ་སྐྱིད་ཁང་བཅས་ཀྱི་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད་དང་། སྐར་གྲངས་ཀྱི་དཔྱད་འཇོག་ཚད་གཞི། དཔྱད་འདེམས་བྱེད་ཐབས་བཅས་ཞིབ་ཕྲ་བཟོས་ཡོད་པ་རེད།

《 གནས་སྐབས་ལག་བསྟར་བྱེད་ཐབས》 གཏན་འབེབས་བྱས་པ་དེ་ནི་རང་ཞིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། དེ་བཞིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་དང་། རྒན་གསོའི་ཞབས་ཞུ་ལས་རིགས་དེ་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་སུ་གཏང་རྒྱུའི་བྱེད་ཐབས་ཞིབ་ཕྲ་ཡིན། དེས་རང་ཞིང་གིས་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་རུ་གཏོང་པའི་ལས་དོན་གྱི་ཕན་པ་ཡུན་གནས་ཀྱི་སྒྲིག་སྲོལ་རགས་ཙམ་ཐོག་མར་བཙུགས་པ་མཚོན་པས། རང་ཞིང་གི་རྒན་གསོའི་ཞབས་ཞུ་ལས་ཁུངས་དང་རྒན་གསོའི་ཞབས་ཞུ་སྒྲིག་ཆས་ཚད་ལྡན་ཅན་དང་ཚད་གཞི་ཅན་ལ་དོ་དམ་བྱེད་པའི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་འཛེག་པར་སྐུལ་མ་ནུས་ལྡན་ཐེབས་སྲིད་པ་རེད།

ལོ་ཙཱ་བ། གཡང་སྐྱིད།