སྤྱི་དམངས་ཀྱི་ཆོས་དད་རང་དབང་ལ་ཁྲིམས་ལྟར་འགན་སྲུང་བྱེད་པ།


མི་དམངས་དྲ་བ་ནས་སྤེལ་བའི་གནས་ཚུལ། ཆོས་ལུགས་དད་མོས་རང་དབང་ནི་རྩ་ཁྲིམས་ཀྱིས་སྤྱི་དམངས་ལ་གནང་བའི་གཞི་རྩའི་ཁེ་དབང་ཞིག་ཡིན་ཞིང་། ཆོས་དད་རང་མོས་ཀྱི་སྲིད་ཇུས་ནི་ཀྲུང་གོས་དུས་ཡུན་རིང་བོ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་སྲིད་ཇུས་ཤིག་ཡིན། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་《ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་འགན་སྲུང་བྱེད་པའི་སྲིད་ཇུས་དང་ལག་ལེན་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་ཏེ། ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་དོན་དངོས་འབོར་ཆེན་ཐོག་ནས།གོ་རིམ་ལྡན་པའི་སྒོ་ནས་ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དང་བཅའ་ཁྲིམས་ངོ་སྤྲོད་དང་། ཕྱོགས་ཡོངས་ནས་ཀྲུང་གོའི་ཆོས་ལུགས་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་གསར་པ་དང་འཕེལ་རྒྱས་གསར་པ་བསྟན་ཅིང་།ཀྲུང་གོའི་ཆོས་དད་རང་མོས་ཁྲིམས་ལྟར་འགན་སྲུང་དང་། ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་ཡོང་བར་བྱེད་པའི་འགྱུར་མེད་ཀྱི་སྙིང་སྟོབས་དང་ལྷོད་མེད་ཀྱི་དོན་གཉེར་མངོན་པར་བྱས་ཡོད།

བཟོ་བཅོས་འགྲེམ་སྤེལ་བྱས་པའི་《ཆོས་ལུགས་ལས་དོན་སྲོལ་ཡིག་》ནས་ཁྲིམས་ལྟར་ཆོས་ལུགས་ཀྱི་ཐལ་སྤྱོད་སྟོབས་ཤུགས་དང་གཏུམ་སྤྱོད་འཇིགས་སྐུལ་བྱ་སྤྱོད་ལ་རྡུང་རྡེག་བཏང་བའི་བར་དང་། ཆོས་ལུགས་བྱེད་སྒོ་སྤེལ་སའི་ཆ་རྐྱེན་ལེགས་སུ་གཏོང་བ་ནས་ཆོས་ལུགས་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ། ཕྱི་རྒྱལ་བས་ཀྲུང་གོའི་མངའ་ཁོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་བར་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་ལྡན་གྱི་སྒྲིག་ལམ་དཀྲུག་པའི་བྱ་སྤྱོད་ཡོ་བསྲང་ལེགས་བཅོས་བྱེད་པ་བཅས་ཀྱི་བར་དུ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་ཀྲུང་གོའི་ཆོས་ལུགས་ཀྱི་དོན་དངོས་ནས་འགོ་བརྩམས་ཏེ། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་གནང་བ་དང་། སྤྱི་དམངས་ཀྱི་ཆོས་དད་རང་མོས་དབང་ཆ་འགན་སྲུང་། དགེ་མཚན་ལྡན་ཞིང་སྐྱོན་བྲལ་གྱི་ངང་ནས་ཆོས་ལུགས་འབྲེལ་བ་འཛུགས་སྐྱོང་དང་། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་སྲུང་སྐྱོང་བྱས་པ་དང་། རྒྱབ་ཤ་དཀར་པོའི་དེབ་ལས་ཁྱབ་བསྒྲགས་བྱས་པའི་དོན་དངོས་ཀྱིས། ཀྲུང་གོའི་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་དང་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་གང་ལེགས་ཐུབ་ཡོད་པ་ར་སྤྲོད་བྱས་ཡོད།

ཆོས་ལུགས་དད་མོས་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་གང་ལེགས་བྱེད་པའི་འགག་རྩ་ནི་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་ཀྱིས། ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་དངོས་སུ་ཆེ་རུ་གཏོང་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་བཟུང་། ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་བ་དང་། ཆོས་ལུགས་ལས་དོན་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ནང་བཞག་ཐོག བཅའ་ཁྲིམས་ལ་བརྟེན་ནས་ཆོས་ལུགས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་སྙོམས་སྒྲིག་བྱས་ཤིང་། ཆོས་ལུགས་ལས་དོན་དེ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་དུ་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་བསྟུན། ཆོས་ལུགས་དད་མོས་རང་དབང་གི་ཁེ་དབང་འགན་སྲུང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན་པ་དང་། སྲིད་གཞུང་གི་ཆོས་ལུགས་བྱ་བའི་དོ་དམ་སྔར་བས་ཚད་ལྡན་དུ་གྱུར་ཞིང་། རྒྱ་ཆེའི་དད་ལྡན་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་སྔར་བས་འཐུས་ཚང་དང་ནུས་ལྡན་བྱུང་ཡོད། འབད་བརྩོན་ལྷོད་མེད་བྱས་པར་བརྟེན། ཀྲུང་གོ་ནི་ཁྲིམས་ལྟར་ཆོས་དད་རང་མོས་འགན་ལེན་དང་ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་ཡོང་བར་སྐུལ་འདེད། ཆོས་ལུགས་ལས་རིགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པའི་རྒྱལ་ཁའི་བགྲོད་ལམ་ཞིག་ཏུ་བསྐྱོད་པ་རེད།

ཆོས་ལུགས་ལས་དོན་ནི་ངོ་བོའི་ཆ་ནས་མང་ཚོགས་ཀྱི་ལས་དོན་ཡིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ “ཆོས་ལུགས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་གཉེར་ཁྲོད་ངེས་པར་དུ་ཐག་གཅོད་ལེགས་པོ་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན། ཆོས་ལུགས་བྱ་བར་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ཁྲོད་དུ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ། སྤྱི་ཚོགས་ཞི་མཐུན་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་ཡོང་བ་བཅས་དང་འབྲེལ་བ་ལྡན་ཡོད་”ཅེས་ནན་བཤད་གནང་ཡོད། ཚད་མཐོ་ཤོས་ཀྱིས་རྒྱ་ཆེའི་ཆོས་ལ་དད་པ་དང་མི་དད་པའི་མང་ཚོགས་ལ་མཐུན་སྒྲིལ་བྱ་རྒྱུ་ནི། ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་ཀྱི་གཞི་འཛིན་ས་དང་དམིགས་ཡུལ་ཡིན། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་དང་། རང་རྒྱལ་ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། རང་འགུལ་གྱི་སྒོ་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འོས་མཐུན་ཡོང་བར་སྣེ་འདྲེན་བྱེད་ཐུབ་ན། ང་ཚོས་གཅིག་མཐུན་གྱི་ངོས་འཛིན་གོང་འགྲིལ་དང་སྟོབས་ཤུགས་ཆིག་སྒྲིལ་བྱས་ནས། དུས་རབས་གསར་པར་བསྐྱར་དར་གྱི་རྣམ་པ་གསོ་ཐུབ་པ་དང་། ཞེ་སེམས་གཉིས་མེད་ཀྱིས་རླབས་ཆེན་བསྐྱར་དར་བྱ་གཞག་ལ་དྲང་ནུས་སྟོབས་ཤུགས་སྦྱིན་ཐུབ།

ཆོས་ལུགས་ནི་མིའི་རིགས་ཀྱི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཆོས་དད་རང་མོས་འགན་སྲུང་དང་། སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་ཆགས་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མདུན་དུ་ལྷགས་པའི་ཐུན་མོང་གི་ཞིབ་འཇུག་བྱ་གཞི་ཡིན། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་ལག་ལེན་ཁྲོད་དུ། “ཀྲུང་གོའི་ཉམས་མྱོང་”དང་་“ ཀྲུང་གོའི་བློ་གྲོས་” ཀྱིས་མིའི་རིགས་ཡོངས་ལ་ཕན་པ་ཆེ་བའི་ཐབས་བཀོད་སྔར་བས་མང་པོ་བསྐྲུན་ཐུབ་ངེས།