བོད་ཀྱི་རྩོམ་པ་པོ་གྲགས་ཅན་ནག་པོ་སྐལ་བཟང་ལགས་ལ་མྱ་ངན་ཞུ།

ནག་པོ་སྐལ་བཟང་།

བོད་ཀྱི་རྩོམ་པ་པོ་ནག་པོ་སྐལ་བཟང་ལགས་ནི་སྤྱི་ལོ༡༩༥༥ལོར་མཚོ་སྔོན་རེབ་གོང་ཡུལ་དུ་སྐྱེས་ཤིང་། ཆུང་དུས་ནས་སློབ་གྲྭར་འགྲིམས། ༡༩༨༢ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ཕྱག་ལས་བསྒྲུབས། ཁོང་གིས་བོད་ཡིག་གི་ལམ་ནས༼་   བྲེད་ཤ་ལངས་པའི་མཚར་གཏམ  ༽སོགས་སྒྲུང་ཐུང་དང་དཔྱད་རྩོམ་བཅུ་ལྷག་སྤེལ་ཡོད་པ་མ་ཟད། སྒྲུང་རིང༼    ཀླུ་འབུམ་མི་རྒོད  ༽དང༼ དམྱལ་ཟངས་ནང་ན་ཀུ་རེ་མེད  ༽ཅེས་པ་པར་དུ་བསྐྲུན་ཡོད། རྒྱ་ཡིག་གི་ལམ་ནས༼    བོད་མིའི་བྱུང་བ་བརྗོད་པ  ༽ དང༼    བོད་ཀྱི་མི་གྲངས    ༽༼    གླིང་རྗེ་གེ་སར་རྒྱལ་བོ་དང་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང   ༽སོགས་དཔྱད་རྩོམ་བཅུ་ལྷག་སྤེལ་བ་ལས། ༼     གླིང་རྗེ་གེ་སར་རྒྱལ་བོ་དང་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང   ༽ལ་རྒྱལ་ཡོངས་ཕུལ་བྱུང་བྱ་དགའ་ཐོབ་མྱོང་། རྒྱ་ཡིག་དང་བོད་ཡིག་སྦྲགས་མ་བྱས་པའི་༼    བོད་བརྒྱུད་ནང་བསྟན་ལྷ་རིས་སྒྱུ་རྩལ  ༽ ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ༼    བོད་ཀྱི་ལྷ་རིས་ཐིག་རྩལ  ༽ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།སྤྱི་ལོ༢༠༡༨ལོའི་ཟླ༤བའི་ཚེས༤ཉིན་སྐུ་གཤེགས། 


ཀླུ་འབུམ་མི་རྒོད།(བརྩམས་སྒྲུང་།)

ཀླུ་འབུམ་མི་རྒོད།(བརྩམས་སྒྲུང་།)

ཀླུ་འབུམ་མི་རྒོད་ཅེས་པ་འདི་ནི་ནག་པོ་སྐལ་བཟང་གི་བརྩམས་ཆོས་ཤིག་ཡིན་ལ། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་ཐོག་དང་པོར་སྤེལ་བའི་དྲག་རྩལ་ཐད་ཀྱི་བརྩམས་སྒྲུང་རིང་མོ་ཞིག་ཡིན།

རྒྱ་ཡིག་གི་མིང་།   《鲁本门国》

རྩོམ་པ་པོ།   ནག་པོ་སྐལ་བཟང་།

དཔེ་སྐྲུན་ཁང་།   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
         པར་སྐྲུན་གྱི་ལོ།   སྤྱི་ལོ2013ལོའི་ཟླ12པ།


ནང་དོན་མདོར་བསྡུས།

ཀླུ་འབུམ་མི་རྒོད་ནི་བློ་རིག་དང་སྙིང་རྗེ། དཔའ་མཛངས་དང་རྟུལ་ཕོད་བཅས་ལྡན་པའི་མི་སྣ་གཙོ་བོ་སྟེ་ཀླུ་འབུམ་མི་རྒོད་གཞུང་རྟ་བྱས་ནས་གཏམ་རྒྱུད་བཀྲམ་པ་ཞིག་ཡིན། ཀླུ་འབུམ་མི་རྒོད་ཀྱིས་མདོ་དབུས་མཐོ་སྒང་ན་སྡིག་ལས་ལ་གོམས་པ་དག་ཚར་བཅད་ཅིང་། རྒྱ་གར་སོགས་སུ་སོང་ནས་དྲང་བདེན་བསྐྱངས།

བརྩམས་ཆོས་འདིར་དྲང་བདེན་དང་གཡོ་སྒྱུའི་བར་གྱི་ཁྱོད་ཤི་ང་གསོན་གྱི་རྒྱལ་ཕམ་ཡོད་ལ། འཚོ་བ་ལས་བྱུང་བའི་འཇིག་རྟེན་མི་ཡུལ་གྱི་བླ་ན་མ་མཆིས་པའི་བརྩེ་དུངས་ཀྱང་ཡོད། གྲོགས་པོ་དང་གྲོགས་པོའི་བར་གྱི་ལྷད་མེད་རྣམ་དག་གི་བརྩེ་འདང་ཡོད་ལ། མཛེས་སྡུག་རྣམ་པར་བཀྲ་བའི་མཐོ་སྒང་གི་ཡུལ་ལྗོངས་ཀྱང་ཡོད། མི་རྣམས་ཧ་ལས་སུ་འཇུག་པའི་བོད་ཀྱི་དྲག་རྩལ་ཡོད་ལ། ནང་དོན་ཕུན་སུམ་ཚོགས་པའི་མི་ཆོས་དཔལ་ཡོན་ཀྱང་ཡོད། ནང་དོན་ཕུན་སུམ་ཚོགས་ཤིང་ཚིག་སྦྱོར་ཡིད་དུ་འོང་བ་ཞིག་ཡིན་པས་ན། ཀློག་མཁན་གྱིས་བཀླགས་མཚམས་འཇོག་དཀའ་བ་དང་། ཉན་མཁན་གྱིས་ཉན་མཚམས་འཇོག་མི་འདོད་པ་ཞིག་ལྟ་བུར་གྱུར་ཡོད་པས། ཀློག་མཁན་དང་ཉན་མཁན་མི་ཉུང་བ་ཞིག་གི་ཡིད་དབང་ཅིག་ཅར་དུ་འགུག་ཐུབ།