ཞིང་ཆེན་ཡོངས་ཀྱི་སྨན་རིགས་གཉེར་འཚོང་བྱེད་མཁན་ཁེ་ལས་ཀྱི་གནད་དོན་དག་ཐེར་བྱེད་པའི་ལས་འགུལ་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ4པའི་ཚེས4ཉིན་ལ་གསར་འགོད་པས་ཞིང་ཆེན་སྲིད་གཞུང་ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གཞུང་ལས་ཁང་དང་། ཞིང་ཆེན་ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཅུའུ་གཉིས་ཀྱིས་འཚོགས་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་འཐབ་ཇུས་དང་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྨན་རིགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེད་པའི་བཀོད་སྒྲིག་བླང་བྱ་ལག་ལེན་མཐར་ཕྱིན་དང་།དོན་དངོས་སུ་རང་རེའི་ཞིང་ཆེན་གྱི་སྨན་རིགས་སྡེབ་འཚོང་དང་སིལ་འཚོང་གོ་རིམ་ཁྲོད་དུ་གནས་པའི་གནད་དོན་ཚབས་ཆེན་ཐག་གཅོད་ཏན་ཏིག ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ནུས་ལྡན་ཡོང་བ་བཅས་ཀྱི་ཕྱིར་དུ། དེ་རིང་ནས་བཟུང་ཞིང་ཆེན་ཡོངས་ཀྱི་རིགས་གཉེར་སྐྱོང་ཁེ་ལས་ཀྱི་གནད་དོན་དག་ཐེར་བྱེད་པའི་ལས་འགུལ་འགོ་བརྩམས་པ།

རྒྱུས་ལོན་བྱུང་བ་ལྟར་ན་ཆེད་དོན་དག་ཐེར་བྱེད་པའི་ལས་འགུལ་གྱི་དུས་ཡུན་ཟླ་གསུམ་ཡིན་ལ། སྐུལ་སློང་བཀོད་སྒྲིག་དང་། ཁེ་ལས་ཀྱིས་རང་བཤེར་དག་ཐེར། ཞིབ་བཤེར་དང་ལེགས་བཅས། ཞིབ་བཤེར་རྩིས་ལེན་དང་ཕྱོགས་སྡོམ་བཅས་དུས་རིམ་བཞིར་དབྱེ་ཡོད། བྱ་བའི་ཁྲོད་ཞིང་ཆེན་ཡོངས་ཀྱི་སྨན་རིགས་སྡེབ་ཚོང་གི་ཁེ་ལས78 དང་། སྨན་རིགས་སིལ་འཚོང་གི་ཁེ་ལས1820ཡི་སྨན་རིགས་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དང་གཉེར་སྐྱོང་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏང་རྒྱུ་དང་། ཁྱོན་ཡོངས་ནས་སྨན་སྦྱོར་དཀའ་བཅུ་པའི་ལག་ཁྱེར་དཔང་ཡིག་མ་གཏོགས་ལས་གནས་ཐོག་ཏུ་མེད་པའི་ལས་འགན་གཅིག་ལྕོགས་ཀྱི་བྱ་སྤྱོད་དང་། སྨན་ཐོ་དགོས་པའི་སྨན་ལ་སྨན་ཐོར་མི་བརྟེན་ཀྱང་ཕྱིར་ཚོང་བྱེད་པའི་བྱ་སྤྱོད།སྨན་རིགས་བཤམས་སྟོན་དང་གསོག་ཉར་གྱི་བྱེད་སྟངས་དེ་གཏན་འབེབས་དང་མི་མཐུན་པ་སོགས་གནད་དོན་ཚབས་ཆེན་ལ་ཁྱོན་ཡོངས་ནས་དག་ཐེར་བྱ་རྒྱུ་རེད།

ཆེད་དོན་དག་ཐེར་བྱེད་སྐབས་ཞིང་ཆེན་སྲིད་གཞུང་གི་ཟས་རིགས་དང་སྨན་རིགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གཞུང་ལས་ཁང་དང་ཞིང་ཆེན་ཟས་རིགས་དང་སྨན་རིགས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཆེད་དོན་དག་ཐེར་བྱེད་པའི་ལས་འགུལ་ལ་རྩིས་ཐོའི་ཨང་རྟགས་མེད་པར་བཟོ་བའི་དོ་དམ་བྱ་རྒྱུ་དང་། ཆེད་དོན་ལྟ་སྐུལ་ཞིབ་བཤེར་དང་། ཡུལ་དངོས་ཀྱི་ལྟ་སྐུལ་ཞིབ་བཤེར། མངོན་ཞིབ་ལྐོག་འདྲི་བཅས་ཀྱི་བྱེད་སྟངས་ལ་བརྟེན་ནས་ས་གནས་ཁག་གི་ཆེད་དོན་དག་ཐེར་བྱེད་པའི་ལས་འགུལ་གྱི་འཕེལ་རིམ་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས།  ཆེད་དོན་དག་ཐེར་བྱེད་པའི་ལས་འགུལ་གྱི་ལས་འགན་དང་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་འགན་ལེན་བྱ་དགོས།

ལོ་ཙཱ་བ། གཡང་སྐྱིད།