རེབ་གོང་གིས་ཆུ་རྐ་སོགས་ཞིག་གསོ་བྱས་ཏེ་དཔྱིད་འདེབས་ལ་སྟ་གོན་གང་ལེགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ3པའི་ཟླ་མཇུག་ཏུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ཆུ་བེད་སྡེ་ཁག་གིས་རྫོང་ཡོངས་ཀྱི་ཞིང་ཁའི་ཡུར་ལམ་ལ་ཡང་བསྐྱར་རྩད་ཞིབ་དང་ས་གནས་མང་ཚོགས་ལ་ཆུ་དགོས་མཁོ་ཆེ་བའི་རེ་འདུན་གྱི་སྙན་ཞུ་གཞིར་བཟུང་ནས་ཁྱོན་བསྡོམས་ཡུར་ལམ་ལ་གནོད་འཚེ་ཐེབས་པའི་གནད་མི་འདྲ་བ6ལ་རྫོང་ཆུ་བེད་ཅུའུ་ཡིས་མྱུར་དུ་བཀོད་སྒྲིག་གང་ལེགས་ཀྱིས་ས་བརྐོ་འཕྲུལ་ཆས་དང་མི་བཅུ་ལྷག་གིས་དུས་ཡུན་ཉིན་བཅོ་ལྔའི་རིང་ལ་ལས་སྣོན་བྱས་ཏེ་ཁྱོན་ཡོངས་ནས་ཞིག་གསོ་བྱས་པ་རེད།

ད་ལྟ་ཞིང་ནང་དུ་ཆུ་གཏོང་བའི་དུས་སྐབས་སུ་སླེབས་ཡོད་ལ། ཡུར་ཆུ་དེ་བཙུན་མོ་ཤང་ཡར་སྐ་སྡེ་བ་དང་ཐོ་རྒྱ་གྲོང་བརྡལ་འཇམ་སྡེ་བ། གཉན་ཐོག་ཤང་གཉན་ཐོག་སྡེ་བ། ཞོ་འོང་དཔྱིས་ཤང་ཞོ་འོང་དཔྱིས་སྡེ་བ་སོགས་ཀྱི་ཞིང་ནང་ཡུར་ལམ་དུ་ཆུ་དྲངས་བ་རེད། དེ་ཡང་ཆུ་ལོག་དང་ས་ཤུན་གྱི་རྒྱུ་རྐྱེན་སོགས་ཀྱི་དབང་གིས་ཡུར་ལམ་བརྡིབས་པ་དང་ལོ་གང་མང་ལ་ཞིག་གསོ་མ་བྱས་པའི་དབང་གིས་ཞིག་རལ་དུ་གྱུར་བ། ཡུར་ལམ་ལ་འགལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཡུར་ཆུ་ཆད་པ་དང་ཡུར་ལམ་གྱི་ཆུ་ལ་གནོད་པ་ཚབས་ཆེན་ཐེབས་པ། ཆུ་གཏོང་བའི་དུས་སྐབས་སུ་དོ་དམ་དང་སྲུང་སྐྱོབ་ཀྱིས་མི་འདང་བ་སོགས་ཀྱི་དབང་གིས་ས་ཞིང་དང་ཞིང་བ་ཁྱིམ་ཚང་དག་གི་ཞིང་ས་ལ་ཡང་གནད་དོན་ངེས་ཅན་ཞིག་བྱུང་བ་རེད།

དེའི་རྐྱེན་གྱིས་རྫོང་ཆུ་བེད་ཅུའུ་ཡིས་ཆེད་ལས་མི་སྣ་རྩ་འཛུགས་ཀྱིས་ཡུལ་དངོས་ལ་བརྟག་དཔྱད་བྱས་ཤིང་གནས་ཚུལ་གསལ་པོར་རྒྱུས་ལོན་བྱུང་བའི་རྗེས་སུ་ཞིང་ནང་གི་ཆུ་བེད་ཞིག་གསོའི་ཡུར་ལམ་ལ་རོགས་སྒྲུབ་མ་དངུལ་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་ཏེ། ཞོ་འོང་དཔྱིས་ཤང་ཞོ་འོང་དཔྱིས་སྡེ་བ་རུ་ལྕགས་སྦུག་གི་ཡུར་ལམ1གསར་བཟོས་བྱས་ཤིང་། བཙུན་མོ་ཞང་ཡར་སྐ་སྡེ་བ་རུ་ཡུར་ལམ་གསར་དུ་བཟོས། ཐོ་རྒྱ་གྲོང་བརྡལ་གྱི་བཙུན་མོ་སྡེ་བའི་ཡུར་ལམ་སོགས་ལ་ལས་གཞི་ཆེན་པོ་མི་འདྲ་བ6ལ་ཞིག་གསོ་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།