མཚོ་སྔོན་ནས་འཚར་ལོངས་བྱུང་བའི་“མའོ་ཙེ་ཏུང” བཀྲ་ཤིས་ལགས།

 བཀྲ་ཤིས་ནི་མའོ་ཙེ་ཏུང་འཁྲབ་མཁན་གྱི་འཁྲབ་སྟོན་པ་ཉུང་ཤས་གྲས་ཀྱི་གཅིག་ཡིན་ལ། མདོ་དབུས་མཐོ་སྒང་ནས་འཚར་ལོངས་བྱུང་བའི་བོད་པ་རྣལ་མ་ཞིག་ཡིན། 1994ལོར་ཁོ་རང་རྒྱལ་ཡོངས་ལད་ཟློས་འཁྲབ་སྟོན་འགྲན་སྡུར་ལ་ཞུགས་ནས་མའོ་ཙེ་ཏུང་ལ་ལད་ཟློས་བྱས་པར།  སྣང་བརྙན་དང་ཉམས་འགྱུར་སོགས་གང་ཅིའི་ཆ་ནས་མའོ་ཙེ་ཏུང་དངོས་དང་འདྲ་བོ་བྱུང་བས་བྱ་དགའ་ཨང་དང་པོ་ཐོབ། དེའི་རྗེས་མའོ་ཀྲུའུ་ཞི་འཁྲབ་སྟོན་བྱས་ནས་ལོ་མང་པོ་མ་འགོར་བར་འཁྲབ་སྟོན་གྱི་ལས་རིགས་ཁྲོད་དུ་མཚན་སྙན་དབྱར་མཚོ་བཞིན་རྒྱས་པ་དང་། གྲོགས་པོ་རྣམས་ཀྱིས་ཀྱང་ཁོ་ལ་“ཀྲུའུ་ཞི”ཞེས་འབོད་རྒྱུ་དགའ་བོ་ཡོད། 1999ལོའི་འཁྲབ་སྟོན་འགྲན་སྡུར་ཁྲོད་ཁོས་གཞན་ལས་ཁྱད་དུ་འཕགས་པའི་འཁྲབ་རྩལ་ལ་བརྟེན་ནས་པེ་ཅིན་བརྙན་འཕྲིན་ཁང་གི་རྒྱལ་སྟོན་དགོང་ཚོགས་ཆེ་གྲས་ཐོག་ཞུགས་ཐུབ་པའི་གོ་སྐབས་བྱུང་ཞིང་། མའོ་ཙེ་ཏུང་འཁྲབ་མཁན་གྱི་དམིགས་བསལ་འཁྲབ་སྟོན་པ་གཅིག་པུ་རུ་གྱུར།  ཁོས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་དམིགས་བསལ་གྱི་ཉིན་མོ་དེ་ལ་དེར་ཡོངས་ཀྱི་ལྟད་མོ་བ་རྣམས་དང་ལྷན་ཅིག་ཏུ་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་མའོ་ཙེ་ཏུང་གི་དགའ་སྤྲོའི་སྣང་བརྙན་ལ་དྲན་གསོ་དང་། ལོ་ངོ་ལྔ་བཅུའི་ཚུན་གྱི་དགའ་སྐྱོ་འདྲེས་མའི་ཀྱག་ཀྱོག་གི་བཞུད་ལམ་ལ་ཕྱིར་དྲན་བྱས།

བཀྲ་ཤིས་ལགས1959ལོར་སྐྱེས་ཤིང་། ལོ་དེར་ཁོ་རང་ཡང་ཕ་མ་དང་ཡུལ་མི་སྟོང་ཕྲག་མང་པོ་དང་འདྲ་བར་ཟས་གོས་ངན་ངོན་གྱི་དཀའ་སྡུག་འཚོ་བ་སྐྱེལ། 1975ལོར་ཕ་མ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་དུ་གོམ་ཁ་བསྒྱུར་ནས་ཡུལ་དེ་ག་ནས་བཟོ་ལས་ཀྱི་ལས་ཀ་གཉེར།  དེ་དུས་ལས་ཀ་གཏན་འཇགས་ཤིག་རྙེད་རྒྱུ་ཧ་ཅང་ཁག་པོ་རེད་མོད་ཀྱང་། གླུ་ལེན་གར་རྩེད་ལ་སྤྲོ་བ་ཧ་ཅང་ལྡན་པས་སྒྱུ་རྩལ་གྱི་ལམ་ཁ་ཞིག་ལ་སྙེག་འདོད་ཀྱི་འདུན་པ་དེ་ཉིན་རེ་ནས་ཉིན་རེར་ཇེ་དྲག་ཏུ་སོང་། 1978ལོར་ཁོའི་བསམ་དོན་ཇི་བཞིན་དུ་ཞི་ཨན་རོལ་དབྱངས་སློབ་གླིང་དུ་རྒྱུགས་འཕྲོད་ནས་སློབ་གཉེར་གྱི་སྐལ་བ་ཐོབ།   སློབ་གྲྭ་དེ་ནས་མཐར་ཕྱིན་རྗེས་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་མི་རིགས་གླུ་གར་ཚོགས་པ་དང་། ཞིང་ཆེན་སྒྱུ་རྩལ་སློབ་གྲྭ་བཅས་སུ་གླུ་དབྱངས་འཁྲབ་སྟོན་དང་ཞབས་བྲོ། རྣོ་སྦྲེང་དཀྲོལ་རྡུང་གི་དགེ་རྒན་བྱས། 1993ལོར་གྲོན་དངུལ་རང་གིས་བཏང་ནས་པེ་ཅིང་དུ་ཟབ་སྦྱོང་ལ་ཕྱིན་པ་དང་། དེ་གར་ཞོར་ལས་ལ་བརྟེན་ནས་སློབ་གཉེར་གྱི་འཚོ་བ་བསྐྱལ།

1994ལོའི་སྟོན་དུས་ཀྱི་ས་སྲོད་ཅིག་ལ་ཁོ་དང་མཉམ་སྡོད་ཀྱི་དགེ་རྒན་ཧྲུའུ་ཀྲེང་ཞེང་གཉིས་ཀྱིས་ཁ་བརྡ་བྱེད་དུས། དགེ་རྒན་དེས་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་རྒྱལ་ཡོངས་ཀྱི་ལད་ཟློས་འཁྲབ་སྟོན་པའི་འགྲན་སྡུར་ཞིག་སྤེལ་རྒྱུའི་གནས་ཚུལ་གླེང་བྱུང་བ་མ་ཟད། བཀྲ་ཤིས་ལ་དེར་ཞུགས་རོགས་ཀྱིས་སྐུལ་མ་ཡང་ཡང་བྱས། བཀྲ་ཤིས་ལ་མཚོན་ན་ཕྱིའི་ལུས་ཀྱི་ཆ་བྱད་དང་ཉམས་འགྱུར་གང་རུང་གི་ཆ་དེ་མའོ་ཙེ་ཏུང་དང་འདྲ་པོ་ཡོད་པ་མ་ཟད། སྐད་ཆའི་ཐད་ནས་ཀྱང་ཧྲན་ཏུང་སྐད་དང་། ཧྲན་ཞི་སྐད། ཧུའུ་ནན་སྐད། ཧེ་ནན་སྐད། སི་ཁྲོན་སྐད་ལ་སོགས་པར་ཐོགས་པ་མེད་པའི་ནུས་པ་ཁྱད་པར་ཅན་ཞིག་ལྡན་པའི་མི་ཚད།  ལོ་དུ་མར་སྒྱུ་རྩལ་ལ་འཚོལ་སྙེག་དང་འཚོ་བར་ལྟ་ཞིབ་ཀྱི་ཉམས་མྱོང་ཆེན་པོ་དང་། མི་ཚེ་ལ་ངེས་ཟིན་ཟབ་མོ་ཡོད་པ་བཅས་ཆ་རྐྱེན་མང་པོ་ཞིག་ལྡན་སྟབས། ཁོ་རང་འགྲན་སྡུར་ལས་རྣམ་པར་རྒྱལ་བར་རྨང་གཞི་བརྟན་པོ་ཡོད་པ་རེད།    

དང་ཐོག་འགྲན་སྡུར་ལ་ཞུགས་དུས་དེ་ལ་ཚོད་ལྟ་ཙམ་བྱེད་པ་མ་གཏོགས་རེ་བ་ཆེན་པོ་བཟུང་མེད་མོད། ཐོག་མའི་འགྲན་བསྡུར་མཇུག་རྫོགས་རྗེས་སུ། བསྐྱར་འགྲན་དང་ཐ་མའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་ནང་ངེས་པར་ཧུར་ཐག་བྱེད་དགོས་པའི་ངེས་ཟིན་ཟབ་མོ་སྐྱེས་ཏེ། ཡང་ནས་ཡང་དུ་པེ་ཅིང་དཔེ་མཛོད་ཁང་དང་། གསར་འགྱུར་གློག་བརྙན་བཟོ་སྐྲུན་བཟོ་གྲྭ་སོགས་སུ་ཕྱིན་ནས་མའོ་ཙེ་ཏུང་གི་འབྲེལ་ཡོད་ལོ་རྒྱུས་རྒྱུ་ཆ་མང་པོ་འཚོལ་ཀློག་བྱས་པ་མ་ཟད།   འབྲེལ་ཡོད་ཀྱི་དངོས་བཤུས་གློག་བརྙན་དང་གློག་བརྙན་གང་མང་ལ་བལྟས་པ་དང་། མི་ཆེན་གྱི་སྐད་ཅེས་པའི་མའོ་ཙེ་ཏུང་གི་སྐད་ངོ་མ་ཕབ་ཉར་བྱས་ཡོད་པའི་སྒྲ་ཐག་ལ་ཉན་ཞོར། མའོ་ཙེ་ཏུང་གི་སྐད་གདངས་དང་། འགྲོ་འདུག་སྤྱོད་གསུམ།   གདོང་གི་ཉམས་འགྱུར་སོགས་ལ་ལད་ཟློས་ཡང་ཡང་བྱས། མི་ལ་བརྩོན་འགྲུས་ལྡན་གྱུར་ན། འཇིག་རྟེན་འདི་ན་དཀའ་བ་མེད། ཅེས་པའི་དཔེ་བཞིན་དུ་བསྐྱར་འགྲན་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་ཁྲོད་ཀུན་གྱི་མིག་དབང་ཅིག་ཅར་དུ་འཕྲོག་མཁན་དེ་བཀྲ་ཤིས་གཅིག་པུར་གྱུར་ནས་ཐེངས་དེའི་འགྲན་རྩོད་ལས་ཡོངས་སུ་རྣམ་པར་རྒྱལ།

ད་ཆ་ཁོ་རང་མའོ་ཙེ་ཏུང་འཁྲབ་མཁན་ཉུང་ཤོས་ཁྲོད་ཀུན་གྱིས་ཁས་ལེན་བྱེད་པའི་འཁྲབ་སྟོན་པ་འཇོན་ཐང་ཅན་དེ་ཡིན་ལ། མདུན་སྐྱོད་ཀྱི་ལམ་ཁ་ཡངས་པའི་འཁྲབ་སྟོན་པ་དེ་ཡང་ཡིན་པས། ཁོའི་མ་འོངས་པར་དེ་ལས་འོད་སྟོང་འཕྲོ་བར་ང་ཚོར་ཡིད་ཆེས་ཡོད།

ལོ་ཙཱ་བ། ཁོན་ཐར་འཚོ།