ས་གནས་ཁག་གིས་གཞུང་གསོག་མ་དངུལ་བེད་སྤྱོད་ཐད་ལ་འགྱུར་བ་བཏང་འདུག

ཤིན་ཧྭ་གསར་འགྱུར་ཁང་གིས་ཟླ4པའི་ཚེས11ཉིན་པེ་ཅིང་ནས་སྤེལ་བའི་འཕྲིན། ཉེ་ཆར་ས་གནས་ཁག་གི་སྡོད་ཁང་གཞུང་གསོག་མ་དངུལ་ལ་སྲིད་ཇུས་གསར་པ་གཅིག་རྗེས་གཉིས་འཕྲོར་བཏོན་ནས་འགྲོ་ལུགས་སྟབས་བདེ་ཞིང་། ནང་དོན་རྒྱ་ཆེ་བ། དྲ་ཐོག་ཏུ་སྤྲོད་ལེན་ཐུབ་པ་བཅས་ཀྱི་ཆ་ལ་བཀོལ་སྤྱོད་བདེ་བོ་རུ་བཏང་ཡོད་མ་ཟད། ཁང་པ་དང་འབྲེལ་བ་ཡོད་པ་ཕུད། གཞུང་གསོག་མ་དངུལ་གྱིས་ད་དུང་དཀའ་ཁག་གཞན་པའི་རིགས་ཀྱང་སེལ་ཐུབ་པ་བཟོས་ཡོད།

འགྲོ་ལུགས་སྟབས་བདེར་བཏང་བ།

ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་གྱིས2018ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་གཞུང་གསོག་མ་དངུལ་ལེན་པར《སྡོད་ཁང་གི་གཞུང་གསོག་མ་དངུལ་སྤྲོད་ལེན་སྙན་ཞུ་ཡི་གེ》འདོན་སྤྲོད་མི་དགོས་པ་མ་གཏོགས་ཆ་རྐྱེན་གཞན་དག་སོར་འཇོག་བྱས་འདུག   《སྡོད་ཁང་གི་གཞུང་གསོག་མ་དངུལ་སྤྲོད་ལེན་སྙན་ཞུ་ཡི་གེ》དེ་ལ་ནམ་རྒྱུན་མི་རྣམས་ཀྱིས“གཞུང་གསོག་མ་དངུལ་ལེན་པའི་འཛིན་བྱང”དུ་འབོད་ཅིང་། དེར་གཞུང་གསོག་མ་དངུལ་སྤྲོད་ལེན་གྱི་གྲངས་འབོར་འབྲི་དགོས་པ་མ་ཟད་ལས་ཁུངས་ཀྱི་འབྲེལ་ཡོད་ཐམ་ག་རྒྱག་དགོས་པ་རེད།

པེ་ཅིང་དང་ཀྲེ་ཅང་། ཧྲང་ཧའེ་སོགས་ས་གནས་ཀྱི་གྲོང་ཁྱེར་སྡོད་དམངས་ཀྱིས་གཞུང་གསོག་མ་དངུལ་ལེན་དུས་ལག་པ་འགུལ་ཙམ་གྱིས་ཚང་མ་བསྒྲུབས་ཐུབ་པ་ཡིན། དེ་ཡང་པེ་ཅིང་ལ་དཔེ་བཞག་ན།  ད་ལོའི་ལོ་མཇུག་གི་སྔ་རོལ་ཏུ། པེ་ཅིང་གྲོང་ཁྱེར་གྱིས་དྲ་ཐོག་ཏུ་གཞུང་གསོག་མ་དངུལ་སྤྲོད་ལེན་ཐུབ་པའི་བྱེད་ནུས་བེད་སྤྱོད་གཏང་རྒྱུ་ཡིན་པས། དེའི་དུས་ལས་ཁུངས་ལ་བརྒྱུད་མི་དགོས་པར་མི་སྒེར་ནས་ཐད་ཀར་དྲ་ཐོག་ཏུ་སྤྲོད་ལེན་གྱི་འགྲོ་ལུགས་བསྒྲུབ་ཆོག་པ་མ་ཟད། དེར་སོ་སོའི་ཐོབ་ཐང་ལག་འཁྱེར་མ་གཏོགས་གཞན་དཔང་ཡིག་དང་རྒྱུ་ཆ་གང་ཡང་མི་དགོས་ལ། དེ་བཞིན་དུ“པེ་ཅིང་གི་གཞུང་གསོག་མ་དངུལ”ཞེས་པའིAPPདང་།  དངུལ་སྤྲོད་འབོ།  སྐད་འཕྲིན་སྤྱི་སྟེགས“པེ་ཅིང་གི་གཞུང་གསོག་མ་དངུལ”བཅས་བརྒྱུད་དེ་མི་སྒེར་གྱི་གཞུང་གསོག་མ་དངུལ་གྱི་ལྷག་དངུལ་དང་དངུལ་བུན་ལ་སོགས་པའི་གནས་ཚུལ་རྩད་ཞིབ་བྱས་ཆོག་པ་རེད།

 ས་ཆ་ལ་ལས་འགྲོ་ལུགས་དེ་ལག་བསྟར་བྱས་ཟིན།

 ཧར་པིན་གྲོང་ཁྱེར་གྱི་གཞུང་གསོག་མ་དངུལ་ཡོད་པའི་ལས་བཟོ་པས་ཟླ་རེར་རང་འགུལ་གྱིས་གཞུང་གསོག་མ་དངུལ་བླངས་ནས་ཁང་པ་ཉོ་བསྒྲུབ་ཀྱི་བསྐྱི་དངུལ་འཇལ་ཐུབ་ཀྱིན་ཡོད།  ཚོང་ལས་དངུལ་བུན་ལས་ཁུངས་དང་གཞུང་གསོག་མ་དངུལ་ལྟེ་གནས་གཉིས་ཀྱི་གཞི་གྲངས་ཕན་ཚུན་འབྲེལ་སྦྱོར་དང་མ་ལག་ལ་ཚོད་ལྟ་བྱས་ཚར་རྗེས།  གྲོང་ཁྱེར་དེའི་གཞུང་གསོག་མ་དངུལ་ཡོད་པའི་ལས་བཟོ་པས《སྡོད་ཁང་གི་གཞུང་གསོག་མ་དངུལ་དེ་ཟླ་རེར་ལེན་རུང་བའི་མངག་བཅོལ་གྱི་གྲོས་མཐུན་ཡི་གེ》ལ་མིང་རྟགས་བཀོད་ན།  ཟླ་རེའི་འཇལ་བྱའི་དངུལ་བུན་གྱི་རིམ་པ་དེ་གཞུང་གསོག་མ་དངུལ་ནས་རང་འགུལ་གྱིས་ཚོང་ལས་དངུལ་བུན་དུ་བསྐོར་ཐུབ་པ་ཡིན།  དེའི་ཡར་སྔོན་ལ་ཟླ་རེར་གཞུང་གསོག་མ་དངུལ་ནས་དངུལ་བུན་འཇལ་བ་ཡིན་ན་ཚོང་ལས་དངུལ་བུན་གྱི་བསྐྱི་དངུལ་དེ་ཐད་ཀར་འཇལ་མི་ཐུབ་པ་རེད།

ཀན་སུའུ་ལ་མཚོན་ན།  ཞིང་ཆེན་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་སུ་གཞུང་གསོག་མ་དངུལ་སྤྲོད་པའི་ལས་བཟོ་པ་གང་རུང་གིས་མཉམ་ལས་དངུལ་ཁང་གི་མི་སྒེར་གྱི་དངུལ་བུན་སྙན་ཞུ་རྒྱག་པའི་ཆ་རྐྱེན་དང་མཐུན་པའི་འོག    གཏའ་མ་དང་འགན་ལེན་གང་ཡང་མི་དགོས་པའི་འཛད་སྤྱོད་ཡིད་རྟོན་དངུལ་བུན་ལེན་པའི་སྙན་ཞུ་བརྒྱབ་ཆོག་ཅིང་།  ཆེས་མང་ན་སྒོར་ཁྲི30བླངས་ཆོག་པ་དང་།  ཡིད་རྟོན་གྱི་བསྐྱི་དངུལ་དུས་ཡུན་ལོ་གཅིག་རེད།  བྱེད་ཐབས་དེས་ལས་བཟོ་པའི་དངོས་ཟོག་ཉོ་སྒྲུབ་དང་། ཡུལ་སྐོར།  བུ་ཕྲུག་སློབ་འགྲེམས། སྨན་བཅོས་ལ་སོགས་སྐབས་འཕྲལ་གྱི་མ་དངུལ་མཁོ་གལ་ཆེ་དུས་དང་།  ཁང་པ་མཛེས་བཟོ་དང་རླངས་འཁོར་ཉོ་སྒྲུབ་ལ་སོགས་པར་དགོས་གལ་ཆེ་དུས་ཀྱི་དཀའ་ངལ་སེལ་ཐུབ་པ་བྱས་ཡོད།

ས་གནས་ཁ་ཤས་སུ་ངོ་བཤེར་ལ་བརྟེན་ནས་གཞུང་གསོག་མ་དངུལ་ལེན་ཐབས་སྤྱད་ཡོད།

ཤར་རྒྱུད་ཀྱི་ཀྲེ་ཅང་དང་། ནུབ་བརྒྱུད་ཀྱི་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས“ངོ་བཤེར”ལ་བརྟེན་ནས་གཞུང་གསོག་མ་དངུལ་ལེན་སྟངས་སྤྱད་ཡོད་པ་རེད།

ཀྲེ་ཅང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞུང་གསོག་མ་དངུལ་ཡོད་པའི་ལས་བཟོ་པ་ཡིན་ན།  ཁ་པར་གྱི་པར་མིག་ནས་མིའི་གདོང་པ་གསལ་འབྱེད་བྱས་ཏེ་དངུལ་སྤྲོད་འབོ་ཡི་སྒང་ནས་ཁང་པ་མེད་པ་དང་། ལས་འཁྱུར་ངལ་གསོ་རྒྱག་པ།  གྲོང་ཁྱེར་དེའི་མི་སྒེར་གྱིས་ཁང་པ་ཉོ་བསྒྲུབ་བྱེད་པའི་ཐད་ཀྱི་མ་དངུལ་བླངས་ཆོག་པ་དང་། དེའི་གོ་རིམ་ལ་སྐར་མ་འགའ་ལས་མི་དགོས་པར་མ་དངུལ་དེ་གཞུང་གསོག་མ་དངུལ་གྱི་དངུལ་བྱང་དུ་འབྱོར་ཐུབ་པ་རེད།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྡོད་ཁང་གཞུང་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ཨ་ལི་པཱ་པཱའི་ཁོངས་གཏོགས་ཀྱི་གྲོག་མ་དངུལ་རྩའི་ཞབས་ཞུ་ཀུང་སི་བར་མཉམ་འབྲེལ་བྱས་ཏེ།  ནུབ་བྱང་གི་ཞིང་ཆེན་དང་ལྗོངས་ལྔ་རུ་དངུལ་སྤྲོད་འབོ་ཡི་གཞུང་གསོག་མ་དངུལ་འདྲི་རྟོག་ཞབས་ཞུ་འདོན་སྤྲོད་བྱས་ཡོད་ལ། ཟི་ལིང་གྲོང་ཁྱེར་གྱི་གཞུང་གསོག་མ་དངུལ་ཡོད་པའི་ལས་བཟོ་པས་ཁ་པར་གྱི་དངུལ་སྤྲོད་འབོ་བརྒྱུད“ངོ་བཤེར”གྱི་ལམ་ནས་མི་སྒེར་གྱི་ཐོབ་ཐང་ལ་ངོས་འཛིན་འཁྲུལ་མེད་བྱས་རྗེས།  མི་སྒེར་གྱི་གཞུང་གསོག་མ་དངུལ་གྱི་གསོ་འཇོག་དང་ཕྱིར་ལེན། དངུལ་བུན་ལ་སོགས་པའི་གནས་ཚུལ་ལ་ལམ་སང་འདྲི་རྟོག་གསལ་བོ་བྱེད་ཐུབ།

ལོ་ཙཱ་བ།ཁོན་ཐར་འཚོ།