དུག་འགོག་འཁོར་སྐྱོད་སློབ་ཁྲིད་དེ་མཐོ་རིམ་སློབ་གྲྭ་རུ་བསྐྱོད་པ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། “མཛེས་པའི་མཚོ་སྔོན། ལྗང་མདོག་དུག་མེད། ”ཅེས་པ་བརྗོད་དོན་ཡིན་པའི་དུག་འགོག་དྲིལ་སྒྲོག་བྱ་འགུལ་དེ་སྔར་ལས་ལྷག་པའི་སྒོ་ནས་གཏིང་ཟབ་དུ་སྤེལ་བ་དང་། “སློབ་ར་རུ་དུག་རྫས་མེད་པ། སློབ་མས་དུག་མི་འཐེན་པའི ”དམིགས་འབེན་དེ་མངོན་འགྱུར་བྱེད་པ། སློབ་གྲྭའི་སློབ་མ་དག་གིས་དུག་ངོས་འཛིན་དང་དུག་འགོག་པ། དུག་འགོག་འདུ་ཤེས་དང་ནུས་པ་སོགས་མཐོར་འདེགས་སུ་གཏོང་ཆེད། ཟི་ལིང་གྲོང་ཁྱེར་དུག་འགོག་གཞུང་སྒྲུབ་ཁང་གིས་ཟླ4པའི་ཚེས11ཉིན་གྱི་ཕྱི་དྲོ། མཚོ་སྔོན་སློབ་ཆེན་དུ་དུག་འགོག “འཁོར་སྐྱོད་སློབ་ཁྲིད”ཀྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་དང་རྒྱ་ཆེའི་དགེ་སློབ་རྣམས“དུག་རྫས་དང་རིང་དུ་གྱེས་ནས་བདེ་ཐང་གི་འཚོ་བ་རོལ་བའི ”འདུ་ཤེས་དེ་སྔར་ལས་ཇེ་ཆེར་བཏང་བ་རེད། ཐེངས་འདིའི་བྱ་འགུལ་ལ་མཚོ་སྔོན་སློབ་ཆེན་ནོར་དོན་སློབ་གླིང་གི་དགེ་སློབ་མི་གྲངས680ལྷག་ཟབ་ཞུགས་བྱས་ཡོད།

བྱ་འགུལ་ཁྲོད་ཟི་ལིང་གྲོང་ཁྱེར་དུག་འགོག་གཞུང་སྒྲུབ་ཁང་གི་མི་དམངས་ཉེན་རྟོག་པས་ཟི་ལིང་གྲོང་ཁྱེར་གྱི་ལོ་འདི་དག་གི་རིང་གི་དུག་འགོག་འཐབ་འཁྲུག་གི་དོན་དངོས་ལ་ཟུང་འབྲེལ་བྱས་ནས། དུག་འགོག་བྱ་བའི་གནས་བབ་ལ་དབྱེ་ཞིབ། རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་རྒྱུན་ཤེས། དཔེར་མཚོན་ཅན་གྱི་གྱོད་དོན་སོགས་ཁ་གསལ་གཏིང་གསལ་སྒོས་རྒྱུན་ལྡན་དང་གོ་སླ་བའི་བྱེད་ཐབས་སྤྱད་དེ་རྒྱ་ཆེ་བའི་སློབ་ཆེན་པ་དག་ལ་དུག་རྫས་ཀྱི་གཞི་རྩའི་རྒྱུན་ཤེས་དང་དུག་རྫས་ཀྱི་གནོད་འཚེ་སོགས་འགྲེལ་བཤད་གསལ་པོ་བྱས་པ་རེད། དེ་མིན་ཟི་ལིང་གྲོང་ཁྱེར་དུ་གསར་རྙེད་བྱུང་བའི་དུག་རྫས་གསར་པ་སྐོར་ཞིག་གི་ངོས་འཛིན་དང་བརྡར་གཅོད། གནོད་འཚེ། སྔོན་འགོག་སོགས་ཀྱི་རྒྱུན་ཤེས་ཡང་ངོ་སྤྲོད་གསལ་པོ་ཞིག་བྱས་སོང་། ཐེངས་འདིའི་བྱ་འགུལ་བརྒྱུད་ཟི་ལིང་གྲོང་ཁྱེར་དུག་འགོག་གཞུང་སྒྲུབ་ཁང་གིས་རྒྱ་ཆེའི་དགེ་སློབ་དག་དུག་འགོག་དང་བླངས་མཁན་གྱི་རུ་དཔུང་ཁྲོད་ཧུར་ཐག་གིས་ཟབ་ཞུགས་བྱེད་པའི་འབོད་བརྡ་བཏང་བ་དང་སློབ་ཆེན་སློབ་མའི་ཤེས་རབ་འཇོན་ནུས་འདོན་སྤེལ་གྱིས་དུག་འགོག་འཐབ་རྩོད་ཁྲོད་དུ་ཞུགས་པར་ཡང་འབོད་སྐུལ་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།