ཝང་ཅན་ཅོན་གྱིས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དུ་རྟོག་ཞིབ་བྱེད་སྐབས་མི་དམངས་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་ཆེད་ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཚུལ་བསྟན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ4པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དུ་རྟོག་ཞིབ་བྱེད་སྐབས། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྲིད་ཁྲིམས་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཆབ་སྲིད་རང་བཞིན་དང་ཁྲིམས་སྐྱོང་རང་བཞིན་ལ་དོ་སྣང་བྱེད་པ། འཐབ་འཛིང་རང་བཞིན་འབུར་དུ་ཐོན་པར་བྱེད་པ། མང་ཚོགས་རང་བཞིན་མངོན་གསལ་བྱེད་པ། གཟི་བརྗིད་རང་བཞིན་མཐོར་འདེགས་བྱེད་པ། ཧུར་ཐག་གིས་སྲིད་ཁྲིམས་དཔུང་སྡེ་བརྟན་པོ་ཞིག་བསྐྲུན་དགོས་ཤིང་། བར་མ་ཆད་པའི་སྒོ་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ནས། མི་དམངས་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་ཆེད་ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།

ཝང་ཅན་ཅོན་སྔ་རྗེས་སུ་མཚོ་སྔོན་སྲིད་ཁྲིམས་ཆེད་དོན་དྲ་རྒྱའི་གཞི་གྲངས་ལྟེ་གནས་དང་སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་བརྟན་འཇགས་སྲུང་སྐྱོབ་བརྙན་རིས་མཛུབ་སྟོན་ལྟེ་གནས།དཔེ་གཟིགས་ཁང་བཅས་སུ་སོང་ནས་སྒྲིག་ཆས་འཁོར་སྐྱོད་དང་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ་བྱེ་བྲག་གི་མཛུབ་སྟོན་བྱས་ལ། བརྙན་རིས་བརྒྱུད་དེ་མ་ལག་དང་འཐབ་ཕྱོགས་དང་པོའི་ལས་བྱེད་ཉེན་རྟོག་པའི་བར་བསམ་བློ་བརྗེ་རེས་བྱས།

ཝང་ཅན་ཅོན་གྱིས་སྲིད་ཁྲིམས་ལས་ཁུངས་ཀྱི་ལས་བྱེད་པས་ཞིང་ཆེན་ཕྱི་རུ་འགྲོ་བ་དང་ཞིང་ཆེན་གཞན་གྱི་མི་གདན་འདྲེན་བྱེད་པ། གཞི་རིམ་དུ་བསྐྱོད་པ་དང་སྲིད་ཁྲིམས་བྱ་བའི་ཐད་ཀྱི་གསོན་ཤུགས་ཇེ་ཆེར་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་ཟེར། ཞིང་ཆེན་ཕྱི་རུ་སོང་ནས་ཞིང་ཆེན་གཞན་གྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་། ཞིང་ཆེན་གཞན་གྱི་མི་སྣ་མཚོ་སྔོན་དུ་གདན་འདྲེན་བྱས་ཏེ་མཚོ་སྔོན་གྱི་བྱ་བའི་གྲུབ་འབྲས་དང་ཁྱད་ཆོས་ངོ་སྤྲོད་བྱེད་པ། ཉམས་མྱོང་སྤྱི་སྡོམ་དང་དཔེ་མཚོན་གདམ་གསེས་བྱེད་པ། བྱ་བར་མཛུབ་ཁྲིད་བྱས་ཏེ། བཅོས་སྒྱུར་སྙིང་སྟོབས་དང་གསར་གཏོད་ཀྱི་བྱེད་ཐབས་ལ་བརྟེན་ནས་སྲིད་ཁྲིམས་བྱ་བའི་གསོན་ཤུགས་ཇེ་ཆེར་གཏོང་དགོས་པའི་སྐུལ་མ་བཏང་པར་མ་ཟད། ཝང་ཅན་ཅོན་གྱིས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་ཁྲིམས་སྡེ་ཁག་སོ་སོའི་བྱ་བའི་མཛུབ་ཁྲིད་དང་རྒྱབ་སྐྱོར་ལ་ཤུགས་སྣོན་པ། སྡེ་ཁག་བར་གྱི་ལྟ་སྦྱོང་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་བྱ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་བྱེད་པར་སྐུལ་འདེད་གཏང་དགོས་པའི་རེ་བ་བཏོན་པ་རེད།

ལིག་ཉིང་ཡང་རྟོག་ཞིབ་ལ་ཞུགས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།