མགོན་པོ་བཀྲ་ཤིས་ཀྱིས་པད་མ་རྫོང་དུ་བརྟག་ཞིབ་གནང་སྐབས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་སྐྲུན་པའི་ཐད་པད་པ་རྫོང་གིས་བྱས་རྗེས་འཇོག་དགོས་ཟེར།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཉེ་ཆར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་འཛིན་མགོན་པོ་བཀྲ་ཤིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དུ་སོང་ནས་བརྟག་ཞིབ་གནང་བ་རེད།

མགོན་པོ་བཀྲ་ཤིས་ཀྱིས་དམར་དམག་དྲན་གསོ་ཁང་ལ་གཟིགས་སྐོར་གནང་བ་དང་། ས་གནས་སུ་སོང་ནས་བོད་ཇ་འདེབས་འཛུགས་ལ་བརྟག་ཞིབ་བྱས་ཤིང་། དབུལ་སྐྱོར་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའུ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་གུང་གཞོན་སྡེ་ཚོགས་ཞིང་ཆེན་ཏང་ཨུད།  ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རྩ་འཛུགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་དགོན་སྡེའི“གཞོན་ནུའི་ཁྱིམ་ཚང”སྒོ་བྱང་བཀལ་བ་དང་།  དཀའ་ངལ་ཡོད་པའི་གྲྭ་བཙུན་ལ་འཚམས་འདྲིའི་དངོས་ཆས་སྤྲད་པའི་བྱེད་སྒོ་ཐོག་མའི་སྟེང་ཞུགས་པ་དང་། དཀའ་ངལ་ཡོད་པའི་གྲྭ་བཙུན་རྣམས་ལ་གྱོན་ཆས་དང་ཉལ་ཆས་སོགས་སྒོར་ཁྲི186ཟིན་པའི་དངོས་ཆས་གནང་བ་རེད།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན།  པད་མ་རྫོང་གིས་དམར་པོའི་རིག་གནས་ཐོན་ཁུངས་སྔར་ལས་སྔོག་འདོན་བྱེད་པ་དང་། གསར་བརྗེ་སྲོལ་རྒྱུན་དར་སྤེལ་རྒྱུན་འཛིན་བྱས་ཏེ། དམར་པོའི་རིག་གནས་ལ་སྟོབས་ཤུགས་གཅིག་སྒྲིལ་སྒོས་ཤུགས་བསྣན་ནས། “དམར་པོའི་པད་མ”འཛུགས་སྐྲུན་ལེགས་པོ་བྱེད་དགོས། ཐོག་མཐར་བར་གསུམ་དུ“སྐྱེ་ཁམས་སྔོན་དུ་འགྲོ་བའི”འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། “ལྗང་མདོག་པད་མ”བསྐྲུན་པའི་ལས་དོན་དམ་པོར་བཟུང་ནས། ཤུགས་ཆེན་པོས་བོད་ཇ་དང་ལྕུམ་རྩྭ་གཙོ་བོ་ཡིན་པའི་ཐོན་ལས་དཔལ་འབྱོར་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་དུ་འགྲོ་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས། མཐོ་སྒང་གི་སྦགས་བཙོགས་མེད་པའི་ལྗང་མདོག་སྐྱེ་ལྡན་ཐོན་ལས་དང་ཐོན་རྫས་བསྐྲུན་དགོས་ཤིང་།  མདོག་གསུམ་ཐོན་ལས་ར་བ་དང་ཁེ་ལས་ཆུང་གྲས་ཀྱི་ཁྱད་ལྡན་ཚོང་རྫས་བསྐྲུན་ཏེ།  དྲ་ཐོག་ཚོང་ཁང་གི་ལས་སྟེགས་ལ་བརྟེན་ནས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ཁྱབ་སྤེལ་ཤུགས་ཆེན་གཏོང་བ་དང་། པད་མ་རྫོང་གི་ཁྱད་ལྡན་ཐོན་རྫས་ཕྱིར་བསྐྱོད་དུ་བཅུག་སྟེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲེིང་སྤྱི་ཚོགས་སྐྲུན་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་སྐྲུན་པའི་ཐད་པད་མ་རྫོང་གིས་བྱས་རྗེས་འཇོག་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།