ཙོང་ཁ་རྫོང་གིས་ཀེ་ཚེ་མེ་ཏོག་གི་ཡུལ་སྐོར་རྟེན་གཞི་མུའུ་ཁྲི་གཅིག་ལྷག་གསར་འཛུགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་ཙོང་ཁ་རྫོང་ཚུན་ལེན་ཞོག་ཁོག་འདེབས་འཛུགས་ཆེད་གཉེར་མཉམ་ལས་ཁང་གི་ཨ་ཐེན་ལུང་གིས་མཉམ་ལས་མི་སྣ་བཅུ་ཕྲག་འགའ་ཁྲིད་དེ་མཉམ་ལས་ཁང་གིས་བེད་སྤྱོད་བྱེད་བཞིན་པའི་སྤྱི་ཆིང86.67ཅན་གྱི་ཞིང་ནང་དུ་ཀེ་ཚེ་མེ་ཏོག་འདེབས་འཛུགས་བྱེད་འགོ་བརྩམས་ཤིང་། ད་ལོར་ཁོས་ཐེངས་དང་པོར་གཞི་རྒྱ་ཆེས་ཆེ་བའི་ཀེ་ཚེ་མེ་ཏོག་འདེབས་འཛུགས་བྱས་ཤིང་། འདེབས་འཛུགས་བྱེད་པའི་གོ་རིམ་རེ་རེ་ལ་ཡང་ཞིབ་ཚགས་ངེས་ཅན་ལྡན་པ་རེད།

སྤྱི་ཆིང86.67ནི་ཙོང་ཁ་རྫོང་གིས་ལོའུ་ཨར་གྲོང་བརྡལ་གྱི་ཏ་ཡོན་ས་ཁུལ་དུ་གསར་དུ་འདེབས་འཛུགས་བྱས་པའི་ཀེ་ཚེ་མེ་ཏོག་མུའུ་བརྒྱ་ལྷག་གི་ཁྲོད་ཀྱི་ཆ་ཤས་ཤིག་ཡིན། ད་ལོར་ཙོང་ཁ་རྫོང་གིས་ལོའུ་ཨར་གྲོང་བརྡལ་གྱི་ཏ་ཡོན་ས་ཁུལ་དུ་མ་དངུལ་སྒོར་ཁྲི1500བཏང་ནས་ཀེ་ཚེ་སྣུམ་རྒྱུའི་ཐོན་སྐྱེད་རྟེན་གཞིའི་རྣམ་གྲངས་གསར་འཛུགས་བྱས་ཤིང་། རང་ཞིང་གི་ལྗང་མདོག་འཕེལ་རྒྱས་ཀྱི་དཔེར་མཚོན་རྟེན་གཞི་རུ་འཛུགས་བསྐྲུན་བྱས་ཡོད།

སྣུམ་རྒྱུའི་ཐོན་སྐྱེད་རྟེན་གཞི་འཛུགས་བསྐྲུན་རྣམ་གྲངས་ཀྱིས་མ་དཔེ་རང་བཞིན་སྒོས་ཉེ་འཁོར་གྱི་ས་གནས་སོ་སོར་སྣེ་ཁྲིད་ཀྱི་བྱེད་ནུས་བཏོན་ཡོད་ལ། ལྗང་མདོག་ཞིང་ལས་འཕེལ་རྒྱས་དང་དེང་རབས་ལག་རྩལ་ཉིས་ཆར་ཕན་ནུས་ངེས་ཅན་གྱི་དེང་རབས་ཞིང་ལས་ཚོང་གཉེར་རྣམ་པ་གསར་འཛུགས་བྱས་ཡོད། རྣམ་གྲངས་དེ་ལོའུ་ཧྲའར་གྲོང་བརྡལ་གྱི་བསྲེགས་དོང་དང་ས་དཀར་སྡེ་བ། ཨ་རྒྱ་གྲོང་བརྡལ། ཐའར་ཝན་སོགས་ཞིང་གྲོང19ཡི་ཞིང་ས་སྤྱི་ཆིང666.67འདུས་ཡོད།

ཨ་ཐེན་ལུང་གིས་བཤད་རྒྱུར། ཁོས་བེད་སྤྱོད་སྒང་གི་ཞིང་ས་དེ་ཏག་ཏག་སྲིད་གཞུང་གི་རྣམ་གྲངས་འཆར་གཞིའི་ལག་བསྟར་ཁྱབ་ཁོངས་ཁྲོད་ཚུད་པ་དང་། སྲིད་གཞུང་གིས་ཁོར་འདེབས་འཛུགས་ཐད་ཀྱི་དགོས་མཁོ་ཆེ་བའི་ལུད་རྫས་དང་ས་བོན། ཞིང་སྨན། དེ་མིན་ལག་རྩལ་ཐད་ཀྱི་མཛུབ་སྟོན་སོགས་མཁོ་སྤྲོད་བྱས། ལོ་ལེགས་སྨིན་རྗེས་རྣམ་གྲངས་མཉམ་ལས་ཁེ་ལས་མཚོ་སྔོན་གྱི་ཏ་སུང་ཞིང་ལས་ཀྱིས་ད་རུང་ཁོས་འདེབས་འཛུགས་བྱས་པའི་ཀེ་ཚེ་ཡོད་ཚད་ཉོ་བསྡུ་བྱེད་པའི་འགན་ཁུར་ཡོད་པས། སེམས་ཁུར་ཅི་ཡང་མེད་ཟེར། ད་ལོར་ཡང་ཁོ་ལ་འདེབས་འཛུགས་ཁྲོད་ནས་ལོ་ལེགས་ཆེན་པོ་སྨིན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་པ་རེད།

ཙོང་ཁ་རྫོང་ཞིང་ལས་ལག་རྩལ་དར་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཡོན་ཏི་ཡིས་ངོ་སྤྲོད་བྱེད་རྒྱུར། ཙོང་ཁ་རྫོང་གི་སྣུམ་རྒྱུའི་ཐོན་སྐྱེད་རྟེན་གཞི་འཛུགས་བསྐྲུན་ཐད་ལ་ལྗང་མདོག་འདེབས་འཛུགས་བེད་སྤྱོད་ཀྱིས་སྐྱེ་ཁམས་གནོད་འབུ་སྔོན་འགོག་དང་ཆེས་ཐོག་མའི་འདེབས་འཛུགས་ནས་བཟུང་ཞིང་སྨན་མེད་པ་དང་གནོད་འབུ་མེད་པའི་ཀེ་ཚེའི་སྣུམ་དེ་ཚད་ལྡན་ཅན་གྱི་ཐོན་སྐྱེད་བརྒྱུད་ཀེ་ཚེ་སྣུམ་གྱི་ལྗང་མདོག་ཟས་རིགས་ཀྱི་ཚད་གཞི་རུ་སླེབས་ཡོད།

མུའུ་ཁྲི་ཕྲག་འགའི་ཀེ་ཚེ་མེ་ཏོག་གི་ཡུལ་སྐོར་རྟེན་གཞི་འཕེལ་རྒྱས་སུ་འགྲོ་ཆེད་ཙོང་ཁ་རྫོང་གིས་ཁྱོན་བསྡོམས་ས་ཞིང་སྤྱི་ཆིང166.67ས་སློག་གིས་འཕྲུལ་ཆས་ཅན་གྱི་ལས་སྣོན་བྱེད་པར་སྟབས་བདེ་བསྐྲུན། ད་དུང་རིང་ཚད་ལ་སྤྱི་ལེ11.28ཡོད་པའི་ཞིང་ཚིགས་རྐང་ལམ་མི་འདྲ་བ9ཡང་གསར་བཟོ་བྱས། དེ་དང་མཉམ་པོར་ལམ་དང་འདེབས་འཛུགས་འཕྲུལ་ཆས་འགྲོ་སའི་ལམ་འགྲམ་གཉིས་སུ་ཁམ་སྡོང5000ལྷག་འདེབས་འཛུགས་བྱས་ཏེ་བགྲོད་ལམ་ལྗང་མདོག་ཅན་དང་ཞིང་ཚིགས་དྲ་རྒྱ་ཅན་དུ་མངོན་འགྱུར་བྱས། རྟེན་གཞི་དེས་ད་རུང་གཟིགས་ཞིབ་སྟེགས་བུ་དང་ཡུལ་སྐོར་གཙང་སྤྱོད་ཁང་སོགས་ཀྱི་སྒྲིག་གཞི་ཡང་གསར་འཛུགས་བྱས་ཏེ་ཡུལ་སྐོར་བ་དག་གི་མྱོང་རོལ་ལ་སྟབས་བདེ་བསྐྲུན། རྣམ་གྲངས་དེས་ཞིང་ལས་དང་བཟོ་ལས། ཡུལ་སྐོར་ལས་རིགས་བཅས་ཐོན་ལས་ཆེན་པོ་གསུམ་ལ་ཟུང་འབྲེལ་བྱས་ཏེ་ཞིང་བ་དག་གི་ཡོང་སྒོ་འཕར་སྣོན་བྱས། དེར་བསྟུན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་གསར་འཛུགས་བྱེད་པར་ཡང་ཕན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།