ད་ལོའི་བོད་ལུགས་ས་གདན་གྱི་འགྲེམ་སྟོན་དུ་རྒྱལ་ཁབ30ཞུགས་འཆར་ཡོད་པ།

     མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་དང་ཤིན་ཅང་གཉིས་ཀའི་ས་གདན་ཐོན་ལས་བར་གྱི་མཉམ་ལས་དང་སྤེལ་རེས་ལ་སྔར་ལས་ལྷག་པས་ཤུགས་བསྣན་ཆེད། ད་ལོར་རང་རེའི་ཞིང་ཆེན་གྱིས་ཤིན་ཅང་འཐུས་ཚབ་ཚོགས་པ་བྱེད་སྒོ་འདིའི་སྐུ་མགྲོན་གཙོ་བོར་བརྩིས་ཏེ་དམིགས་སུ་གདན་ཞུ་བྱ་རྒྱུ་དང་།  འགྲེམ་སྟོན་གྱི་ཚོང་ལས་ནང་འདྲེན་གྱི་ལས་བྱ་གཅིག་འཕྲོར་གཅིག་མཐུད་དེ་འཐུས་ཤོར་མེད་པར་ལས་སྒང་རེད།  ད་སྔའི་བར་དུ། རྒྱལ་ཁབ་30ཡི་ཁེ་ལས་200 ལྷག་ཐེངས་འདིའི་བོད་ལུགས་ས་གདན་འགྲེམ་སྟོན་དུ་ཞུགས་རྒྱུ་ཁས་བླངས་ཡོད་པ་དང་། རྒྱལ་ནང་ནས་ཁེ་ལས70ལྷག་ཞུགས་རྒྱུ་བྱས་འདུག    སྔོན་དཔག་བྱས་ན་ད་ལོའི་འགྲེམ་ཚོགས་སུ་རྒྱལ་ཁབ་ཕྱི་ནང་གི་ཚོང་མགྲོན་ཁྲི་ཡན་ལ་བསླེབ་སྲིད།

ཤེས་གསལ་ལྟར་ན། 2018ལོའི་བོད་ལུགས་ས་གདན་འགྲེམ་ཚོགས་དེ་ཟླ6པའི་ཚེས2ཉིན་ནས་ཚེས6ཉིན་བར་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་སྤེལ་རྒྱུ་བཀོད་སྒྲིག་བྱས་ཡོད་ཅིང་། གཞན་ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ་དུ་ཡན་ལག་འགྲེམ་ཚོགས་སྤེལ་རྒྱུ་བཀོད་སྒྲིག་བྱས་ཡོད།  འགྲེམ་ཚོགས་ཀྱི་སྐབས་སུ་རྒྱལ་ཕྱི་རྒྱལ་ནང་གི་ལག་བཟོས་ས་གདན་དང་།  འཕྲུལ་བསླེའི་ས་གདན།  སྒྱུ་རྩལ་འགེལ་གྲུམ། མ་བཅོས་རྒྱུ་ཆ་དང་ཟུར་སྦྱོར་རྒྱུ་ཆ་གཙོར་བྱས་པའི་ས་གདན་ལ་སོགས་རིགས་མང་པོ་འགྲེམ་སྟོན་བྱ་བའི་ཞོར་ཏུ།  བོད་ལུགས་ས་གདན་གྱི་རིག་གནས་དང་བོད་སྨན་གྱི་རིག་གནས་ངོམ་སྟོན་བྱ་རྒྱུ།  ཡུལ་དངོས་སུ་ས་གདན་འཐག་བསླེའི་ལག་རྩལ་ངོམ་སོ་བྱས་ནས་དེར་ཡོད་པའི་མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་ཁག་གི་ཁྱད་ལྡན་རིག་གནས་དང་དེ་ལས་བྱུང་བའི་ཐོན་རྫས་སྣ་མང་ལ་མྱོང་རོལ་བྱེད་དུ་འཇུག་རྒྱུ།  འགྲེམ་སྟོན་དུ་ཡོད་པའི་ས་གདན་ཕྱིར་འཚོང་དང་རྒྱལ་ཕྱི་རྒྱལ་ནང་གི་ལག་བཟོས་ས་གདན་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་རྒྱུ། གཞན་གཙོ་ཕལ་མི་དབྱེ་བའི་གྲོས་ཚོགས་དང་། འགྲེམ་ཞུགས་ཀྱི་སྐུ་མགྲོན་གཙོ་བོ་ཕ་ཁི་སི་ཐན་གྱི་བྱེད་སྒོ   ཤར་ཕྱོགས་གནའ་བོའི་ས་གདན་གསལ་འབྱེད།  ཆེད་ལས་པས་ཉོ་འཚོང་ཉིན་མོ།   ས་གདན་སྒྱུ་རྩལ་གྱི་འཆད་ཁྲིད།  བྱ་དགའ་གནང་བའི་རྒྱས་སྟོན་ལ་སོགས་ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ10ལྷག་སྤེལ་རྒྱུ་བྱས་འདུག

 ད་སྔ་འགྲེམ་ཚོགས་ཀྱི་ཚོང་འགུགས་ལས་ཀ་སྤེལ་སྒང་རེད་ལ།  དེ་ཡང་རྒྱལ་ཁབ30ཡི་ཁེ་ལས200ཡིས་འགྲེམ་ཚོགས་སུ་ཞུགས་རྒྱུ་ཁས་བླངས་ཡོད་པ་རེད། དེ་ལས་རྒྱ་གར་དང་། ཕ་ཁི་སི་ཐན། བལ་བོ་སོགས་རྒྱལ་ཁབ་ཀྱི་འགྲེམ་ཞུགས་ཚོང་མགྲོན300ལྷག་ལ་སླེབས་ཡོད་པ་དང་། རྒྱལ་ནང་གི་ཤིན་ཅང་དང་ཧྲན་ཏུང་། ཅང་སུའུ། ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར10ལྷག་དང་མཚོ་སྔོན་ས་གནས་ཀྱི་ཁེ་ལས70ལྷག་ཞུགས་གྲབས་འདུག  


 ལོ་ཙཱ་བ། ཁོན་ཐར་འཚོ།