གསར་འགྱུར་ལོ་ཙཱའི་ལས་རིགས་ཀྱི་གལ་ཆེའི་རང་བཞིན་དང་དེའི་ཆ་རྐྱེན་སྐོར་རགས་ཙམ་གླེང་བ།

གསར་འགྱུར་ལོ་ཙཱའི་ལས་རིགས་ཀྱི་གལ་ཆེའི་རང་བཞིན་དང་དེའི་ཆ་རྐྱེན་སྐོར་རགས་ཙམ་གླེང་བ།

ཀླུ་མོ་བྱམས་རྒྱལ།

ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གསར་འགྱུར་རིག་པའི་ཟུར་ངོས་ནས་གསར་འགྱུར་གྱི་མཚན་ཉིད་འཇོག་སྟངས་ཐད་ལུགས་མང་གཤིབ་བསྡུར་དང་རིགས་ལམ་དབྱེ་ཞིབ་ཟུང་འབྲེལ་སྒོས་དཔྱད་གླེང་རགས་ཙམ་བྱས་ཡོད་ལ། བྱེ་བྲག་གསར་འགྱུར་ལོ་ཙཱའི་ལས་རིགས་ཀྱི་གལ་ཆེའི་རང་བཞིན་དང་ལས་རིགས་དེ་སྒྲུབ་མཁན་ལ་ངེས་པར་དུ་འཛོམས་དགོས་པའི་ཆ་རྐྱེན་བཅས་ཀྱི་ཕྱོགས་གཙོར་བཟུང་ནས་གླེང་ཡོད།  

[གནད་ཚིག]གསར་འགྱུར་ལས་རིགས། གསར་འགྱུར་ལོ་ཙཱ།   ཆ་རྐྱེན།

གླེང་གཞི།

འཛམ་གླིང་ཧྲིལ་པོ་སྡེ་པ་གཅིག་ཏུ་འགྱུར་གྱིན་པའི་དེང་གི་དུས་རབས་འདིར་མཚོན་ན་རྒྱལ་ཁབ་གང་ཞིག་དང་མི་རིགས་གང་ཞིག ས་ཁུལ་གང་ཞིག་གིས་རང་རང་གི་ཆབ་དཔལ་རིག་གསུམ་ཡར་རྒྱས་གོང་འཕེལ་དུ་གཏོང་སྟེ། འཛམ་གླིང་དུ་ཡུན་རིང་དུ་གནས་པ་ལ་ངེས་པར་དུ་འཛམ་གླིང་གི་ཕྱོགས་སོ་སོའི་གནས་ཚུལ་ཆེ་མ་ཆུང་གསུམ་དུས་ཐོག་ཏུ་རྒྱུས་ལོན་ཐུབ་པར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། དེ་མིན་མི་སྒེར་ལ་མཚོན་ནའང་རང་གི་ཁེ་དབང་སྲུང་འཛིན་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་གཏན་འབེབས། དམངས་འཚོའི་བཅོས་བསྒྱུར་སོགས་ཀྱི་གནས་ཚུལ་ཆེ་ཕྲ་ཁག་དུས་ལྟར་ཤེས་རྟོགས་ཐུབ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེན་ཞིག་ཆགས་ཡོད་པ་རེད།  གསར་འགྱུར་ལས་རིགས་ནི་ཏག་ཏག་ཚུལ་དེར་དམིགས་ནས་བྱུང་བ་ཞིག་རེད་ལ། གསར་འགྱུར་ལོ་ཙཱའི་ལས་དོན་ནི་གནད་དོན་འདི་དང་འབྲེལ་བའི་ལས་རིགས་གལ་ཆེན་ཞིག་ཡིན་པ་ནི་སྨོས་མེད་རེད། འོན་ཀྱང་ང་ཚོ་བོད་ལ་མཚོན་ན་དེང་གི་ཆར་གསར་འགྱུར་ལས་རིགས་སྤྱིའི་ཆ་ནས་འཕེལ་རྒྱས་མི་དམན་པ་འགྲོ་བཞིན་ཡོད་མོད། གསར་འགྱུར་ལོ་ཙཱའི་སྐོར་ལ་སྐྱོན་ནམ་མི་འདང་བའི་ཆ་མི་ཉུང་བ་ཞིག་བྱུང་དང་འབྱུང་མུས་སུ་ཡོད་པ་དེས། བོད་ཀྱི་གསར་འགྱུར་ལས་རིགས་སྤྱིའི་འཕེལ་རྒྱས་དང་ཡང་སྒོས་སུ་གཞི་རིམ་མང་ཚོགས་ལ་གསར་འགྱུར་ཇི་བཞིན་བརྒྱུད་བསྒྲགས་བྱེད་པར་ཚད་བཀག་ངེས་ཅན་ཐེབས་བཞིན་པར་བརྟེན། གསར་འགྱུར་ལོ་ཙཱའི་གནད་དོན་འདི་གཞུང་རྟར་བཟུང་ནས་འབྲེལ་ཡོད་གནད་དོན་ཁ་ཤས་གླེང་བར་འདོད་དོ།།

དང་པོ། གསར་འགྱུར་གྱི་མཚན་ཉིད་འཇོག་ཚུལ་སྐོར།

གསར་འགྱུར་རིག་པའི་བྱུང་འཕེལ་གྱི་ལོ་རྒྱུས་ལ་བལྟས་ན་གསར་འགྱུར་གྱི་གོ་དོན་འཇོག་ལུགས་མི་འདྲ་བ་170ལྷག་བྱུང་ཡོད་པར་བཤད། ང་ཚོ་བོད་ལ་མཚོན་ན་གསར་འགྱུར་གྱི་གོ་དོན་ཐད《བོད་རྒྱ་ཚིག་མཛོད་ཆེན་མོ》རུ། གནས་ཚུལ་གསར་པ་བཀོད་པ་ཞེས་འགྲེལ་བརྗོད་བྱས་ཡོད་ལ། 《ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང》ལས། གསར་འགྱུར་གྱི་དོན་ནི་སྐབས་སོ་སོའི་གནས་ཚུལ་གསར་པའི་རིགས་དང་། གོ་ཐོས་ཀྱི་མཚར་གཏམ་སྣ་ཚོགས་ལ་གོ་དགོས་པར་བཤད། གོང་གི་མཚན་ཉིད་དེ་གཉིས་ཀར་གསར་འགྱུར་ཡིན་ན་ངེས་པར་དུ་གནས་ཚུལ་གསར་པ་ཞིག་ཡིན་དགོས་པ་དེ་སྲོག་ཏུ་བཟུང་ཡོད་ལ། མཚན་ཉིད་ཕྱི་མར་མཚར་གཏམ་གྱི་ཆ་ཞིག་སྣོན་མ་བྱུང་ཡོད་པ་ནི་མི་འདྲ་ས་ཡིན་མོད། དེ་ཡང་གསར་འགྱུར་རིག་པའི་ངོས་ནས་བལྟས་ན་གོ་ཐོས་ཀྱི་མཚར་གཏམ་ཡིན་ན་གསར་འགྱུར་དུ་འགྲོ་བའི་ངེས་པ་ག་ལ་ཡོད། གཞན་ཡང་གོང་གི་མཚན་ཉིད་དེ་གཉིས་ལས་སྔ་མའི་ལུགས་ལ་གནས་ཚུལ་གསར་པ་ཡིན་པ་ཙམ་གྱིས་མི་ཆོག་པར་ཡིག་ཐོག་ཏུ་བཀོད་པ་ཞིག་དགོས་པར་བསྟན་ལ། ཕྱི་མ་ཡིས་ཡིག་ཐོག་ཏུ་བཀོད་མིན་ཅི་ལྟར་ཡང་གནས་ཚུལ་གསར་པའི་རིགས་ཚང་མ་གསར་འགྱུར་དུ་གཏོགས་པ་ཚིག་ཟིན་དུ་བསྟན་འདུག་སྙམ། རང་ཉིད་ཀྱི་བསམ་ཚུལ་ལྟར་ན། མཚན་ཉིད་སྔ་མ་དེ་ནི་སྒྲ་དོག་འཇུག་གི་དབང་དུ་བྱས་པའི་གསར་འགྱུར་དང་ཕྱི་མ་ནི་སྒྲ་ཡངས་འཇུག་གི་དབང་དུ་བྱས་ནས་མཚན་ཉིད་བཞག་པར་མཐོང་བས་སྤྱིའི་དོན་ལ་འགལ་བ་ཆེར་མེད་པར་འདོད།  སྐབས་འདིར་ཀྲུང་གོའི་གསར་འགྱུར་རིག་པའི་ལོ་རྒྱུས་ཐོག་གསར་འགྱུར་གྱི་གོ་དོན་ཐོག་མར་འཇོག་མཁན་ཞུས་པའོ་ཝང་གིས། "གསར་འགྱུར་ཞེས་པ་ནི་ཀློག་པ་པོ་མང་པོས་དོ་སྣང་བྱེད་ཅིང་ཉེ་ལམ་དུ་བྱུང་བའི་དོན་དངོས་ཤིག་ལ་ཟེར"། ཞེས་གསར་འགྱུར་ནི་ཀློག་པ་པོ་མང་པོས་དོ་སྣང་བྱེད་པའི་དོན་ཞིག་ཡིན་དགོས་པ་དང་། དོན་དེ་ཡང་ཉེ་ལམ་གསར་དུ་བྱུང་ཞིང་བདེན་པ་ཡིན་པ་བཅས་ཕྱོགས་གསུམ་ནས་མཚན་ཉིད་དེ་བཞག་འདུག འོན་ཀྱང་དོགས་པ་ཡོད་ས་ཞིག་ནི་གསར་འགྱུར་ཡིན་ན་ཀློག་པ་པོ་མང་པོས་དོ་སྣང་བྱེད་དགོས་ན་དེང་སང་གི་གསར་འགྱུར་ཕྲན་ཚེགས་མང་པོ་ཞིག་གསར་འགྱུར་དུ་ཚུད་དཀའ་བར་གྱུར་པས་ད་དུང་བརྟག་དགོས་པར་འདུག་སྙམ།  དེས་ན་རང་གི་ལྟ་ཚུལ་ལ་གསར་འགྱུར་རིག་པ་སྨྲ་བ་ལུའུ་ཏིང་དབྱིས། ༡༩༤༢ལོར་ཁོང་གི་བརྩམས་ཆོས《ང་ཚོས་གསར་འགྱུར་རིག་པར་བཅངས་པའི་གཞི་རྩའི་ལྟ་བ》ཞེས་པར།"གསར་ཉེར་བྱུང་བའི་དོན་དངོས་འགོད་སྤེལ་བྱས་པ་ཞིག་ལ་ཟེར"ཞེས་པའི་མཚན་ཉིད་འཇོག་སྟངས་འདི་ནི་གསར་འགྱུར་གྱི་རིགས་ཀུན་ལ་ཁྱབ་མཉམ་དུ་ཡོད་པའི་ཐུན་མོང་གི་མཚན་ཉིད་ཅིག་ཏུ་འདོད། དེ་ཡང་ཁོང་གི་མཚན་ཉིད་འདིའི་ཚིག་ཟིན་དངོས་ལ་གསར་ཉེ་དང་། དོན་དངོས། འགོད་སྤེལ་བཅས་གྲུབ་ཆ་གསུམ་གྱི་ཐོག་ནས་གསར་འགྱུར་གྱི་གོ་དོན་གཏན་ལ་ཕབ་ཡོད། གསར་འགྱུར་གྱི་བརྗོད་བྱ་ནི་ངེས་པར་དུ་ཉེ་དུས་གསར་དུ་བྱུང་བའི་དོན་དག་ཡིན་དགོས་པ་ནི་ཆ་རྐྱེན་དང་པོ་ཡིན་པ་དེ་གསར་ཉེ་ཞེས་པས་བསྟན། གསར་བྱུང་གི་དོན་དེ་ཡང་བསྒྲགས་སྤེལ་བྱེད་སྐབས་ཅིས་ཀྱང་བདེན་པ་ཇི་བཞིན་དུ་བརྗོད་པ་ལས་མི་བདེན་རྫུན་སྒྲིག་དང་ལོག་བཤད་འཁྱོག་བརྗོད་ཀྱི་རིགས་ནི་རྩ་བའི་དགག་བྱ་ཡིན་པ་དེ་དོན་དངོས་ཞེས་པ་དེས་བསྟན་ལ། གསར་འགྱུར་ནི་དོན་དག་གསར་པ་བྱུང་བ་ཙམ་གྱིས་མི་ཆོག་པར་དོན་དེ་རྒྱ་ཆེའི་མང་ཚོགས་ལ་དུས་ཐོག་ཏུ་ཤེས་སུ་འཇུག་རྒྱུ་ནི་དམིགས་ཡུལ་གཙོ་བོ་ཡིན་པས། དེ་ཡིག་ཐོག་དང་ངག་ཐོག དེ་མིན་བརྡ་ཐབས་ཅི་རིགས་སུ་འགོད་སྤེལ་བྱས་ནས་མང་ཚོགས་ལ་སྒྲོག་་དགོས་པ་ཡིན་པས། དོན་དེ་འགོད་སྤེལ་ཞེས་པའི་ཚིག་ངོས་ནས་བསྟན་འདུག་པ་བཅས་གོང་གི་རྒྱུ་མཚན་དག་ལ་བརྟེན་ནས་གསར་འགྱུར་གྱི་གོ་དོན་ནི་ལུའུ་ཏིང་དབྱིའི་ལུགས་ལྟར་བྱས་ན་འཐད་པར་སེམས་སོ། །

གཉིས་པ། གསར་འགྱུར་ལོ་ཙཱའི་ལས་རིགས་ཀྱི་གལ་ཆེའི་རང་བཞིན་དང་་དེ་སྒྲུབ་མཁན་གྱི་ཆ་རྐྱེན་སྐོར།

གསར་འགྱུར་ནི་དེང་གི་སྤྱི་ཚོགས་ནང་ཆེ་སའི་རྒྱལ་ཁབ་སྤྱི་བྱེའི་ལས་དོན་ཁག་གི་ལམ་ཕྱོགས་དང་སྲིད་ཇུས་གཏན་འབེབས། ཕྱི་འབྲེལ་ཐབས་ཇུས། རྒྱལ་སྲུང་དམག་བཀོད། ཚན་རྩལ་རིག་གནས་བཅས་ཕྱོགས་སོ་སོའི་འཕེལ་རྒྱས་དང་དམ་དུ་འབྲེལ་བའི་ཆ་འཕྲིན་ལས་དོན་གལ་ཆེན་ཞིག་ཡིན་ལ། ཆུང་སའི་རྒྱལ་ཁོངས་ནང་ཁུལ་གྱི་མང་ཚོགས་དང་མི་སྒེར་རེ་རེའི་འཚོ་ཚིས་དང་། འཕྲོད་བསྟེན། སློབ་གསོ་སོགས་ཀྱིས་གཙོས་པའི་ཕྱོགས་མང་པོའི་ཁེ་ཕན་དང་འགན་འཁྲི་བཅས་ལ་འབྲེལ་བ་དམ་ཟབ་ལྡན་པས་རྒྱལ་ཁབ་རིམ་པ་ནས་གསར་འགྱུར་ལས་རིགས་ལ་མཐོང་ཆེན་དང་དམ་འཛིན་བླ་ལྷག་ཏུ་བྱེད་ཀྱི་ཡོད། དེས་ན་གྲངས་ཉུང་མི་རིགས་ཁག་གི་གསར་འགྱུར་གྱི་འབྱུང་ཁུངས་ཁྱབ་ཆུང་བས་དབྱིན་ཡིག་དང་རྒྱ་ཡིག་གི་གསར་འགྱུར་འབྱུང་ཁུངས་དང་བསྡུར་ཐབས་རྩ་བ་ནས་མེད་པ་དང་གཅིག གཉིས་སུ་གཞི་རིམ་མང་ཚོགས་ལ་མཚོན་ན་དབྱིན་རྒྱའི་གསར་འགྱུར་མཉན་ཀློག་གི་ཆུ་ཚོད་མི་ལྡན་པས་ངེས་པར་དུ་སྐད་ཡིག་གཞན་གྱི་གསར་འགྱུར་འཕོན་ཆེ་དུས་ཐོག་ཏུ་མི་རིགས་དེ་དང་དེའི་སྐད་ཡིག་ཏུ་བསྒྱུར་ནས་ཁྱབ་བསྒྲགས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་ཆགས་ཡོད་པར་བརྟེན་གསར་འགྱུར་ལོ་ཙཱའི་ལས་རིགས་འདི་ཅིས་ཀྱང་གལ་ཆེན་རང་བཞིན་དུ་གྱུར་ཡོད། གལ་་ཏེ་གསར་འགྱུར་ལོ་ཙཱའི་ལས་རིགས་འདི་ཡག་པོ་ཞིག་མ་འཁྱོངས་ན་མི་རིགས་དེ་དང་དེའི་གཞི་རིམ་མང་ཚོགས་ཕལ་ཆེ་བས་འཛམ་གླིང་སྤྱིའི་སྐབས་བབ་གནས་ཚུལ་དང་སྒོས་སུ་མཐའ་འཁོར་གྱི་གནས་ཚུལ་གསར་པ་མང་པོ་ཞིག་དུས་ཐོག་ཏུ་ཤེས་རྟོགས་མི་ཐུབ་ལ། དེ་ལ་བབརྟེན་ནས་བྱ་གཞག་མངཔོ་ཞིག་འཐུས་ཤོར་དང་དུས་འགྱངས་འབྱུང་སྲིད་པས། ལས་རིགས་འདི་ཤིན་ཏུ་ནས་ཀྱང་གལ་ཆེན་ཞིག་ཏུ་འཛིན་འོས་པ་ཤེས་ལྡན་ཀུན་གྱིས་མཐོང་།

སྤྱིར་ན་ལོ་ཙཱའི་ཕྱག་ལས་གནང་མཁན་ཞིག་ཡིན་ཕྱིན་ཡིག་བསྒྱུར་གཞུང་ལུགས་ཁག་ལ་སློབ་གཉེར་གང་འཚམ་ཞིག་བྱེད་མྱོང་བ་དང་། བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་ཡིག་གཉིས་ལ་བྱང་ཆ་ཡོད་པ། རིག་ཚན་མང་པོའི་ཤེས་བྱ་ལ་རྒྱུས་འདྲིས་ཆེ་བ། བསྒྱུར་བྱ་མི་འདྲ་བར་གཞིགས་ནས་འབྲེལ་ཡོད་ཀྱི་ཤེས་བྱ་རྟོགས་ཐུབ་པ། དེ་མིན་ལྷག་བསམ་གཞུང་དྲང་དང་རྩོམ་པ་པོ་དང་ཀློག་པ་པོ། བསྒྱུར་མཁན་རང་ཉིད། སྤྱི་ཚོགས་བཅས་ཀྱི་ཐད་ལ་འགན་ཁུར་གྱི་འདུ་ཤེས་དང་ལྡན་པ་བཅས་ཡིན་དགོས་པ་ཅི་ལ་བསྙོན། ལྷག་པར་དུ་གསར་འགྱུར་ལོ་ཙཱའི་ལས་རིགས་འདི་ཡག་པོ་ཞིག་ཡོང་དགོས་ན་རྩ་བའི་ཆ་ནས་ལས་རིགས་འདི་སྒྲུབ་མཁན་རྣམས་ལ་ངེས་པར་དུ་ཆ་རྐྱེན་འདི་དག་འཛོམས་དགོས་པར་འདོད་དེ།

གཅིག ལོ་ཙཱ་བར་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་ཡིག་གཉིས་ལ་བྱང་ཆ་ལྡན་དགོས་པ།

ཡིག་བསྒྱུར་ནི་ཡིག་རིགས་གཅིག་གི་ཐོག་ཏུ་ཡོད་པའི་དོན་དག་དེ་ཡིག་རིགས་གཞན་ཞིག་ཏུ་ཇི་བཞིན་དུ་ཕབ་པར་བྱེད་པའི་ལས་རིམ་ཞིག་ཡིན་པས། ཡིག་བསྒྱུར་གྱི་བྱ་བར་འཇུག་མཁན་སུ་ཞིག་རུང་ཐོག་མར་སྐད་ཡིག་སོ་སོའི་ལམ་ནས་གོ་སྟོབས་ཆེ་ཞིང་ལྷག་པར་དུ་ཡིག་ངག་གཉིས་ཐོག་ནས་གནད་དུ་འཁེལ་ཞིང་ཁ་གསལ་གྱིས་ཤོད་ཐུབ་པ་ཞིག་དགོས་པ་ནི་རྩ་བའི་ཆ་རྐྱེན་དང་པོ་དེ་ཡིན། གལ་ཏེ་སྐད་ཡིག་གཉིས་ལས་གང་རུང་ཞིག་གི་ཆུ་ཚོད་ལེགས་པོ་མེད་ན།  སྐད་ཡིག་དེ་གཉིས་བར་ལོ་ཙཱ་བྱེད་པའི་རྩ་བའི་ཆ་རྐྱེན་དེ་མེད་སོང་བ་ཡིན་པ་རེད། དེ་ཡང་རྒྱ་བོད་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱའི་ངོས་ནས་བརྗོད་ན། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཆུ་ཚད་མཐོ་ཙམ་ཡོད་རྒྱུ་ཅི་བས་འགངས་ཆེ། གལ་ཏེ་རྒྱ་ཡིག་གི་ཆུ་ཚད་ཐབས་ཆག་ཙམ་ལས་མེད་ན་བོད་ཡིག་གི་བྱང་ཚད་ཇི་ལྟར་མཐོ་རུང་རྒྱ་ཡིག་གི་ནང་དོན་ཇི་བཞིན་དུ་བོད་ཡིག་ཐོག་བསྒྱུར་ཐབས་མ་མཆིས་ལ། ཐ་ན་ཕྱི་མོ་དང་འགྱུར་གཉིས་ཆ་ཁ་ཡ་སྡེབ་དང་འགལ་འཛོལ་མགོ་འཐོམས་སུ་མི་འགྱུར་བའི་ངེས་པ་ཡང་ག་ལ་ཡོད།  དེ་མཚུངས་རྒྱ་ཡིག་གི་ཆུ་ཚད་བཟང་ཡང་བོད་ཡིག་གི་བྱང་ཆ་མེད་ན་ཡང་དེ་ལས་མ་འདས་ལ། ཁྱོད་ཀྱིས་གསར་འགྱུར་ཀློག་པ་པོ་གོལ་ལམ་དུ་འཁྲིད་སྲིད་པས་ཅིས་ཀྱང་གྱ་ཚོམ་གྱིས་ལས་འདིར་འཇུག་མི་རིགས། ཡང་ཡིག་རིགས་དེ་ལ་བྱང་ཟེར་བ་ནི། ཡིག་རིགས་དེའི་རྒྱུན་བཀོལ་གྱི་དོན་ཆ་རེ་གོ་ཐུབ་ཙམ་དང་རྒྱུན་ལྡན་གྱི་འཚོ་བའི་སྐད་ཆ་ཤོད་པ་ཙམ་ལ་མི་ཟེར་བར་དེ་དང་དེའི་བརྡ་སྤྲོད་ཀྱི་ཆོས་ཉིད། རིག་གནས་ཀྱི་རྒྱབ་ལྗོངས། ཚིག་རྒྱན་གྱི་བཀོལ་ལུགས་སོགས་ཕྱོགས་མཐའ་སྒོར་མོ་ཆེ་ཙམ་ནས་དྲན་དང་རིག་པས་འཆུན་ཐུབ་པ་ཞིག་ལ་གོ་དགོས།  

གཉིས།  ཡིག་བསྒྱུར་གྱི་ཐབས་རྩལ་སྣ་མང་ལ་བྱང་ཆ་ལྡན་དགོས་པ།

གསར་འགྱུར་ལོ་ཙཱ་བ་ཞིག་ལ་མཚོན་ན་ཡིག་བསྒྱུར་གྱི་ཐབས་རྩལ་ཁག་ལ་བྱང་ཆ་ལྡན་པ་ཞིག་ཡིན་དགོས། གསར་འགྱུར་ནི་སྤྱིར་བཏང་གི་རྩོམ་རིག་བརྩམས་ཆོས་གཞན་དང་མི་འདྲ་བར་དོན་དངོས་ཇི་བཞིན་དུ་བརྗོད་པ་དང་། ཁ་གསལ་གོ་བདེར་ཤོད་ཐབས་བྱ་དགོས་པར་བརྟེན་མ་ཡིག་ལ་བསྟུན་ཚབས་ཤིན་ཏུ་ཆེ་བས། བསྒྱུར་པ་པོ་ལའང་མ་ཡིག་གི་ནང་དོན་ཁ་གསལ་གོ་བདེའི་ལམ་ནས་བུ་ཡིག་ཏུ་ཐོན་པར་བྱ་རྒྱུར་བསྒྱུར་ཐབས་ལ་བྱང་ཆ་ཐོན་པ་ཞིག་ཡིན་དགོས་འདུག  དེ་མིན་མ་ཡིག་གི་ཚིག་རིས་ལ་བསྟུན་རྒྱུ་ཐལ་ཆེ་ན་ཐད་བསྒྱུར་ཤས་ཆེ་བས་བུ་ཡིག་ཏུ་ཇི་བཞིན་དུ་གོ་མི་ཐུབ་པའི་བཙན་འགྱུར་དུ་ཆགས་ཉེན་ཆེ་བས་བསྒྱུར་སྟངས་ལ་མཉེན་ཆ་དང་ལྷོད་ཆ་གཉིས་འཛོམས་ཤིག་ཡིན་དགོས་པར་མཐོང་། གཞན་ཡང་དེང་སང་དྲ་ཐོག་དང་རྩིས་འཁོར་སོགས་སུ་ཡིག་བསྒྱུར་མ་ལག་དང་མཉེན་ཆས་མང་པོ་ཐོན་པས་དེ་དག་ཀྱང་གང་འཚམས་ཟུར་དུ་བསྟེན་ན་ལས་ཕྱོད་ཆེ་ཞིང་འགྱུར་སྤུས་ཇེ་མཐོར་འགྲོ་བར་གཞོགས་འདེགས་ཀྱི་ནུས་པའང་མི་དམན་པ་ཐོན་ཐུབ་པ་བཅས་འདི་ཡང་གསར་འགྱུར་ལོ་ཙཱ་བར་དགོས་པའི་ཆ་རྐྱེན་དུ་བགྲང་དགོས་པར་འདོད།

གསུམ།  ཆབ་སྲིད་ཀྱི་གོ་རྟོགས་ངེས་ཅན་ཞིག་ལྡན་དགོས་པ།

གསར་འགྱུར་ལོ་ཙཱ་བར་མཚོན་ན་ཆབ་སྲིད་དང་དེ་འབྲེལ་གྱི་ནང་དོན་སྣ་ཚོགས་ཤིག་ལ་རྒྱུན་དུ་འཕྲད་ཀྱིན་ཡོད་པས། སྒྱུར་མཁན་གང་དེར་ཆབ་སྲིད་ཀྱི་གོ་རྟོགས་ཅུང་ཙམ་མེད་ན་གསར་འགྱུར་འདིའི་རིགས་རྣམས་དགོངས་དོན་ཇི་བཞིན་དུ་བསྒྱུར་བར་དཀའ་ཁག་ཆེན་པོར་འཕྲད་སྲིད།  དེ་ཡང་བསམ་བློ་ཆབ་སྲིད་ཀྱི་ལྟ་བ་ནི་དེང་སྐབས་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བ་རྣམས་ལ་དགོས་པའི་ཆ་རྐྱེན་གལ་ཆེན་ནང་གི་གཅིག་རེད། གལ་སྲིད་གསར་འགྱུར་ལོ་ཙཱ་བ་དེར་བསམ་བློ་ཆབ་སྲིད་ཀྱི་གོ་རྟོགས་མཐོན་པོ་ཞིག་མེད་ཚེ་དེས་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་ཡག་པོ་འཁྱོངས་དཀའ། བསམ་བློ་ཆབ་སྲིད་ཀྱི་གོ་རྟོགས་ཞེས་པ་ནི་གཙོ་བོ་དངོས་གཙོ་རྩོད་སྒྲུབ་སྨྲ་བའི་ཆབ་སྲིད་ལྟ་བ་དང་གསར་འགྱུར་ལྟ་བ་ཡང་དག་པ་ཞིག་རང་རྒྱུད་ལ་བརྟན་པོ་ཡོད་དགོས་པ་མ་ཟད། ཡིག་བསྒྱུར་བྱ་བ་དངོས་ཀྱི་ནང་དུ་ དངོས་ཐོག་བདེན་འཚོལ་དང་ཚན་རིག་ར་སྤྲོད་ཀྱི་ལྟ་བས་ཡིག་བསྒྱུར་གྱི་ཐོག་མཐའ་བར་གསུམ་དུ་སྣེ་སྟོན་གྱི་ནུས་པ་ཐོན་པར་བྱེད་དགོས། སྒོས་སུ་རྒྱལ་ཁབ་ཀྱི་རྩ་དོན་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་སོགས་ལ་གོ་བ་གསལ་ཏིག་ལོན་དགོས་ཡོད། དེ་འདྲ་བྱུང་ན་གསར་འགྱུར་བསྒྱུར་སྐབས་བསྒྱུར་བྱའི་ནང་དོན་གྱི་གཏན་ཚིགས་འཕྱུགས་མེད་དུ་སྟོན་ཐུབ་ཅིང་། ཀློག་མཁན་རྣམས་ལའང་གསར་འགྱུར་གྱི་ཆབ་སྲིད་ལྟ་བ་བདེ་བླག་ཏུ་ར་འཕྲོད་པར་བྱེད་ཐུབ། བསྒྱུར་མཁན་གྱི་ཆབ་སྲིད་གོ་རྟོགས་མཐོན་པོ་མེད་ན་ཆབ་སྲིད་ཀྱི་ནང་དོན་དང་འབྲེལ་བའི་གསར་འགྱུར་བསྒྱུར་སྐབས་ཆབ་སྲིད་བརྡ་ཆད་ཁག་ལ་གོ་བ་ཡག་པོ་ལེན་མི་ཐུབ་པས་གོ་ལོག་གིས་བསྒྱུར་ནོར་ཤོར་བ་ཡང་སྲིད་ལ། དེ་ལྟར་བྱུང་ན་དེས་རྐྱེན་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལའང་ཆབ་སྲིད་ཀྱི་གོ་བ་ལོག་པར་བསྐྱེད་ནས་ཁྲིམས་འགལ་གྱི་གནད་དོན་ཆེན་པོ་འབྱུང་ཉེན་ཆེ་བས་ཤིན་ཏུ་ནས་གཟབ་དགོས་པ་ཡིན། དེ་མིན་བསྒྱུར་མཁན་རང་ཉིད་ལ་མཚོན་ནའང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་གོ་རྟོགས་མཐོན་པོ་ཡོད་ན་ཕྱི་ནང་གི་ཆབ་སྲིད་ཀྱི་འབྲེལ་ཡོད་གསར་འགྱུར་ཁག་གི་ནང་དོན་ལའང་དབྱེ་ཞིབ་གོ་བ་རྣལ་མ་ལེན་པར་དགེ་མཚན་ཆེན་པོ་ལྡན་པས་འདི་ནི་གསར་འགྱུར་ལོ་ཙཱ་བ་ཞིག་ལ་ངེས་པར་དུ་ལྡན་དགོས་པའི་ཆ་རྐྱེན་གཙོ་བོ་གཅིག་ཡིན།

བཞི། བསྒྱུར་བྱའི་དོན་མི་འདྲ་བར་གཞིགས་ནས་འབྲེལ་ཡོད་ཀྱི་ཤེས་བྱ་རྟོགས་དགོས་པ།

གསར་འགྱུར་ལོ་ཙཱ་ནི་སྣ་གཅིག་རིག་ཚན་གྱི་ཆེད་ལས་ལོ་ཙཱ་དང་མི་འདྲ་བར་ཆབ་སྲིད་དང་། ཚོང་ལས། འཕྲོད་སྟེན། སློབ་གསོ། ཚན་རྩལ་སོགས་ལས་རིགས་དང་རིག་ཚན་ངེས་མེད་ཅན་གྱི་བརྗོད་བྱ་ལ་སྦྱང་དགོས་པའི་དམིགས་བསལ་གྱི་ལོ་ཙཱའི་ལས་རིགས་ཤིག་ཡིན་པས། དུས་རྒྱུན་རིག་ཚན་དང་ཆེད་ལས་སྣ་མིན་དང་འབྲེལ་བའི་ནང་དོན་ལ་འཕྲད་སྲིད་པར་བརྟེན་བསྒྱུར་བྱ་མི་འདྲ་བའི་རྒྱབ་ཀྱི་རིག་གནས་ཀྱི་གཏིང་དང་བསམ་བློའི་འཁྱེར་སོ། ཐ་སྙད་བཀོལ་ལུགས་སོགས་ལ་ཅིས་ཀྱང་བློ་ཁ་ཕྱོགས་དགོས་པ་ཞིག་ཡིན། དཔེར་ན་མི་རིགས་སམ་ཚོ་པ་ཞིག་གི་ནང་ཁུལ་དུ་བྱུང་བའི་དོན་དག་དམིགས་བསལ་བ་ཞིག་གི་གསར་འགྱུར་བསྒྱུར་དགོས་ན། མི་རིགས་དེ་དང་དེའི་རིག་གནས་ཀྱི་རྒྱབ་ལྗོངས་དང་ཡུལ་སྲོལ་གོམ་གཤིས་སོགས་ལ་ངེས་ཤེས་རགས་ཙམ་ཞིག་མེད་ན་དེའི་དོན་གྱི་སྙིང་པོ་དེ་ཇི་བཞིན་དུ་བསྒྱུར་བར་དཀའ་ངལ་ཆེན་པོ་འཕྲད་སྲིད། དེ་དང་དེ་བཞིན་དུ་གསར་འགྱུར་གྱི་བརྗོད་བྱ་ནི་རྒྱལ་ཁབ་དང་མི་རིགས་མ་ངེས་ལ། ས་ཁོངས་དང་རིག་གནས་ཀྱི་དབྱེད་བ་ཡང་མེད་པར་གང་གསར་ཤོས་དང་ཚ་ཤོས་ཀྱི་དོན་བྱ་དག་གསར་འགྱུར་དུ་བཀོད་ཀྱི་ཡོད་པས། བསྒྱུར་མཁན་རྣམས་ལ་མཚོན་ནའང་བསྒྱུར་བྱ་མི་འདྲ་བར་གཞིགས་ཏེ་འབྲེལ་ཡོད་ཀྱི་ཤེས་བྱ་དང་། དེའི་རྒྱབ་ལྗོངས་དག་རྟོགས་པར་བྱ་རྒྱུ་ནི་གསར་འགྱུར་ལོ་ཙཱའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་བགྲང་དགོས་པར་སེམས།

ལྔ།  གཞུང་དྲང་དང་འགན་ཁུར་གྱི་འདུ་ཤེས་ལྡན་དགོས་པ།

གསར་འགྱུར་གྱི་བླ་སྲོག་ནི་དྲང་བདེན་ཡིན་པ་གསར་འགྱུར་རིག་པ་སྨྲ་བ་ཀུན་གཅིག་མཐུན་གྱིས་བཞེད་པ་ཞིག་རེད། གསར་འགྱུར་འབྲི་མཁན་དང་བསྒྱུར་མཁན་གྱིས་དེ་དོན་འཁྱོལ་དུ་ཡོང་མིན་ནི་དེའི་གཞུང་དྲང་མིན་དང་འགན་ཁུར་གྱི་འདུ་ཤེས་ལ་རག་ལས་པ་རེད། བསྒྱུར་བྱའི་གསར་འགྱུར་གྱི་ནང་དོན་ཐད་མ་ཡིག་གི་དགོངས་པ་དང་ཡོངས་སུ་བསྟུན་དགོས་པ་ལས་བསྒྱུར་མཁན་རང་ཉིད་ཀྱི་བརྩེ་དུང་དང་རིག་གནས་ཀྱི་འདུ་ཤེས་སོགས་ཀྱིས་བསླད་པའམ་འཁྱོག་བརྗོད་བྱས་ན་གཏན་ནས་འགྲིག་གི་མ་རེད། དེ་ཡང་བསྒྱུར་བའི་ནང་དོན་དེ་མ་ཡིག་གི་དོན་ལས་ཅུང་ཙམ་མི་བརྒལ་པ་དང་། དོན་དེ་ཡང་བུ་ཡིག་འགྱུར་ནང་ཇི་བཞིན་དུ་ཐོན་པར་བྱ་རྒྱུ་ནི་བསྒྱུར་པ་པོའི་འགན་འཁྲི་ཉག་གཅིག་ཡིན་ལ། བསྒྱུར་བྱ་དེའི་གསར་འགྱུར་གྱི་རིན་ཐང་འདོན་ཐུབ་མིན་གྱི་འགག་རྩ་དང་ཡང་འབྲེལ་ཡོད་པས་བདེན་པ་ཇི་བཞིན་དུ་བསྒྱུར་ཐུབ་པའི་ཆེད་སེམས་དང་གཞུང་དྲང་ལྡན་དགོས་པ་ནི་ཆ་རྐྱེན་གལ་ཆེན་ཞིག་ཏུ་འཁུམས། དེ་བས་གཞུང་དྲང་དེ་ཡང་གཅིག་ནས་མ་ཡིག་གི་དགོངས་པ་ལ་འགན་ཁུར་བ་དང་། གཉིས་ནས་འགྱུར་དེ་ཀློག་མཁན་གྱི་ཀློག་པ་པོ་ཡོངས་རྫོགས་ལའང་འགན་ཁུར་པ་ཡིན་ལ། གསར་འགྱུར་དེ་བརྒྱུད་ནས་སྤྱི་ཚོགས་ལ་ཐོན་དགོས་པའི་ཤུགས་རྐྱེན་དང་བྱེད་ནུས་བཅས་ལའང་འགན་ཁུར་པ་ཡིན་པས། དྲང་བདེན་བརྗོད་པའི་སྤོབས་པ་དང་ལྷག་བསམ་དེས་དོན་དུ་གསར་འགྱུར་ལོ་ཙཱ་དེའི་གཞུང་དྲང་མཚོན་པ་ཡིན་པས། གཞུང་མ་དྲང་ན་བདེན་པ་ཇི་བཞིན་དུ་མི་བསྒྱུར་བའམ་སྦས་བསྒྱུར་བྱེད་པ། ཐ་ན་ལོག་བསྒྱུར་སོགས་ཀྱང་འབྱུང་སྲིད། དེས་སྤྱི་ཚོགས་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པས་མདོར་ན་མ་ཡིག་དང་ཀློག་པ་པོ། སྤྱི་ཚོགས་བཅས་ལའང་འགན་མ་ཁུར་བ་ཡིན་པས་མཐའ་གཅིག་ཏུ་སྤོང་བར་བྱའོ། །

མདོར་ན། རང་ཉིད་ཀྱི་གསར་འགྱུར་ལོ་ཙཱའི་བྱ་བའི་བརྒྱུད་རུམ་ཁྲོད་ཀྱི་མྱོང་ཚོར་འགའ་ཤས་དང་གསར་འགྱུར་རིག་པའི་ཟུར་ནས་དིང་གི་གསར་འགྱུར་ལོ་ཙཱའི་ལས་རིགས་འདིའི་གལ་ཆེན་རང་བཞིན་དང་། ལས་རིགས་འདི་ལ་འཇུག་མཁན་རྣམས་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཁ་ཤས་ཀྱང་བཏོན་མོད། རང་ཉིད་ལ་ཆ་རྐྱེན་འདི་དག་ཚང་མ་འཛོམས་པ་གཞིར་བྱས་ནས་གཞན་ལ་རེ་བ་བཏོན་པ་ནི་ལར་ནས་མིན་ལ། རང་ཉིད་ལའང་ཆ་རྐྱེན་འདི་དག་ལས་མང་པོ་ཞིག་མ་འཛོམས་པའི་སྟབས་ཀྱིས། དུས་རྒྱུན་གྱི་གསར་འགྱུར་ལོ་ཙཱའི་ཁྲོད་དུ་དཀའ་ཁག་མང་པོ་ཞིག་འཕྲད་བྱུང་བར་བརྟེན། ལས་རིགས་འདི་ལ་འཇུག་མཁན་གྱི་སྐལ་མཉམ་གྲོགས་པོ་གཞན་དང་ལྷན་དུ་རང་ཉིད་འཕེལ་རྒྱས་གཏོང་འདོད་ཀྱི་ཀུན་སློང་གཙང་མས་ཆེད་རྩོམ་འདི་བྲིས་པའི་ཁུལ་བགྱིས་ལགས་མོད། འདིའི་ནང་མ་འཐུས་པ་དང་མ་འཚམ་པ། ནོར་འཁྲུལ་གྱི་ཆ་སོགས་གང་མཆིས་ན་ཡོ་བསྲང་གནོངས་རོགས་མཁྱེན་ཞེས་ཞུ་བ་ལགས་སོ།།

དཔྱད་གཞིའི་ཡིག་ཆ།

《རྒྱ་བོད་ཡིག་བསྒྱུར་གཞུང་ལུགས་དང་ལག་ལེན》 ཞལ་ལྩེ་ལྷག་པ་ཚེ་རིང་། མི་རིགས་དཔེ་སྐྲུན་ཁང་།

《གསར་འགྱུར་རིག་པའི་གཞུང་ལུགས་ཀྱི་བསླབ་གཞི》 བཀྲས་གླིང་བློ་བཟང་གིས་སྒྲིག་རྩོམ་བྱས། མི་རིགས་དཔེ་སྐྲུན་ཁང་།

《གསར་འགྱུར་བཅར་འདྲི་དང་རྩོམ་འབྲི་རིག་པའི་སྒོ་འབྱེད》 ཟླ་བ་ཚེ་རིང་གིས་རྩོམ་སྒྲིག་བྱས།

མི་རིགས་དཔེ་སྐྲུན་ཁང་།

《གསར་འགྱུར་གྱི་སྐྱོན་སེལ་ཞོགས་པའི་སྐྱ་རེངས》  ཚེ་རིང་རྡོ་རྗེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།