མཚོ་ལྷོ་མང་རྫོང་གིས་རྒྱལ་ཁོངས་ཡུལ་གྲུ་ལྗང་བསྒྱུར་བྱ་བའི་ཚོགས་འདུ་བསྡུས་པ།

མང་རྫོང་གིས་རྒྱལ་ཁོངས་ཡུལ་གྲུ་ལྗང་བསྒྱུར་ལོ་གསུམ་ལ་ཇེ་མགྱོགས་སུ་གཏོང་བའི་འགུལ་སྐྱོད་འཆར་གཞི་འགོ་རྩོམ་པ་དང་ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་ཚོགས་པས་ཕྱིར་ལྡོག་བྱས་པའི་གནད་དོན་ལ་དག་བཅོས་བྱེད་པའི་བྱ་བའི་ཚོགས་འདུ་བསྡུས།

ཟླ4པའི་ཚེས16ཉིན། མང་རྫོང་གིས་རྒྱལ་ཁོངས་ཡུལ་གྲུ་ལྗང་བསྒྱུར་ལོ་གསུམ་ལ་ཇེ་མགྱོགས་སུ་གཏོང་བའི་འགུལ་སྐྱོད་འཆར་གཞི་འགོ་རྩོམ་པ་དང་ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་ཚོགས་པས་ཕྱིར་ལྡོག་བྱས་པའི་གནད་དོན་ལ་དག་བཅོས་བྱེད་པའི་བྱ་བའི་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་ཞིང་ཆེན་དང་ཁུལ་རིམ་པའི་རྒྱལ་ཁོངས་ཡུལ་གྲུ་ལྗང་བསྒྱུར་སྐུལ་འདེད་གྲོས་ཚོགས་དང་ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་ཚོགས་པས་ཕྱིར་ལྡོག་བྱས་པའི་གནད་དོན་ལ་དག་བཅོས་བྱེད་པའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་དེ་ལ་སློབ་སྦྱོང་བྱས། མང་རྫོང་གི2018ལོའི་རྒྱལ་ཁོངས་ཡུལ་གྲུ་ལྗང་བསྒྱུར་གྱི་གཙོ་གནད་བྱ་བ་དང་ཁོར་སྲུང་ལྟ་སྐུལ་ཐད་ཀྱི་གནད་དོན་དག་བཅོས་བྱ་བར་བཀོད་སྒྲིག་བྱས། རྫོང་རྒྱལ་ཁོངས་ཡུལ་གྲུ་ལྗང་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། ཁོངས་གཏོགས་ལས་ཁུངས་སོ་སོ། རྫོང་གི་འགོ་ཁྲིད་ཚན་ཁག་བཞི་ཡི་འབྲེལ་ཡོད་འགན་འཁུར་བ། ཞིང་ཆེན་དང་ཁུལ་གྱི་རྫོང་སྡོད་ལས་ཁུངས་སོ་སོ། ཁེ་ལས་སོ་སོའི་འགན་འཁུར་བ། རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུའུ་ལས་བྱེད་ཡོངས་ཚོགས་འདུ་ལ་ཞུགས། རྫོང་རྒྱལ་ཁོངས་ཡུལ་གྲུ་ལྗང་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའམ་རྫོང་དཔོན་ཚེ་ཁོ་སྐྱིད་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་རྫོང་རྒྱལ་ཁོངས་ཡུལ་གྲུ་ལྗང་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ནམ་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་གིས་གཏམ་བཤད་གནང་།

ཀྲང་ཧྥེང་གིས་བསྟན་དོན། རྒྱལ་ཁོངས་ལྗང་བསྒྱུར་དང་ཁོར་སྲུང་གནད་དོན་དག་བཅོས་ནི་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལག་བསྟར་དོན་འཁྱོལ་བྱེད་པའི་ནང་དོན་གཙོ་བོ་ཡིན་པ་དང་། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་བདེ་ཐང་འཕེལ་རྒྱས་བྱེད་པར་སྐུལ་འདེད་བྱེད་པའི་འགན་སྲུང་ཡིན། ན་ནིང་། ཞིང་ཆེན་ཨུ་ལྷན་གྱིས་ཐེངས་དང་པོར་ཚད་མཐོ་བའི་ངང་ནས་རྒྱལ་ཁོངས་ལྗང་བསྒྱུར་གྱི་སྐུལ་འདེད་གྲོས་ཚོགས་བསྡུས་ཏེ། ཏང་སྲིད་གཙོ་འཛིན་དང་པོས་ཚན་གཙོ་གཉིས་ཀྱི་འགན་བཞེས་པའི་ལྗང་བསྒྱུར་བྱ་བའི་འགོ་ཁྲིད་ལམ་ལུགས་གསར་བ་བཙུགས། ད་ལོར། ཞིང་ཆེན་ཁུལ་ཨུས་ཡང་བསྐྱར་རྒྱལ་ཁོངས་ཡུལ་གྲུ་ལྗང་བསྒྱུར་དང་ཁོར་སྲུང་ལྟ་སྐུལ་གནད་དོན་དག་བཅོས་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། དུས་རབས་གསར་བའི་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན། རིམ་པ་སོ་སོའི་འགོ་ཁྲིད་མི་སྣས་ཏང་གི་རིག་གཞུང་གསར་བ་དང་བསམ་བློ་གསར་བར་སློབ་སྦྱོང་བྱེད་པ་དེ་འདུ་ཤེས་བཞི་ལག་བསྟར་བྱེད་པའི་ཐབས་ཤིག་ལ་བརྩིས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་གསར་བ་དང་བཀོད་སྒྲིག་གསར་བ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། རང་འགུལ་སྒོས་བསམ་བློ་དང་ལག་ལེན་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཁུལ་ཨུ་ལ་གཅིག་གྱུར་ཡོང་བ་བྱེད་དགོས།

ཀྲང་ཧྥེང་གི་གཏམ་བཤད་དེ་གཞུང་ལུགས་དང་ལག་ལེན། ལོ་རྒྱུས་དང་དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ་ཕྱོགས་བཞི་ནས་རྫོང་ཡོངས་ཀྱི་རྒྱལ་ཁོངས་ཡུལ་གྲུ་ལྗང་བསྒྱུར་དང་ཁོར་སྲུང་དག་བཅོས་བྱ་བར་བྱེ་བྲག་གི་བླང་བྱ་བཏོན །གཅིག་ནི་ཆབ་སྲིད་ལངས་ཕྱོགས་མཐོར་འདེགས་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་གྱི་ཐབས་ཇུས་ལ་ཚོད་འཛིན་བརྟན་པོ་བྱེད་དགོས་པ་དང་། གཉིས་ནི་གོ་སྐབས་འདུ་ཤེས་མཐོར་འདེགས་བཏང་སྟེ་ཤུགས་ཆེན་པོས་ལོ་གསུམ་གྱི་རྒྱལ་ཁོངས་ཡུལ་གྲུ་ལྗང་བསྒྱུར་འགུལ་སྐྱོད་བྱ་བ་ལེགས་པོར་སྒྲུབ་དགོས་པ། གསུམ་ནི་འགན་སྲུང་ཇེ་དྲག་ཏུ་བཏང་སྟེ། ནན་ཏན་སྒོས་ཁོར་སྲུང་གནད་དོན་དག་བཅོས་བྱ་བ་དོན་འཁྱོལ་བྱེད་དགོས་པ། བཞི་ནི་མ་མཐའི་ཚད་ཐིག་གི་འདུ་ཤེས་བཙུགས་ཏེ། མཛེས་སྡུག་རྩྭ་ཐང་སྲུང་སྐྱོབ་བྱེད་དགོས་པ་བཅས་ཕྱོགས་བཞི་ཡི་བླང་བྱ་བཏོན།

རྫོང་དཔོན་ཚེ་ཁོ་སྐྱིད་ཀྱིས་སྐྱེ་ཁམས་འཛུགས་སྐྲུན་ཁྱབ་ཁོངས་དང་བྱེ་འགོག་ཕན་ནུས། མཁར་གྲོང་ལྗང་བསྒྱུར། ནགས་ལས་ཐོན་ལས་འཕེལ་རྒྱས། ནགས་ལས་ལམ་ལུགས་བཅོས་བསྒྱུར། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་བཅས་ཕྱོགས་དྲུག་ནས་རང་རྫོང་གི་ཉེ་བའི་ལོ་འགའི་རིང་རྒྱལ་ཁོངས་ཡུལ་གྲུ་ལྗང་བསྒྱུར་བྱ་བའི་གྲུབ་འབྲས་ལ་ སྤྱི་བསྡོམས་མདོར་བསྡུས་བྱས་པ་དང་། ད་དུང་རྫོང་ཡོངས་ཀྱི་རྒྱལ་ཁོངས་ཡུལ་གྲུ་ལྗང་བསྒྱུར་ལོ་གསུམ་ལ་ཇེ་མགྱོགས་སུ་གཏོང་བའི་བྱེ་བྲག་བྱ་བར་ཁག་བགོས་ཞིབ་ཕྲ་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།