རང་གི་བྱིས་པར་སློབ་གསོ་ལེགས་པོ་ཞིག་གཏོང་རྒྱུ་ནི་ཁྱོད་ཀྱི་ལས་དོན་གཙོ་བོ་ཡིན།

རང་ཉིད་ཀྱི་བྱིས་པའི་ཡོད་ཚད་དགེ་རྒན་ལ་བཅོལ་བ་ནི་དོན་དངོས་སུ་ཁྱིམ་བདག་གིས་བྱིས་པའི་ཡོད་ཚད་ཁུར་དུ་མ་བླངས་པའི་རྟགས་ཤིག་རེད། དེའི་དབང་གིས་དགེ་རྒན་ནི་ཆེས་ཕུལ་དུ་བྱུང་བ་ཞིག་དང་འགན་འཁྲི་ཁུར་དུ་ལེན་པ་ཞིག་ཡིན་རུང་།  ཁོས་ཀྱང་གཤམ་གྱི་ཕྱོགས་དེ་དག་ཤ་སྟག་ཏུ་སྒྲུབ་ཐུབ་པའི་ངེས་པ་གཏན་ནས་མེད།

གཅིག སློབ་མ་ཞིག་ལ་ཆ་མཚོན་ནས་བཤད་ན་སྦྱངས་འབྲས་ཀྱི་བཟང་ངན་དང་ཀུན་སྤྱོད་ལེགས་མིན་ནི་ཆེས་གནད་འགག་ཅིག་ཡིན། ཀུན་སྤྱོད་ཀྱིས་ནུས་པའི་ཞན་ཆ་གསབ་ཆོག་ཀྱང་། ནུས་པས་ཀུན་སྤྱོད་ཀྱི་ཞན་ཆ་འགེབས་མི་ནུས། བྱིས་པའི་ཆེས་ལེགས་པའི་སྤྱོད་བཟང་གི་ཚད་གཞི་ནི་ཁོའི་ཁྱིམ་ཚང་གི་སློབ་གསོ་ལ་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། དགེ་རྒན་ནི་སློབ་མར་ཤེས་བྱ་བརྒྱུད་སྤྲོད་དང་དོགས་གནད་སེལ་མཁན་ཞིག་ཡིན་པ་མ་གཏོགས། སློབ་མ་ཕྱོགས་ཡོངས་ནས་སྐྱོན་དང་བྲལ་བར་གསོ་སྐྱོང་བྱེད་མཁན་ཞིག་གཏན་ནས་མིན། ཁྱིམ་བདག་ནི་བྱིས་པའི་མི་ཚེ་གང་པོར་ཤུགས་རྐྱེན་ཐེབས་མཁན་གྱི་མི་དེ་ཡིན་པས། ཕ་མའི་དཔེ་སྟོན་དང་བྱེད་སྟངས་སྣ་ཚོགས་ནི་ནམ་ཡང་དགེ་རྒན་གྱི་སྐར་མ་བཞི་ཅུ་ཞེ་ལྔའི་སློབ་ཁང་སློབ་གསོ་ལས་ཤུགས་རྐྱེན་ཆེ་བ་ཡིན། དེར་བརྟེན་རང་གི་བྱིས་པར་སྤྱོད་ལམ་བཟང་པོ་ཞིག་ཡོད་པར་འདོད་ན་ཁྱིམ་ཚང་སློབ་གསོ་ནི་ཆེས་འགག་རྩར་གྱུར་ཡོད་པས། བྱིས་པའི་སློབ་སྦྱོང་དང་རིག་སྟོབས་འཕེལ་འགྱུར། མི་གཤིས་གསོ་སྐྱོང་སོགས་ལ་ཁྱིམ་བདག་གི་ནུས་ཤུགས་གཙོ་བོ་འདོན་དགོས་པ་ལས་དགེ་རྒན་ཁོ་ནས་སྒྲུབ་ཐུབ་པ་ཞིག་གཏན་ནས་མིན།

གཉིས། དགེ་རྒན་གཅིག་པུས་ཁྱོད་ཀྱི་བྱིས་པར་ཆེས་ལེགས་པའི་གོམས་གཤིས་བཟང་པོ་ཞིག་སྤྲོད་མི་ཐུབ། མིག་མངས་རྩེ་བ་དང་བརྙན་འཕྲིན་ལྟ་བར་དགའ་བའི་ཁྱིམ་བདག་དང་སློབ་གསོར་སྤྲོ་བ་ཡོད་ལ་དཔེ་ཀློག་ལ་དུངས་པ་ཡོད་པའི་ཁྱིམ་བདག་གིས་སློབ་གསོ་སྤྲད་པའི་བྱིས་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་ཡིན། དེའི་རྒྱུ་མཚན་ནི་ཁྱིམ་བདག་མང་པོ་ཞིག་གིས་ཕྱོགས་གཅིག་ནས་རང་ཉིད་ཀྱིས་བརྙན་འཕྲིན་ལ་བལྟ་བ་དང་ཕྱོགས་གཞན་ཞིག་ནས་བྱིས་པར་ནན་ཏན་གྱི་དཔེ་ཀློག་བྱེད་དུ་འཇུག་སྐབས་ནམ་རྒྱུན་བྱིས་པ་དང་འགལ་ཟླའི་སེམས་འགྱུ་བྱུང་བ་ཡིན། དེ་ནི་ཁྱིམ་བདག་གིས་བྱིས་པའི་སེམས་ཁམས་ལ་ཕྱིར་རྟོག་མི་བྱེད་པར་རང་ཉིད་ཀྱིས་སྒྲུབ་མི་ཐུབ་པའི་བྱ་བ་མཐའ་དག་བཙན་ཤུགས་ཀྱིས་བྱིས་པར་བསྒྲུབ་ཏུ་བཅུག་པ་ཡིན། ཕ་མ་ཚོས་ཡར་རྒྱས་བརྩོན་ལེན་དང་འཚོ་བའི་གོམས་གཤིས་ལེགས་པོ་ཡོད་པའི་བྱིས་པ་ཞིག་སྐྱེད་སྲིང་བྱས་ཡོད་ན། བྱིས་པ་དེ་རིགས་ནི་སྤྱིར་བཏང་སློབ་སྦྱོང་ལ་དགའ་བར་མ་ཟད། ལུགས་མཐུན་གྱི་ངང་ནས་རང་ཉིད་ཀྱིས་དུས་ཚོད་ཀྱང་བཀོད་སྒྲིག་བྱེད་ཐུབ་པ་ཡིན། དེ་ལྟར་ཡིན་ན་ཕ་མས་བྱིས་པར་སློབ་གསོ་གཏོང་བའི་སེམས་ངལ་ཡང་ཇེ་ཡང་དུ་གཏོང་ཐུབ་པ་ཡིན། འོན་ཀྱང་ཁྱོད་ཀྱིས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔས་རང་གི་བྱིས་པའི་སྟེང་གི་སྐྱོན་ཆ་མཐའ་དག་སེལ་མ་ཐུབ་ཚེ། ཐོག་མར་ཕ་མ་ཚོས་རང་གིས་རང་ཉིད་ལ་སྐྱོན་བརྗོད་བྱས་ན། ད་གཟོད་བྱིས་པའི་སྟེང་གི་སྐྱོན་ཆའི་འབྱུང་རྩ་གང་ཡིན་པ་འཚོལ་ཐུབ་ངེས་ཡིན། དེ་བས་བྱིས་པའི་ཀུན་སྤྱོད་ལེགས་མིན་གྱི་འབྱུང་རྩ་ནི་ཕ་མ་དང་དེ་འབྲེལ་གྱི་བཟའ་མི་ཚང་མ་ཡིན་རྐྱེན་དགེ་རྒན་གྱིས་སློབ་གྲྭའི་ནང་གི་དུས་ཚོད་ཐུང་ངུའི་རིང་དེ་ལ་ཁྱོད་ཀྱི་བྱིས་པར་གོམས་གཤིས་བཟང་པོ་ཞིག་མྱུར་དུ་སྤྲོད་མི་ཐུབ་པ་ཡིན།

གསུམ། དགེ་རྒན་གཅིག་པུས་ཁྱོད་ཀྱི་བྱིས་པར་དཔེ་ཀློག་གི་དགའ་སྣང་སྟེར་མི་ཐུབ། ཁྱིམ་བདག་མང་ཆེ་བས་རང་ཉིད་ཀྱི་བྱིས་པ་སློབ་སྦྱོང་ལ་མི་དགའ་བ་དང་དཔེ་ཆ་བལྟ་རྒྱུར་སྤྲོ་བ་མེད་པར་འཁང་ར་བྱེད་ཀྱིན་ཡོད་མོད། འོན་ཀྱང་ཁྱིམ་བདག་གིས་སེམས་གཏིང་ནས་རང་གིས་རང་ཉིད་ལ་དྲི་བ་ཞིག་མི་གཏོང་བར་མ་ཟད། ཁྱིམ་བདག་རང་ཉིད་དཔེ་ཆར་བལྟ་རྒྱུར་དགའ་འམ་མི་དགའ་བའི་གནས་སྟངས་ལ་བསམ་གཞིག་ཀྱང་མི་བྱེད་པ་ཡིན། བྱིས་པའི་དཔེ་ཀློག་གི་དགའ་སྣང་ནི་ཆུང་དུས་ནས་སྐྱེད་སྲིང་བྱེད་དགོས་པ་ཞིག་སྟེ། བྱིས་པ་ལོ་གཉིས་ནས་གསུམ་གྱི་སྟེང་ནས་མགོ་བཙུགས་ཏེ་དཔེ་ཀློག་བྱེད་དུ་འཇུག་དགོས་པ་ལས། ཁྱོད་ཀྱིས་བྱིས་པ་སློབ་གྲྭར་སོང་རྗེས་དགེ་རྒན་གྱིས་ཁྱེད་རང་གི་བྱིས་པར་དཔེ་ཀློག་གི་གོམས་གཤིས་གསོ་སྐྱོང་བྱེད་པར་བསྒུག་པ་ནི་གཏན་ནས་མི་རུང་། ཁྱེད་རང་གི་ཁྱིམ་ན་དཔེ་ཆ་ཇི་ལྟར་མང་ན་བྱིས་པས་དཔེ་ཀློག་བྱས་པའང་དེ་ལྟར་མང་བ་ཡིན། ཕ་མས་བྱིས་པར་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཞིག་དང་སྣེ་ཁྲིད་ཀྱི་གོམས་གཤིས་མི་དམན་པ་ཞིག་ཐོན་ཐུབ་ལ། བྱིས་པས་ཁྱོད་ཀྱིས་ཅི་བྱེད་ལ་ལད་ཟློས་བྱེད་པ་ཡིན་པས། བྱིས་པ་སོ་སོའི་སློབ་སྦྱོང་དང་སྤྱོད་ལམ་སྣ་ཚོགས་ཀྱི་ཁྱད་པར་ནི་དོན་གྱིས་ཁྱིམ་བདག་སོ་སོའི་བར་གྱི་ཁྱད་པར་ལས་བྱུང་བ་ཡིན།

བཞི། དགེ་རྒན་གྱིས་ཁྱོད་ཀྱི་བྱིས་པའི་འདོད་བློ་དང་འདུ་ཤེས་གསོ་སྐྱོང་བྱེད་པར་ཁག་ཐེག་བྱེད་མི་ཐུབ། དགེ་རྒན་གྱིས་བྱིས་པ་མང་པོ་ཞིག་ལ་བསླབ་དེབ་ཀྱི་ཤེས་བྱ་དང་། འཚོ་བའི་གོམས་གཤིས། མི་ཆོས་ཀྱི་གནས་ལུགས་དང་མི་གཞི་གསོ་སྐྱོང་། སྲ་བརྟན་གྱི་འདུ་ཤེས་སོགས་ཀྱི་ཕྱོགས་ནས་ཁྱོད་ཀྱི་བྱིས་པ་ལ་ཕྱོགས་སྟོན་ཙམ་བྱེད་དགོས་པ་ལས། ཡོད་ཚད་དགེ་རྒན་གྱི་འགན་ཁུར་མིན་པར་ཚང་མ་ཕ་མ་གཉིས་ལ་བརྟེན་ནས་གསོ་སྐྱོང་བྱེད་དགོས་པ་ཞིག་ཡིན། དེར་བརྟེན་དགེ་རྒན་ལ་བྱིས་པའི་སྐྱོན་ཡོན་མཐའ་དག་ཁྱོད་ལ་ཁག་ཐེག་བྱས་ཏེ་བྱིས་པའི་ཡོད་ཚད་གསོ་སྐྱོང་བྱེད་པའི་འོས་འགན་མེད། དེ་དག་ནི་ཁྱིམ་བདག་གིས་བྱིས་པ་ཆུང་ངུའི་དུས་ནས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ནས་གསོ་སྐྱོང་བྱེད་དགོས་པ་ཞིག་ཡིན། གལ་ཏེ་ཁྱོད་ཀྱིས་བྱིས་པའི་ཡོད་ཚད་སྣང་མེད་དུ་བཞག་ཚེ། ཁྱོད་ཀྱི་བྱིས་པའི་སློབ་སྦྱོང་གི་འབྲས་བུ་བཟང་ཡང་། བྱིས་པ་ལ་སེམས་ཤུགས་ཀྱི་གྲུང་ཤ་དང་བློ་རྩ་བརྟན་པོ་མེད་པར་མ་ཟད། དོན་ཕྲན་ཚེགས་ཀྱི་བརྡབ་སྐྱོན་ཙམ་ཡང་དང་ལེན་བྱེད་མི་ཐུབ་པ་ཡིན། དེ་བས་ཁྱིམ་བདག་གི་འགྲོགས་འདྲིས་སློབ་གསོ་ནི་སློབ་གསོ་ཀུན་ལས་ཆེས་གལ་ཆེ་བ་ཞིག་ཡིན་པ་ཤེས་དགོས་པ་ལས་དེ་དག་ནི་དགེ་རྒན་ཁོ་ནས་བསྒྲུབ་དགོས་པའི་དོན་དག་ཞིག་ཏུ་ནམ་ཡང་བརྩི་མི་རུང་བ་ཡིན།

ལྔ། དགེ་རྒན་གྱིས་ཁྱོད་ཀྱི་བྱིས་པར་ཡུན་རིང་བའི་བདེ་སྐྱིད་ཀྱི་ཚོར་སྣང་དེ་སྟེར་མི་ཐུབ། མི་གཅིག་གནས་སའི་ཐོག་མའི་ཁྱིམ་ཚང་གིས་མིའམ་བྱིས་པ་གང་དེའི་མི་ཚེ་གང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་ཡིན། བཟའ་ཚང་ལ་བརྩེ་འདང་ཡོད་པ། ཁྱིམ་ཚང་འཆམ་མཐུན་ཡིན་པ། ཡོད་ཚད་བརྩེ་བའི་ཁོར་ཡུག་ནས་ནར་སོན་པའི་བྱིས་པ་དེ། ཁྱིམ་ཚང་གི་བྱ་བར་མགོ་མཇུག་མེད་པ་དང་ནམ་རྒྱུན་བཟའ་འཁོན་གྱི་ནང་འཛིང་ཡོད་པའི་ཁྱིམ་ཚང་ནས་ནར་སོན་པའི་བྱིས་པ་དང་བསྡུར་བ་ཡིན་ན་བྱིས་པ་དེའི་སེམས་སུ་དྲོད་སྐྱིད་ཀྱི་འོད་སྣང་འཛོམས་པ་ཡིན། འོན་ཀྱང་དེ་དག་ནི་དགེ་རྒན་གྱིས་སྟེར་ཐུབ་པ་ཞིག་མིན་པས། བྱིས་པ་ཞིག་གི་མི་ཚེ་གང་པོའི་མདུན་ལམ་དང་བདེ་སྐྱིད་ཀྱི་འབྱུང་རྩ་ནི་ཁྱིམ་ཚང་གི་སློབ་གསོས་ཐག་གཅོད་བྱེད་དགོས་པ་ཞིག་ལས། དགེ་རྒན་ཁོ་ནས་ཐག་གཅོད་བྱེད་དགོས་པ་ཞིག་གཏན་ནས་མིན།

མདོར་ན། ཆེས་བཟང་བའི་དགེ་རྒན་ཞིག་གིས་བྱིས་པར་ཕྱོགས་གང་ཐད་ནས་ཤུགས་རྐྱེན་ལེགས་པོ་ཞིག་འཇོག་པའི་དུས་ཚད་ནི་ལོ་གསུམ་ནས་ལྔའི་བར་མ་གཏོགས་མེད་པ་ཡིན། འོན་ཀྱང་ཁྱིམ་བདག་གིས་བྱིས་པར་ཤུགས་རྐྱེན་ཐེབས་ནུས་ཀྱི་དུས་ཚོད་ནི་མི་ཚེ་ཧྲིལ་པོ་ཡིན་པ་ཤེས་དགོས། ཁྱོད་ཀྱི་བྱིས་པ་ནི་དགེ་རྒན་གྱི་ཁུར་པོ་མིན་ལ། གཅེས་ཕྲུག་ནི་དེ་བས་ཀྱང་མིན། ཁྱིམ་བདག་ནི་ནམ་ཡང་རང་ཉིད་ཀྱི་བྱིས་པའི་དགེ་རྒན་དང་པོ་ཡིན་ལ། ནམ་ཡང་བྱིས་པའི་མིག་དཔེ་བལྟ་ཡུལ་གྱི་སྟོན་པ་ལྟ་བུ་ཡིན་པས་ཁྱོད་རང་ནམ་ཡང་གང་ས་ནས་ཚད་ལྡན་གྱི་ཕ་མ་ཞིག་བྱེད་པར་རེ་བ་ཤིན་ཏུ་ཆེ། བརྒྱ་བཤད་ཚིག་གི་རྩ་བ། སྟོང་དཀྲུགས་འོ་མའི་མར་ལོ་ནི་ཁྱོད་ཀྱི་བྱིས་པ་ནི་དགེ་རྒན་གྱིས་ཁུར་དུ་ལེན་པའི་བྱིས་པ་མང་པོའི་ནང་གི་གཅིག་ཡིན་ལ། ཁྱོད་ཀྱི་བྱིས་པར་སློབ་གསོ་གཏོང་བ་ནི་དགེ་རྒན་གྱི་བྱ་བའི་ནང་གི་གྲུབ་ཆ་ཞིག་ཡིན། འོན་ཀྱང་ཁྱིམ་བདག་ནི་དགེ་རྒན་དང་མི་འདྲ་བར། བྱིས་པ་ནི་ཁྱོད་ཀྱི་ཡོད་ཚད་ཡིན་ལ། རང་གི་བྱིས་པར་སློབ་གསོ་ལེགས་པོ་གཏོང་རྒྱུ་ནི་ནམ་ཡང་ཁྱོད་ཀྱི་ལས་དོན་ཆེས་གལ་ཆེ་བ་དེ་ཡིན།