ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གི་གསུང་བཤད།

(2017ལོའི་ཟླ་10ཚེས་25ཉིན།)

ཞི་ཅིན་ཕིང་།

ཐེངས་འདིའི་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཐོག་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་འདེམས་བསྐོ་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་ཟིན་པ་རེད། ཏང་དང་མི་དམངས་ཀྱིས་ལོ་རྒྱུས་ཀྱི་ལས་འགན་ལྗིད་མོ་དེ་ང་ཚོའི་ཕྲག་ཏུ་བསྒོས་པ་ནི་ང་ཚོར་ཡིད་ཆེས་ཆེན་པོ་བྱས་པ་ཞིག་དང་རེ་གཞག་ཆེན་པོ་བཅོལ་བ་ཞིག་ཡིན་པས། ང་ཚོས་ཀྱང་ཐོག་མའི་བསམ་འདུན་མ་བརྗེད་ཅིང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། འགན་འཁུར་འཁྲི་སྒྲུབ་དང་ཧུར་ཐག་འབད་བརྩོན་བྱེད་པ། ལྷག་བསམ་དཀར་པོས་ཏང་དང་རྒྱལ་ཁབ་ཀྱི་དོན་ལ་གཞོལ་བའི་ཐོག་ནས།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ལེན་པའི་དོན་དུ་འབད་འཐབ་བྱེད་དགོས།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་ང་རང་འདེམས་བསྐོ་བྱས་ཏེ་མུ་མཐུད་དུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་འཁུར་བས། ངས་བློ་མཐུན་ཚོས་ཡིད་ཆེས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་རང་ཉིད་ཀྱི་ཕྲག་འགན་ཤིན་ཏུ་ལྗིད་པ་ཤེས་ཀྱི་ཡོད་པས། སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་ཐུན་མོང་དང་ལྷན་དུ་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་རྒྱབ་རྟེན་བཅོལ་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་རྒྱབ་རྟེན་བཅོལ་ནས། ནུས་ཤུགས་ཡོད་རྒུ་རྩད་སྤྲུགས་ཀྱིས་གཞུང་དོན་ལ་འབད་རྒྱུའི་སེམས་ཐག་བཅད་པ་ཡིན་ལ། ཏང་ཡོངས་ཀྱི་བློ་མཐུན་ཚོའི་ཡིད་ཆེས་དང་རེ་གཞག་སྟོང་ཟད་དུ་གཏན་ནས་གཏོང་གི་མིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལོ་5ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ནང་གི་སྤྱིར་བཏང་མ་ཡིན་པའི་ལོ་5ཡིན་པ་དང་། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་རེད། རྒྱལ་སྤྱིའི་རྣམ་པ་ཡོ་ལང་ཆེ་བ་དང་རྒྱལ་ནང་གི་སྒྱུར་བཅོས་བརྟན་བརླིང་འཕེལ་རྒྱས་གསུམ་གྱི་ལས་འགན་ལྗིད་རྫོབ་ཆེ་བའི་གནས་བབ་ཀྱི་གདོང་དུ། ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། ཕྱོགས་ཡོངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་དེ་འཐུས་ཚང་བཏང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་ངལ་གྱི་གདོང་བླངས་ཤིང་གསར་སྤེལ་ཡར་བརྩོན་བྱས་པ། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འབད་འཐབ་རླབས་པོ་ཆེ་སྤེལ་བ། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་སྡེབ་གཅིག་ཏུ་སྐུལ་འདེད་དང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ། གནད་ཆེའི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ཞིག་བཏོན་པ། གནད་ཆེའི་བྱེད་ཐབས་རབ་དང་རིམ་པ་ཞིག་སྤེལ་བ། གནད་ཆེའི་ལས་ཀ་རབ་དང་རིམ་པ་ཞིག་སྐུལ་སྤེལ་བྱས་པ། གནད་ཆེའི་འགྲན་སློང་རབ་དང་རིམ་པ་ཞིག་ཁྱད་དུ་བསད་པ། ཡུན་རིང་ཐག་གཅོད་འདོད་ཀྱང་ཐག་མ་ཆོད་པའི་དཀའ་གནད་མང་པོ་ཐག་ཆོད་པ་དང་སྔོན་ཆད་བསྒྲུབ་སྙམ་ཡང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་པ་བཅས་ཀྱི་ཐོག་ནས།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་ཡོད་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་བཅས་དང་མི་དམངས་ཀྱི་ཐོབ་སྣང་ཆེས་ཆེར་ཡར་རྒྱས་བྱུང་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཡར་རྒྱས་ཡོང་བར་སྔར་ལས་བརྟན་པའི་རྨང་གཞི་བཏིང་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ང་ཚོར་ཐོབ་པའི་གནད་ཆེའི་གྲུབ་འབྲས་དང་གལ་ཆེའི་ཉམས་མྱོང་དག་ལ་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱི་བློ་གྲོས་དང་སེམས་ཤུགས་དྲིལ་ཡོད་པ་རེད། ཚང་མས་ཏང་དང་མི་དམངས་ཀྱི་མངག་བཅོལ་ནན་པོ་མ་བརྗེད་པར་འགན་འཁུར་འཁྲི་སྒྲུབ་དང་ཧུར་ཐག་འབད་བརྩོན་དང་གསར་སྤེལ་གསར་གཏོད་བཅས་བྱས་ཏེ། རང་རང་སོ་སོའི་ལས་གནས་ཀྱི་སྟེང་དུ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ་རེད། ད་ལྟ། ཀྲང་ཏེ་ཅང་དང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་བློ་མཐུན་མང་པོ་ཞིག་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལས་གནས་དང་ཁ་བྲལ་ཡོད་པས། ཏང་དང་མི་དམངས་ཀྱིས་ཁོང་རྣམ་པའི་མཛད་རྗེས་ཆེན་པོ་སེམས་ལ་བརྟན་པོར་འཛིན་གྱི་རེད། འདིར་ངས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཁོང་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མཐོ་བའི་གུས་འདུད་ཞུ་རྒྱུ་ཡིན།

གྲོལ་མ་ཐག་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་གནད་འགག་ཆེ་བའི་དུས་སྐབས་སུ་སྐོང་འཚོགས་བྱས་པའི་ཚོགས་ཆེན་གལ་འགངས་ཆེ་བ་ཞིག་ཡིན་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་ཅིང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། དར་ཆ་མཐོན་པོར་སྒྲེང་ཞིང་མཐུན་སྒྲིལ་ངང་མདུན་སྐྱོད་བྱེད་པའི་ཚོགས་ཆེན་ཞིག་ཡིན། ཚོགས་ཆེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བཅས་མཛུབ་སྟོན་དུ་བཟུང་ནས། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་པ་དང་། འདས་པའི་ལོ་5ཡི་རིང་གི་ལས་ཀ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཕྱིར་ལྟ་དང་སྤྱི་བསྡོམས་བྱས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་ཟིན་པའི་ཆབ་སྲིད་ཀྱི་སྡོམ་ཚིག་བཞག་པ། དུས་རབས་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི་རྒྱས་བཤད་བྱས་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་ཐབས་ཇུས་བཏོན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་དགོས་པའི་དམིགས་འབེན་གཏན་ལ་ཕབ་པ་བཅས་ལ་བརྟེན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་ཏང་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་རེད།

ཚོགས་ཆེན་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གྲོས་འཆམ་བྱུང་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ལེན་པའི་དམིགས་ཡུལ་རྒྱ་ཆེན་པོ་འཆར་འགོད་བྱས་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མདུན་དུ་སྐྱོད་པའི་ཁ་ཕྱོགས་གོམ་གང་མདུན་སྤོས་ཀྱིས་གསལ་ངེས་བཟོས་ཡོད་ལ། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ་ལས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀ་སྤྱི་བསྡོམས་བྱས་ཏེ། ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་བྱས་འོག་ཏུ་སྒྲིག་ཁྲིམས་ཞིབ་བཤེར་ལས་ཀའི་ཐད་ཐོབ་པའི་གནད་ཆེའི་གྲུབ་འབྲས་ཁས་ལེན་གདེང་འཇོག་བྱས་ཡོད་པ་དང་། ང་ཚོའི་ཏང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྐུལ་འདེད་བྱེད་པའི་ཆོད་སེམས་ཆེན་པོ་དང་བློ་སྟོབས་བརྟན་པོ་བསྟན་ཡོད། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་གི་དག་བཅོས་འཆར་ཟིན་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་གི་གཞུང་ལུགས་ཀྱི་གསར་གཏོད་དང་། ལག་ལེན་གྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད་བཅས་ཀྱི་ཐད་དུ་བླངས་པའི་གྲུབ་འབྲས་མཚོན་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་གཏན་ལ་ཕབ་པའི་གནད་ཆེའི་གཞུང་ལུགས་ཀྱི་ལྟ་བ་དང་གནད་ཆེའི་འཐབ་ཇུས་ཀྱི་བསམ་བློ་མཚོན་ཡོད་ལ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བྱེད་པར་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།

ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་པ་ནི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གི་གནད་ཆེའི་ཆབ་སྲིད་ལས་འགན་དང་ལས་ཀའི་བརྗོད་གཞི་ཡིན། དུས་རབས་གསར་པའི་འགོ་འཛུགས་ས་གསར་པ་དང་བླང་བྱ་གསར་པ་མཚོན་པ་དང་། དུས་རབས་གསར་པས་དར་སྲོལ་གསར་པ་དང་དོན་གཉེར་གསར་པ་མགྲོན་ལ་འགུག་གི་ཡོད། མིག་མདུན་དང་དེང་ཕྱིན་དུས་སྐབས་ཤིག་རིང་གཤམ་གསལ་ཕྱོགས་6གི་ལས་ཀ་གཙོ་གནད་དུ་བཟུང་ནས་ཡག་པོར་འཛིན་དགོས་པ་སྟེ།

དང་པོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་བླང་བྱ་ངེས་པར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འཕེལ་རྒྱས་ཆུ་ཚད་བསྟུད་མར་མཐོར་འདེགས་གཏོང་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་གནས་ཕྱོགས་གསར་པ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཀྲུང་གོ་གསར་པ་བཙུགས་པ་དང་ཁྱད་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་པའི་ཚུན་ལ་བླངས་པའི་གཡུར་ཟའི་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་དུ། རང་རྒྱལ་གྱི་འཕེལ་རྒྱས་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་སྟེང་གནས་པར་གྱུར་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཉིད་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་རེད། དེ་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཉིད་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་གོམ་ཁ་བསྒྱུར་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་བཅས་ལ་གཟི་དཔལ་ལྡན་པའི་མདུན་ལྗོངས་ཤར་ཡོད་ལ། དེའི་དོན་དུ་ང་ཚོས་སྔར་ལས་ཆེ་བའི་དཀའ་སྤྱད་འབད་བརྩོན་ཡང་བྱེད་དགོས་པ་མཚོན་ཡོད། དུས་རབས་གསར་པའི་འཐབ་ལམ་གྱི་སྟེང་དུ། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡིན་གཅིག་མིན་གཉིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཡོང་བའི་བླང་བྱ་དང་བསྟུན་ཐུབ་པ་བྱས་ནས། འཐབ་ཇུས་ཀྱི་བསམ་གཞིགས་དང་། གསར་གཏོད་ཀྱི་བསམ་གཞིགས། རྩོད་སྒྲུབ་ཀྱི་བསམ་གཞིགས། ཁྲིམས་སྐྱོང་གི་བསམ་གཞིགས། མ་མཐའི་ཚད་ཐིག་གི་བསམ་གཞིགས་བཅས་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་སྟེང་གི་རྩ་དོན་རང་བཞིན་དང་། རྒྱུད་ཁོངས་རང་བཞིན། སྔོན་ཚོད་རང་བཞིན། གསར་གཏོད་རང་བཞིན་བཅས་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཀྱི་འགྱུར་ལྡོག་ལ་སྔར་ལས་ལྷག་པར་ངེས་ཤེས་རྙེད་པ། ཏང་གི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གསུམ་སྔར་ལས་ལྷག་པར་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་ལ་ཕབ་པའི་བྱེད་ཕྱོགས་སྲིད་ཇུས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྲིད་ཇུས་ཀྱི་ཐབས་བཀོད་སྔར་ལས་ལྷག་པར་ལག་བསྟར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་ཏང་འཛུགས་སྐྱོང་བྱེད་པའི་ལས་གཞི་རླབས་པོ་ཆེ་གསར་པ་སྔར་ལས་ལྷག་པར་སྐུལ་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཧུར་ཐག་འབད་ཐག་གིས་རྩོམ་དགོས།

གཉིས་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་ཐབས་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཆུ་ཚད་བསྟུད་མར་མཐོར་འདེགས་གཏོང་དགོས།

དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་ཐབས་ཇུས་ནི་རྩོལ་མེད་ལྷུན་གྱིས་གྲུབ་པ་ཞིག་མ་ཡིན་ལ་རྟོགས་བཟོ་བྱས་པ་ཞིག་ཀྱང་མ་ཡིན་པར། དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཀྲུང་གོ་གསར་པ་བཙུགས་པ་དང་ཁྱད་པར་དུ་སྒྱུར་བཅོས་སྒོ་བྱས་པའི་ཚུན་ལ་ང་ཚོའི་ཏང་གིས་གཞུང་ལུགས་ཀྱི་གསར་གཏོད་དང་ལག་ལེན་གྱི་གསར་གཏོད་ལ་སྐུལ་འདེད་བཏང་བའི་རྨང་གཞིའི་སྟེང་དུ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་གསར་གཏོད་དང་གསར་སྐྲུན་བྱས་པའི་བློ་གྲོས་ཀྱི་ཉིང་བཅུད་ཡིན། འཚོ་བའི་ལྗོན་པར་རྟག་ཏུ་ལྗང་མྱུག་རྒྱས་ཟེར་བ་ལྟར། གཞུང་ལུགས་ཤིག་བྱུང་བའི་འགོ་ཁུངས་ནི་རྣམ་པར་བཀྲ་བའི་མངོན་སུམ་གྱི་འཚོ་བ་འབའ་ཞིག་ཡིན་ངེས་པ་དང་། སྒུལ་ཤུགས་ནི་སྤྱི་ཚོགས་ཀྱི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་པའི་མངོན་སུམ་གྱི་བླང་བྱ་འབའ་ཞིག་ཡིན་ངེས་རེད། དུས་རབས་གསར་པའི་འཐབ་ལམ་གྱི་སྟེང་དུ། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡིན་གཅིག་མིན་གཉིས་གཞུང་ལུགས་ཉིད་ལག་ལེན་ལ་ཟུང་འབྲེལ་བྱེད་དགོས་པའི་སློབ་སྲོལ་དར་སྤེལ་བཏང་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་དམ་པོར་འབྲེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་གནས་ཚུལ་གསར་པ་དང་དམ་པོར་འབྲེལ་བ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་ཆེན་པོ་བྱུང་བར་དམ་པོར་འབྲེལ་བ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་ལས་འགན་ཁག་ལ་དམ་པོར་འབྲེལ་བ། རང་རྟོགས་ཀྱིས་གཞུང་ལུགས་སྤྱད་དེ་ལག་ལེན་ལ་མཛུབ་སྟོན་བྱས་ཏེ་ཕྱོགས་གང་ཅིའི་ལས་དོན་ཁག་དེ་བས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་ལ་ཚན་རིག་གི་ཆོས་ཉིད་དང་མཐུན་པར་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་དུས་རབས་གསར་པའི་ནང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ནུས་སྟོབས་ཆེ་རུ་སྐྱེད་པ་བཅས་ཀྱི་ཐོག་ནས། ཏང་གི་ཚན་རིག་དང་མཐུན་པའི་གཞུང་ལུགས་ཉིད་མི་བརྒྱ་སེམས་གཅིག་གིས་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་སྒྱུར་དགོས།

གསུམ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་ལས་འགན་ཁག་ཡོངས་འགྲུབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཆུ་ཚད་བསྟུད་མར་མཐོ་རུ་གཏོང་དགོས།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་མཇུག་ཡག་པོར་བསྡུ་རྒྱུ་ནི་མིག་མདུན་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་ཨང་དང་པོ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པས་ང་ཚོའི་ཏང་གིས་དུས་བཅད་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུའི་ཁས་ལེན་དམ་བཅའ་སླར་ཡང་གསལ་འདེབས་བྱས་ཡོད། དུས་ཚོད་ཀྱི་སྟེང་ནས་བཤད་ན་ལོ་ངོ་3ལྷག་ནི་རིང་རྒྱུ་མེད་པར་སྐད་ཅིག་ཙམ་ལ་འདས་འགྲོ་བས་ཧ་ཅང་ཟླ་གཏུགས་པོ་ཡིན། བླང་བྱའི་སྟེང་ནས་བཤད་ན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ལ་མི་དམངས་ཀྱི་ཁས་ལེན་ཐོབ་དགོས་པ་དང་ལོ་རྒྱུས་ཀྱི་ཉམས་ཚོད་ཐེག་དགོས་པས། ངེས་པར་དུ་མིག་མཐོང་ལག་ཟིན་ཡིན་དགོས་ཤིང་བསྲེས་ལྷད་གཅིག་ཀྱང་ཡོད་མི་ཉན། ལས་འགན་གྱི་སྟེང་ནས་བཤད་ན་གཙོ་གནད་འཛིན་པ་དང་པང་ཐུང་བསབ་པ་དང་ཞན་ཆ་སྐོང་བའི་ཐད་དུ་ད་དུང་དཀའ་གནད་མང་པོ་ཞིག་སེལ་དགོས་ཀྱི་ཡོད་པ་དང་། ལྷག་པར་དུ་ཚབས་ཆེའི་ཉེན་ཁ་འགོག་སེལ་དང་། དབུལ་བྲལ་གནད་འཁེལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཁྲུག་བློ་ཐག་རྦད་ཆོད་ཀྱིས་ཡག་པོར་རྒྱག་དགོས་ཀྱི་ཡོད། ཁྱད་དུ་འཕགས་པའི་འཕྲིན་ལས་འགྲུབ་དགོས་ན་ཁྱད་དུ་འཕགས་པའི་བློ་སྟོབས་དང་བྱ་སྤྱོད་ཡོད་དགོས་པ་རེད། རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་ནི་གདོང་ལེན་གྱི་དམག་བརྡ་ཡིན་པ་དང་སྤྱི་ཁྱབ་ཀྱི་སྐུལ་སློང་ཡིན། དུས་རབས་གསར་པའི་འཐབ་ལམ་གྱི་སྟེང་དུ། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡིན་གཅིག་མིན་གཉིས་ཏང་གི་ཚོགས་ཆེན་བཅུ་དགུ་པས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་ཐད་དུ་བཀོད་སྒྲིག་བྱས་དོན་ལྟར་ལས་འགན་ཁག་ཡོངས་འགྲུབ་བྱས་ཏེ། དུས་བཅད་ལྟར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུ་ཁག་ཐེག་བྱེད་དགོས་པ་དང་། དེར་མ་ཟད་རྨང་གཞི་དེའི་སྟེང་དུ་སྟབས་བསྟུན་གྱིས་མདུན་སྐྱོད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་དགོས།

བཞི་པ། ཕྱོགས་ཡོངས་ནས་ཁྱབ་ཁོངས་ཁག་དང་ཕྱོགས་སོ་སོའི་སྒྱུར་བཅོས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་སྒྱུར་བའི་ཆུ་ཚད་བསྟུད་མར་མཐོར་འདེགས་གཏོང་དགོས།

བྱ་གཞག་གོང་དུ་འཕེལ་བས་དྲི་བ་འདོན་པ་དང་། སྒྱུར་བཅོས་ཟབ་ཏུ་སྤེལ་བས་དྲིས་ལན་འདེབས་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་གོང་འཕེལ་གཏོང་བའི་བླང་བྱ་གསར་པར་གཞིགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པར་ལས་འགན་གསར་པ་བཏོན་ཡོད་པ་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་སེམས་ལ་འཇགས་དགོས་པ་ནི། སྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་ཐབས་བཀོད་ཡིན་ལ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགག་རྩའི་ཐབས་བཀོད་ཀྱང་ཡིན་པ་དང་། སྒྱུར་བཅོས་སྒོ་འབྱེད་མེད་ན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མེད་ལ། དེང་སང་གི་ཀྲུང་གོའི་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྣམ་པ་ཡག་པོ་ཡང་ཡོད་མི་སྲིད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ་དེ་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་པའི་ནང་བཞག་སྟེ་གོམ་སྟབས་བརྟན་བརླིང་གིས་ཕྱོགས་གང་ཅིའི་སྒྱུར་བཅོས་སྐུལ་འདེད་བྱས་པས། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བྱས་ཡོད། དེ་དང་ལྷན་དུ་ང་ཚོས་ཤེས་དགོས་པ་ཡང་ནི། བྱ་གཞག་འཕེལ་རྒྱས་ཡོང་བར་འཛད་མཐའ་མེད་ལ། སྒྱུར་བཅོས་ཟབ་སྤེལ་བྱེད་པར་འཛད་མཐའ་མེད་པ་དང་། བྱ་གཞག་འཕེལ་རྒྱས་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པ་དེས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་འབོད་སྐུལ་གཏོང་གི་ཡོད་པ་རེད། འདི་ནི་ངས་བཤད་པའི་སྒྱུར་བཅོས་ལ་བྱེད་བཞིན་ད་ལྟ་བ་མ་གཏོགས་བྱས་ཟིན་འདས་པ་མེད་ཟེར་བ་དེ་ཡིན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རྩ་བའི་སྒུལ་ཤུགས་ནི་སྔར་བཞིན་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ་དེ་ཡིན། དུས་རབས་ཀྱི་འཐབ་ལམ་གསར་པའི་སྟེང་དུ། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡིན་གཅིག་མིན་གཉིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཕེལ་རིམ་ལ་བསྟུན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གོང་འཕེལ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་གྱི་གནད་ཟིན་པ། ཁྱབ་ཁོངས་ཁག་དང་ཕྱོགས་སོ་སོའི་སྒྱུར་བཅོས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། གཞུང་ལུགས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ཚན་རྩལ་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་བཞིན་དུ་ཕྱོགས་གང་ཅིའི་གསར་གཏོད་ལ་བསྟུད་མར་སྐུལ་འདེད་གཏོང་བ། དུས་བབ་དང་མི་མཐུན་པའི་བསམ་བློ་ལྟ་བ་དང་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མཐའ་དག་བློ་ཐག་རྦད་ཆོད་ཀྱིས་ཁྱད་གསོད་བྱེད་པ། ཁེ་ཕན་རེངས་གྱུར་གྱི་སྒོ་ར་གཏོར་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པར་སྒུལ་ཤུགས་ཆེན་པོ་མཁོ་སྤྲོད་བྱེད་དགོས།

ལྔ་པ། ཕྱོགས་ཡོངས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་བྱས་ཏེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་བསྟུད་མར་མཐོར་འདེགས་གཏོང་དགོས།

མི་དམངས་ལ་བདེ་སྐྱིད་བརྩོན་ལེན་བྱེད་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་ཡིན། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་འདི་མི་བརྗེད་པར་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བའི་རེ་སྨོན་དེ་དུས་གཏན་གྱི་འབད་འཐབ་དམིགས་འབེན་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐད་དུ་བཀོད་སྒྲིག་ཆ་ཚང་བྱས་ཡོད་པ་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོབ་ཡག་པོ་དང་གོང་སྤེལ་ཡག་པོ་བྱེད་རྒྱུ་དེ་ཆེས་མཐོའི་ཚད་གཞིར་འཛིན་པ་དང་། མི་དམངས་སྣེ་ཁྲིད་ཀྱིས་དགའ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱེད་ཅིང་། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉིད་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམ་གྱིས་མི་དམངས་ཡོངས་ལ་ཕན་པའི་གསོས་སུ་བསྒྲུབས་ཏེ། མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་སྔར་ལས་རྒྱས་པ་དང་། སྔར་ལས་འགན་སྲུང་ཡོད་པ། སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་ཡོང་བར་བྱེད་དགོས་པ་དང་། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་འགྱུར་བའི་ཕྱོགས་སུ་མུ་མཐུད་དུ་སྐྱོད་དགོས། དུས་རབས་གསར་པའི་འཐབ་ལམ་གྱི་སྟེང་དུ། ཏང་ཡོངས་ཀྱིས་བློ་མཐུན་ཚོས་ཡིན་གཅིག་མིན་གཉིས་མི་དམངས་ཀྱིས་ཆེས་སེམས་འཁུར་བྱེད་པ་དང་ཆེས་ཐད་ཀ་དང་ཆེས་མངོན་སུམ་ཆེ་བའི་ཁེ་ཕན་གྱི་གནད་དོན་སྟངས་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་སེམས་འཁུར་བྱེད་པའི་དོན་དག་གང་ཡིན་རང་ཉིད་ཀྱི་དོན་དག་ལ་རྩིས་དགོས་པ་དང་། མི་དམངས་མང་ཚོགས་ཀྱིས་སེམས་འཁུར་བྱེད་པའི་དོན་དག་ནས་ལས་འགོ་བརྩམས་ཏེ། དམངས་འཚོའི་ལས་དོན་མང་ཙམ་སྒྲུབ་པ་དང་དམངས་འཚོའི་དཀའ་ངལ་མང་ཙམ་སེལ་དགོས་ལ། ཕྲུ་གུ་ལ་གསོ་སྐྱོང་ཡོད་པ་དང་། སློབ་མར་སློབ་གསོ་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་ཚ་ལ་སྨན་བཅོས་ཡོད་པ། བགྲེས་སོང་ལ་རྒན་གསོ་ཡོད་པ། གནས་སྡོད་ལ་ཁང་པ་ཡོད་པ། ཉམས་ཆུང་ལ་རོགས་སྐྱོར་ཡོད་པ་བཅས་ཀྱི་ཐད་དུ་མུ་མཐུད་ནས་འཕེལ་སྐྱེད་གསར་པ་ཡོང་བར་བྱེད་དགོས་ཤིང་། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་མུ་མཐུད་ནས་སྐུལ་སྤེལ་གཏོང་དགོས་ལ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་ཐུན་མོང་དུ་ཕྱུག་འགྱུར་ཡོང་བར་མུ་མཐུད་ནས་སྐུལ་འདེད་བྱེད་དགོས།

དྲུག་པ།    ཕྱོགས་ཡོངས་ནས་ཏང་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པ་ལ་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆུ་ཚད་བསྟུད་མར་མཐོར་འདེགས་གཏོང་དགོས།

ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གིས་ཏང་ལ་བདག་པོ་བྱེད་རྒྱུ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་སྤེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་སྐུལ་འདེད་བྱེད་པ། མི་རིགས་བསྐྱར་དར་ཡོང་རྒྱུའི་ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་པ་བཅས་ཀྱི་འགན་ལེན་ཡིན་ལ། ང་ཚོའི་ཏང་གིས་དུས་རབས་མདུན་སྐྱོད་ཀྱི་ཕྱི་རྗེས་འབྲངས་བ་དང་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛིན་སྐྱོང་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡང་ཡིན། ང་ཚོའི་ཏང་གིས་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་གསུམ་སྤེལ་བའི་ལག་ལེན་ལས་བདེན་དཔང་མཐར་ཕྱིན་བྱས་དོན། ནམ་ཞིག་ང་ཚོ་རང་ཉིད་འགྱུར་མེད་སྟོབས་ལྡན་ཡིན་པ་དེའི་དུས་སུ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་མི་འགྲུབ་པའི་དུས་མེད་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པས་ང་ཚོའི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་ཉམས་མྱོང་གསར་པ་སྤྱི་བསྡོམས་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་སྐོར་གྱི་བླང་བྱ་གསར་པ་ཁ་གསལ་སྒོས་བཏོན་ཡོད། སྤྱིའི་བླང་བྱ་འདི་ནི་མིང་གི་ལྷག་མ་ཙམ་དང་འོལ་སྤྱི་ཙམ་དང་བསླབ་བྱ་སྟོན་པ་ཙམ་མ་ཡིན་པར། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་མངོན་སུམ་གྱི་དགོས་མཁོ་ལས་བྱུང་བ་ཞིག་དང་། ཏང་ནང་ཁུལ་དུ་གནས་པའི་འབུར་དུ་ཐོན་པའི་འགལ་བ་དང་གནད་དོན་གྱི་མངོན་སུམ་གྱི་དགོས་མཁོ་ལས་བྱུང་བ་ཞིག ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛིན་སྐྱོང་དང་ཏང་གི་གསར་གཏོད་བྱེད་ནུས་དང་གོང་བུར་འགྲིལ་ནུས་དང་འཐབ་འཛིང་བྱེད་ནུས་ཆེར་སྐྱེད་བྱེད་པའི་མངོན་སུམ་གྱི་དགོས་མཁོ་ལས་བྱུང་བ་ཞིག ཏང་དང་མི་དམངས་བར་གྱི་ཤ་ཁྲག་གི་འབྲེལ་བ་འཛིན་སྐྱོང་བྱེད་པའི་མངོན་སུམ་གྱི་དགོས་མཁོ་ལས་བྱུང་བ་ཞིག ཏང་གི་སྲིད་སྐྱོང་གོ་གནས་མཐའ་འཁྱོངས་དང་། ཏང་གི་སྲིད་སྐྱོང་ནུས་པ་ཆེར་སྐྱེད། ཏང་གི་ངོ་བོ་དང་དམིགས་འབེན་གཏན་སྐྱོང་དང་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་བཅས་བྱེད་པའི་མངོན་སུམ་གྱི་དགོས་མཁོ་ལས་བྱུང་བ་ཞིག་བཅས་ཡིན། གྲུ་གཟིངས་ལྡོག་སྐྱོད་ཤུགས་ཀྱིས་བཀན་པའི་ཚེ། །བཀན་ཤིང་ལྷོད་ན་ཕྱི་ནུར་དཔག་བརྒྱ་བྱེད། ། ཅེས་ཟེར་བ་ལྟར། ང་ཚོས་ཡིན་གཅིག་མིན་གཉིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་ང་ཚོའི་ཏང་གི་རང་ཉིད་འཛུགས་སྐྱོང་བྱེད་པའི་ཐད་བཏོན་པའི་བླང་བྱ་གསར་པ་ངོས་འཛིན་ཟབ་མོ་བྱས་ཏེ། ང་ཚོའི་ཏང་གིས་སྔར་ལས་ལྷག་པར་འགན་འཁྲི་དང་དུ་ལེན་རྒྱུར་དམིགས་ནས་ལེགས་གྲུབ་ཀྱི་ཉམས་མྱོང་སྤྱི་བསྡོམས་དང་བེད་སྤྱོད་བྱེད་དགོས་པ་དང་། འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱེད་པར་དོ་སྣང་བྱེད་དགོས་ཤིང་། སྐད་ཅིག་ཙམ་ལ་ཡང་མི་སྡོད་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་དེ་ཟབ་ཡངས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་འཐབ་ལམ་གྱི་སྟེང་དུ། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡིན་གཅིག་མིན་གཉིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལྟར། ཏང་གིས་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་གིས་ཏང་ལ་བདག་པོ་རྒྱག་རྒྱུ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། བརྩོན་པ་བསྟར་ཆགས་སུ་སྤྱད་དེ་མུ་མཐུད་དུ་རྒྱུན་ཆགས་དང་རྒྱུན་རིང་དང་། གཟབ་ནན་དང་ཏན་ཏིག གཏིང་ཟབ་དང་ཞིབ་ཕྲ་བཅས་ཀྱི་ཐད་དུ་ཤུགས་རྒྱག་དགོས་ལ། གོམས་བྱང་ཆགས་པ་དང་འབྲས་བུ་ཐོན་པར་བྱེད་དགོས། དེ་ཡང་ཐོག་མཐའ་བར་གསུམ་དུ་རང་ཉིད་བརྟན་བརླིང་འཛིན་སྐྱོང་བྱས་པ་ཡིན་ན་ང་ཚོའི་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་ཕུགས་འདུན་རླབས་པོ་ཆེ་འདྲེན་པའི་གྲུ་གཟིངས་དཀྲུགས་ནས་རླབས་རྒོད་གཤགས་ཏེ་གཟི་དཔལ་བཀྲ་བའི་རྒྱལ་ཁའི་ཕ་མཐར་སྐྱོད་ཐུབ་ངེས་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ད་དུང་ལས་འགན་གལ་ཆེན་ཞིག་ཡོད་པ་ནི་ཏང་གི་སྒྲིག་ཡིག་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་གི་དག་བཅོས་འཆར་ཟིན་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་གི་གཞུང་ལུགས་ཀྱི་གསར་གཏོད་དང་། ལག་ལེན་གྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད་བཅས་ཀྱི་ཐད་དུ་བླངས་པའི་གྲུབ་འབྲས་མཚོན་ཡོད་པ་དང་། འགྱུར་བག་སྤུ་ཙམ་མེད་པར་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད། ཏང་འཛུགས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་ཆད་མེད་པར་ཏང་འཛུགས་སྐྱོང་གི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་ལ་བླང་བྱ་གསར་པ་མང་པོ་ཞིག་བཏོན་ཡོད་པ་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གལ་ཆེའི་ནང་དོན་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏོང་བའི་གལ་ཆེའི་ཐབས་བཀོད་བྱས་ཏེ། ཏང་ཡོངས་སུ་རང་རྟོགས་ཀྱིས་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པ་དང་།  དཔེ་བཟང་བསྟན་ནས་ཏང་གི་སྒྲིག་ཡིག་ལག་བསྟར་བྱེད་པ། གཟབ་ནན་གྱིས་ཏང་གི་སྒྲིག་ཡིག་བརྩི་སྲུང་བྱེད་པ། བློ་ཐག་རྦད་ཆོད་ཀྱིས་ཏང་གི་སྒྲིག་ཡིག་སྲུང་སྐྱོང་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་པ་དང་། ཏང་གི་སྒྲིག་ཡིག་གི་བླང་བྱ་ཉིད་ཏང་གི་ལས་ཀ་དང་ཏང་འཛུགས་སྐྱོང་གི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོར་དོན་ལ་གནས་པར་ལག་བསྟར་བྱེད་དགོས།

བློ་མཐུན་ཚོ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་དུ་ཕྱོགས་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པ་དང་། དེ་ནས་ཀྱང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་ནི། དུས་རབས་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི་ཡིན། ད་ལྟ་ལོ་རྒྱུས་ཀྱི་མཐུད་རྒྱུག་དབྱུ་གུ་ང་ཚོའི་ལག་པའི་ནང་དུ་སྤྲད་ཡོད་པ་རེད། ལས་འགན་ལྗིད་མོ་འདི་ཕྲག་ཏུ་ལེན་པ་ལ། ང་ཚོར་གདེང་ཚོད་ཆེན་པོ་ལྡན་ཡོད་ལ་སེམས་ཁྲལ་ཆེན་པོ་ཡང་སྐྱེས་ཡོད། གདེང་ཚོད་ཆེན་པོ་ལྡན་དོན་ནི། ང་ཚོར་མར་ཁེ་སི་རིང་ལུགས་ཀྱི་བདེན་ལུས་ཀྱི་སྟོབས་ཤུགས་ལྡན་ཡོད་པས་ཡིན་པ་དང་། ང་ཚོར་ཏང་གི་འགོ་ཁྲིད་སྟོབས་ལྡན་ཡོད་པས་ཡིན་ཞིང་། ང་ཚོར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡང་དག་པ་ཡོད་པས་ཡིན་ལ། ང་ཚོར་ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་ཡོད་པས་ཡིན། སེམས་ཁྲལ་ཆེན་པོ་སྐྱེ་དོན་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཉིད་མུ་མཐུད་དུ་དཀའ་སྤྱད་འཚོལ་ཞིབ་བྱེད་དགོས་པར་ཐུག་ཡོད་པས་ཡིན་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པར་བར་མེད་དུ་ངལ་བ་ཧུར་ལེན་དང་དཀའ་ངལ་ཁྱད་གསོད་བྱེད་དགོས་པས་ཡིན་ཞིང་། རུལ་སུངས་ཀྱི་བསམ་བློ་སྣ་ཚོགས་ཀྱི་ལྷད་སྐྱོན་བཟློག་དགོས་ན་རང་གིས་རང་ཉིད་གསར་བརྗེ་བྱེད་ཕོད་དགོས་པས་ཡིན།

ལོ་5ཡི་སྔོན་གྱི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་དུ། ངས་བླ་ན་མཐོ་བའི་དད་སེམས་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་གི་བསམ་པའི་གདུང་འདེགས་ཡིན་པ་དང་། མི་དམངས་མང་ཚོགས་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་གི་སྲིད་སྐྱོང་གི་རྨང་གཞི་བརྟན་པོ་ཡིན་ཞིང་། དེ་ཡང་ང་རང་ཚོས་དུས་གཏན་དུ་དད་སེམས་མ་བསྒྱུར་བ་དང་མང་ཚོགས་དང་ཁ་མ་བྲལ་བ་ཡིན་ན། ང་རང་ཚོར་རྒྱལ་ཁ་མི་ཐོབ་པའི་དུས་མེད་ཅེས་བཤད་མྱོང་ཡོད། སྐད་ཆ་དེ་ངས་དེ་རིང་ཡང་གསལ་འདེབས་ཤིག་ཞུ་རྒྱུ་ཡིན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ལྷན་རྒྱས་ནས་ཡིན་གཅིག་མིན་གཉིས་ཏང་ལ་བློ་དཀར་བ་དང་། མེས་རྒྱལ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བ་བཅས་བྱེད་དགོས་པ་དང་། ཡིན་གཅིག་མིན་གཉིས་ཉམས་ཉེས་དྲན་པ་དང་། འཁུར་ལེན་ཕོད་པ། སྐྱེས་འབུལ་ལ་མོས་པ་བཅས་བྱེད་དགོས་ཤིང་། ཡིན་གཅིག་མིན་གཉིས་ཁེངས་སྐྱུང་གཟབ་བརླིང་དང་། ང་རྒྱལ་མེད་པ། དཀའ་སྤྱད་འབད་བརྩོན་བཅས་བྱེད་དགོས་ལ། བློ་སེམས་རྩེ་གཅིག་གིས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གཞོལ་དགོས། འདིར་ལྷན་རྒྱས་དང་སྐུལ་མ་མཉམ་གཏོང་བྱེད་ཕྱིར་ངས་རེ་བ་འགའ་ཞུ་རྒྱུ་ཡིན།

དང་པོ། ཕུགས་སེམས་དང་དད་འདུན་བརྟན་པོར་སྐྱེད་དགོས། ཕུགས་སེམས་དང་དད་འདུན་ནི་བྱ་གཞག་དང་མི་ཚེའི་ལམ་སྟོན་སྒྲོན་མེ་ཡིན་པ་དང་། དེས་ང་ཚོའི་ཁ་ཕྱོགས་དང་ལངས་ཕྱོགས་ཐག་གཅོད་བྱེད་ཀྱི་ཡོད་ལ། ང་ཚོའི་ཁ་ནང་གི་གཏམ་དང་ལག་ནང་གི་སྤྱོད་པ་ཡང་ཐག་གཅོད་བྱེད་ཀྱི་ཡོད། མཐོ་རིམ་ལས་བྱེད་པ་དང་ལྷག་པར་དུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཚོས་ནི་དེ་བས་ཀྱང་དུས་རབས་ཀྱི་རླབས་རྒྱུན་ཁྲོད་དུ་གུང་ཁྲན་ཏང་མིའི་བསམ་པའི་དོན་གཉེར་བརྟན་པོར་འཛིན་པའི་གདུང་འདེགས་ཀྱི་ཀ་བ་ལྟ་བུ་བྱེད་དགོས། ལོ་འདི་དག་གི་རིང་ལ། ང་ཚོས་འགོ་ཁྲིད་ལས་བྱེད་པ་དེ་འདྲ་མང་པོ་ཞིག་རྩད་ཞིབ་ཐག་གཅོད་བྱས་པ་དང་། ཁོ་པ་ཚོས་ཁྲིམས་འགལ་སྒྲིག་འགལ་བྱས་མཐར་བྱས་ཉེས་ཀྱི་ཀློང་དུ་བྱིང་བ་ལ། རྩ་བའི་སྟེང་ནས་བཤད་ན་ཕུགས་སེམས་དང་དད་འདུན་གྱི་སྲུང་རགས་ཤོར་བར་ལན་པ་རེད། འགོ་ཁྲིད་ལས་བྱེད་པར་ནམ་ཞིག་ཕུགས་སེམས་དང་དད་འདུན་ཤོར་བ་ཡིན་ཕྱིན་རང་ཚོད་མི་ཟིན་པར་འགྱུར་བ་དང་ཁ་ཕྱོགས་ནོར་བར་འགྱུར་བས། ཏང་ཡོན་གྱི་མ་མཐའི་ཚད་ཐིག་ལས་བརྒལ་འགྲོ་བར་མ་ཟད་མི་ཆོས་སྐྱོང་བའི་མ་མཐའི་ཚད་ཐིག་ལས་ཀྱང་བརྒལ་འགྲོ་བ་རེད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཚང་མས་ཕུགས་སེམས་དང་དད་འདུན་བརྟན་པོར་སྐྱེད་རྒྱུ་དེ་མི་ཆོས་སྐྱོང་བའི་དོན་ཆེན་ཨང་དང་པོར་རྩིས་དགོས་པ་དང་། རང་རྟོགས་ཀྱིས་ཏང་ཡོངས་ལ་མིག་ལྟོས་ཡར་འདྲེན་བྱེད་དགོས། རང་རྟོགས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་སློབ་སྦྱོང་བྱེད་དགོས་དང་། འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་ལྟ་ཞིབ་ཟབ་མོ་བྱེད་དགོས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེ་ལ་ཉམས་ལེན་ཟབ་མོ་བྱེད་དགོས་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་གདེང་ཚོད་དང་། གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་རྒྱུན་ཆད་མེད་པར་ཆེ་རུ་སྐྱེད་དགོས། ཕྱི་རྒྱལ་དང་ཕྱི་རྒྱལ་གྱི་སྲིད་ཏང་གི་དར་རྒུད་རྒྱལ་ཕམ་གྱི་ནང་དང་། ང་ཚོའི་རྒྱལ་ཁབ་དང་ང་ཚོའི་ཏང་གི་ལོ་རྒྱས་ཀྱི་ནང་དང་། ལོ་འདི་དག་གི་རིང་ལ་ཏང་ནང་ཁུལ་གྱི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀའི་དཔེ་མཚོན་གྱི་ནང་བཅས་ལས་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་བྱེད་དགོས་པ་དང་། རང་རྟོགས་ཀྱིས་གུང་ཁྲན་ཏང་མིའི་བསམ་པའི་མགོ་འཕང་མཐོན་པོར་གཏོད་དགོས་ཤིང་། བྱ་སྤྱོད་དངོས་ཀྱི་སྟེང་ནས་མི་དམངས་མང་ཚོགས་ལ་ཕུགས་སེམས་དང་དད་འདུན་དང་མཆོག་གྱུར་མི་གཤིས་ཀྱི་སྟོབས་ཤུགས་ཆེན་པོ་ཉམས་སུ་མྱོང་དུ་འཇུག་དགོས། ཕུགས་སེམས་དང་དད་འདུན་ནི་ཁ་བཤད་ཙམ་དང་། འདོན་ཆ་ཙམ་དང་། ངོ་སོ་འཛིན་བྱེད་ཙམ་ཞིག་མ་ཡིན་པར་དངོས་སུ་ལག་ལེན་བྱས་ན་ད་གཟོད་རྣ་ལ་འགྲོ་ཤུགས་ཆེ་བ་རེད། ཤེས་སྤྱོད་ཟུང་འབྲེལ་དང་གཏམ་སྤྱོད་གཅིག་གྱུར་བྱས་ཏེ་ཕུགས་སེམས་དང་དད་འདུན་ལ་སྤྲོ་བ་རྒྱས་ཤིང་བློ་རྩེ་གཏོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཡང་དག་པའི་འཇིག་རྟེན་ལྟ་བ་དང་། དབང་ཆའི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་བརྟན་པོར་སྐྱེད་དགོས་ཤིང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་སྟེང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་སེམས་མངོན་འགྱུར་བྱེད་པའི་དོན་དུ་འབད་བརྩོན་ལྷོད་མེད་བྱེད་དགོས།

གཉིས་པ། ཆབ་སྲིད་ཀྱི་འཁུར་སེམས་ཆེ་རུ་གཏོང་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཆ་མཚོན་ན་འགག་རྩ་ནི་ཆབ་སྲིད་ཀྱི་འགོ་ཁྲིད་ཡིན། ཏང་ཡོན་ལས་བྱེད་པ་ཞིག་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་ཞིག་གི་བྱང་ཚད་དང་འཇོན་ཐང་ལ་ལྟ་ན་ཐོག་མར་ཆབ་སྲིད་ཀྱི་སྟེང་དུ་ལངས་ཚུགས་བརྟན་མིན་དང་བློས་འཁེལ་མིན་ལ་ལྟ་དགོས་པ་རེད། ལངས་ཚུགས་བརྟན་ལ་བློས་འཁེལ་བར་མཚོན་ན་ཆེས་གལ་ཆེ་ཤོས་ནི་“འདུ་ཤེས་བཞི་”བརྟན་པོར་བསྐྱེད་དེ། རང་རྟོགས་ཀྱིས་བསམ་བློའི་སྟེང་དང་བྱ་སྤྱོད་ཀྱི་སྟེང་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས་པ་དང་། བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་དགོས་ཤིང་། ལས་ཀ་ཁག་གི་ཁྲོད་དུ་འགྱུར་བག་སྤུ་ཙམ་མེད་པ་དང་བར་ཆད་གང་རུང་གིས་མི་ཐུབ་པར་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ། ཆད་ལུས་གང་ཡང་མེད་ཅིང་མགོ་བདེ་གང་ཡང་མི་བྱེད་ལ་ཁྲལ་སེལ་གང་ཡང་མི་སྤེལ་བར་བྱེད་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཚང་མས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱས་ཏེ། རང་རྟོགས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པའི་ཚད་གཞི་སྤྱད་དེ་རང་ཉིད་ལ་བླང་བྱ་འདོན་དགོས་པ་དང་། ཆབ་སྲིད་ཀྱི་གནས་ས་ངེས་དགོས་ཤིང་། ཆབ་སྲིད་ཀྱི་འདུ་ཤེས་དང་ཆབ་སྲིད་ཀྱི་འཁུར་ལེན་ཤུགས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་སྐྱེད་པར་མཐོང་ཆེན་བྱེད་དགོས་པ་སྟེ། ལྷག་པར་དུ་ཁ་ཕྱོགས་འཛིན་པ་དང་། གནས་བབ་ངེས་པ། སྤྱི་ཁོག་ཟིན་པ་བཅས་ཀྱི་འཇོན་ཐང་དང་། ཆབ་སྲིད་ཀྱི་ངེས་ཤུགས་འཛིན་སྐྱོང་དང་། ཆབ་སྲིད་ཀྱི་གནས་བབ་ལ་ཁ་ལོ་སྒྱུར་བ། ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན་བྱེད་པ་བཅས་ཀྱི་འཇོན་ཐང་ཆེ་རུ་སྐྱེད་པར་མཐོང་ཆེན་བྱེད་དགོས། བྱ་གཞག་འཕེལ་རྒྱས་ཀྱི་ཇུས་གཞི་གཤོམ་པ་དང་། སྲིད་ཇུས་ཀྱི་ཐབས་བཀོད་གཏན་འབེབས་བཟོ་བ། ལས་བྱེད་པ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། ལས་ཀ་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཚང་མས་ང་ཚོའི་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དང་གོང་འཕེལ་ཡོང་བར་དམིགས་གཏོད་དགོས་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་དམིགས་གཏོད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་དགོས་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་རྒྱུག་ཡོང་རྒྱུ་ཁག་ཐེག་དང་། ཆ་ཤས་ཀྱིས་སྤྱི་ཡོངས་ལ་བརྩི་བཀུར་བྱེད་རྒྱུ་ཁག་ཐེག་དང་། ལས་ཀ་ཁག་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་རྒྱུ་ཁག་ཐེག་བཅས་བྱེད་དགོས།

གསུམ་པ། ཕྱོགས་ཡོངས་ནས་འཇོན་ཐང་ཆེ་རུ་གཏོང་དགོས། ད་ལྟའི་འཛམ་གླིང་ཉིད་དཔེ་མེད་ཀྱི་འཕོ་འགྱུར་ཆེན་པོར་ཐུག་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་ཡོད་པ་རེད། ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་ཟབ་མོ་འབྱུང་བ་དང་། ལས་ཀའི་ཁ་གཏད་ཡུལ་དང་ལས་ཀའི་ཆ་རྐྱེན་ལ་འགྱུར་ལྡོག་ཟབ་མོ་འབྱུང་བ། ཤེས་བྱའི་གསར་སྒྱུར་དུས་འཁོར་ཆེས་ཆེར་ཐུང་དུ་འགྲོ་བ་བཅས་ཀྱིས་ང་ཚོའི་འཇོན་ཐང་ཐད་བླང་བྱ་གསར་པ་མང་པོ་ཞིག་བཏོན་ཡོད་པ་རེད། དེར་བརྟེན། ཏང་གི་ཚོགས་ཆེན་བཅུ་དགུ་པས་ང་ཚོའི་ཏང་འདི་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དགོས་ལ་འཇོན་ཐང་ཡང་ཧ་ཅང་ཆེན་པོ་ལྡན་དགོས་ཞེས་དམིགས་བསལ་གྱིས་ནན་ཏན་བྱས་པ་དང་འབྲེལ། ཕྱོགས་ཡོངས་ནས་སྲིད་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་བའི་ཐད་དུ་བླང་བྱ་བྱེ་བྲག་ཏུ་བཏོན་ཡོད་པ་རེད། དེ་ལ་དམིགས་གཏད་ཆེན་པོ་ཡོད་པ་རེད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཚང་མས་ཤེས་དགོས་པ་ནི། གོ་ས་མཐོ་ན་ནུས་པ་ཡང་རང་བཞིན་གྱིས་ཆེ་བའི་ངེས་པ་མེད་པ་དང་། དབང་ཆ་ཆེ་ན་འཇོན་ཐང་ཡང་རང་བཞིན་གྱིས་ཆེ་བའི་ངེས་པ་མེད་པ་དེ་རེད། ཚང་མར་ཤེས་བྱས་མི་འདང་བ་དང་། འཇོན་ཐང་གིས་མི་འདང་བ་དང་། ནུས་པས་མི་འདང་བ་བཅས་ཀྱི་དགོས་གཏུག་ཆེ་སེམས་ཡོད་དགོས་པ་དང་། རང་རྟོགས་ཀྱིས་སློབ་སྦྱོང་ལ་ཤུགས་སྣོན་དང་ལག་ལེན་ལ་ཤུགས་སྣོན་བྱེད་དགོས་ཤིང་། ནམ་ཡང་རང་རློམ་ཆེ་མི་རུང་བ་དང་སྒྱིད་ལུག་བྱེད་མི་རུང་བ་རེད། ང་རང་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་འཕེལ་རིམ་གསར་པར་བསྟུན་ནས། ཧུར་བརྩོན་གྱིས་ཕྱོགས་གང་ཐད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པ་སྟེ། སློབ་སྦྱོང་གི་འཇོན་ཐང་དང་། ཆབ་སྲིད་འཇོན་ཐང་། སྒྱུར་བཅོས་དང་གསར་གཏོད་ཀྱི་འཇོན་ཐང་། ཚན་རིག་དང་མཐུན་པར་གོང་འཕེལ་གཏོང་བའི་འཇོན་ཐང་། ཁྲིམས་ལྟར་སྲིད་དབང་སྐྱོང་བའི་འཇོན་ཐང་། མང་ཚོགས་ལས་ཀ་བྱེད་པའི་འཇོན་ཐང་། དོན་འཁྱོལ་དམ་འཛིན་བྱེད་པའི་འཇོན་ཐང་། ཉེན་ཁ་ལ་ཁ་ལོ་སྒྱུར་བའི་འཇོན་ཐང་ལ་སོགས་ཚང་མ་ཆེ་རུ་གཏོང་དགོས་པ་རེད། ལོ་འདི་དག་གི་རིང་ལ། ང་ཚོས་ཐོག་མ་ཉིད་ནས་ལས་བྱེད་པའི་དཔུང་སྡེ་ཆེད་ལས་ཅན་དུ་འཛུགས་སྐྱོང་བྱེད་དགོས་པ་ནན་ཏན་བྱེད་དོན་ནི། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བསྟུད་མར་གོང་དུ་འཕེལ་བར་སྐུལ་འདེད་བཏང་བ་དང་སྦྲགས་ནས་ལས་ཀ་ཁག་ཆེད་ལས་ཅན་དང་། ཆེད་དམིགས་ཅན། ཞིབ་ཚགས་ཅན་བཅས་སུ་འགྱུར་བའི་ཐད་དུ་འདོན་པའི་བླང་བྱ་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་ཡོད་པས། སྤྱིར་བཏང་བ་དང་འུར་སྒྲོག་ཆེན་པོ་དང་རགས་གཉེར་ཅན་བཅས་ཀྱི་འགོ་ཁྲིད་བྱེད་སྟངས་དང་འགོ་ཁྲིད་བྱེད་ཐབས་ནི་འཕྲོད་པོ་ཁྱོན་ནས་ཡོད་པ་མ་རེད།  ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཚང་མས་སློབ་སྦྱོང་ལ་བརྩོན་འགྲུས་དང་སློབ་སྦྱོང་བྱེད་མཁས་པོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དྲེགས་མེད་ཁེངས་སྐྱུང་དང་སྐོམ་པ་ཆུ་འདོད་ལྟ་བུའི་སློབ་སྦྱོང་གི་རྣམ་པ་བསྐྱངས་ནས། གནས་ཀུན་ཤེས་ལ་གནས་གཅིག་མཁས་པ་དང་རྙིང་ཚབ་གསར་བརྗེ་བྱེད་པའི་གོམས་བྱང་གི་གྲུབ་ཚུལ་ཧུར་ཐག་གིས་སྐྲུན་དགོས། དཔེ་ཆའི་སྟེང་ནས་སྦྱོང་དགོས་པར་མ་ཟད་ལག་ལེན་གྱི་ནང་ནས་ཀྱང་སྦྱོང་དགོས་པ་དང་། འགོ་ཁྲིད་དང་ལས་གྲོགས་ཀྱི་ས་ན་སྦྱོང་དགོས་པར་མ་ཟད་ཆེད་ལས་མཁས་པ་དང་གཞི་རིམ་དང་མང་ཚོགས་ཀྱི་ས་ནས་ཀྱང་སྦྱོང་དགོས་ལ། སྲོལ་རྒྱུན་ལ་སྦྱོང་དགོས་པར་མ་ཟད་དེང་རབས་ལ་ཡང་སྦྱོང་དགོས་པ་བཅས་ཀྱི་ཐོག་ནས། ཀུན་ལེན་མང་གསོག་དང་གཅིག་ཤེས་ཀུན་བཀྲོལ་བྱེད་ཐུབ་པའི་སྒོ་མང་མཁས་པ་ཆགས་པར་བརྩོན་པ་བྱེད་དགོས།

བཞི་པ། ཏན་ཏིག་སྒོས་སྤྱོད་ཚུལ་ལེགས་སྒྱུར་བྱེད་དགོས། ལས་བྱེད་པའི་སྤྱོད་ཚུལ་ནི་མི་དམངས་མང་ཚོགས་ཀྱིས་ཏང་སྲོལ་ལ་ལྟ་ཞིབ་དང་གདེང་འཇོག་བྱེད་པའི་ཚ་གྲང་ལྟ་ཆས་ལྟ་བུ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལག་ལེན་ལས་བདེན་དཔང་བྱས་གསལ། སྤྱོད་ཚུལ་འཛུགས་སྤེལ་ནི་ངེས་པར་དུ་གོང་ནས་འོག་ཏུ་མིག་ལྟོས་ཡར་འདྲེན་བྱེད་དགོས་པ་དང་། ལྕགས་གཟེར་འདེབས་པའི་སྙིང་སྟོབས་ཀྱིས་དོན་འཁྱོལ་དམ་འཛིན་བྱེད་དགོས་པ་རེད། ཏང་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྤེལ་འཛིན་ན་ཐོག་མར་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱོད་ཚུལ་འཛུགས་སྤེལ་ཡག་པོར་འཛིན་དགོས་ཀྱི་ཡོད། སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནས་ཡིན་གཅིག་མིན་གཉིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་བྱུང་བའི་ཏང་སྲོལ་འཛུགས་སྤེལ་ཐད་ཀྱི་འཕེལ་ཕྱོགས་བཟང་པོ་འཛིན་སྐྱོང་བྱེད་དགོས་པར་མ་ཟད་དེ་བས་ཡག་པོར་སྒྲུབ་གང་ཐུབ་བྱེད་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཚང་མས་དམངས་དོན་ལ་འབད་འབུངས་བྱེད་དགོས་པ་དང་། ཧུར་ཐག་འབད་ཐག་གིས་ལས་ཀ་སྒྲུབ་དགོས་ལ། གཙང་མ་གཙང་རྐྱང་གིས་མི་ཆོས་སྐྱོང་དགོས། དམངས་དོན་ལ་འབད་འབུངས་བྱེད་དགོས་པ་ནི། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་ཉམས་ལེན་བྱས་ཏེ། མི་དམངས་ཀྱི་སྤྱི་ཞབས་པ་བྱེད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་བདེ་སྡུག་ཚ་གྲང་སེམས་ལ་འཛིན་དགོས་ཤིང་། གནད་དོན་བསམ་པ་དང་ཇུས་གཞི་གཅོད་པ་དང་ལས་ཀ་འཛིན་པ་བཅས་ཚང་མའི་ཐད་མང་ཚོགས་ལས་ཡོང་བ་དང་མང་ཚོགས་ཁྲོད་འཇུག་པ་རྒྱུན་འཁྱོངས་བྱེད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་དང་བདེ་སྡུག་མཉམ་མྱོང་དང་། དགའ་སྐྱོ་མཉམ་སྐྱེ། བརྩོན་པ་མཉམ་སྤྱོད་བཅས་བྱེད་དགོས་དེ་ཡིན། ཧུར་ཐག་འབད་ཐག་གིས་ལས་ཀ་སྒྲུབ་དགོས་པ་ནི། ཏང་དང་མི་དམངས་ཀྱི་བྱ་གཞག་གི་དོན་དུ་ལུས་སེམས་འབུལ་བའི་བླ་མེད་ལྷག་སེམས་སྐྱེད་དགོས་པ་དང་། བློ་སེམས་རྩེ་གཅིག་གིས་ཏང་དང་མི་དམངས་ཀྱིས་བསྒོས་པའི་མཆོག་གྱུར་འགན་འཁྲི་སྒྲུབ་དགོས་ཤིང་། བགྱི་བ་དོན་ལྡན་དང་བརྩོན་པ་ལྷོད་མེད་བྱེད་དགོས་ལ། བྱས་རྗེས་རྩེར་སོན་གྱིས་ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངག་བཅོལ་ལ་དྲིན་ལན་གཟོ་དགོས་པ་དེ་ཡིན། གཙང་མ་གཙང་རྐྱང་གིས་མི་ཆོས་སྐྱོང་དགོས་པ་ནི། སེམས་རྒྱུད་དྲང་ལ་སྤྱོད་པ་གཙང་བ་དང་། རང་རྟོགས་ཀྱིས་སྤྱོད་གཙང་རང་གཅུན་གྱི་ཚད་གཞི་བརྩི་སྲུང་བྱེད་དགོས་པ་དང་། རང་རྟོགས་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་རྣམ་པ་བརྒྱད་བརྩི་སྲུང་བྱེད་དགོས་པ། རང་རྟོགས་ཀྱིས་ལྟ་སྐུལ་དང་ལེན་བྱེད་དགོས་པ། མི་དམངས་ལ་གུས་ཞུམ་དང་། རྩ་འཛུགས་ལ་གུས་ཞུམ། ཁྲིམས་སྲོལ་ལ་གུས་ཞུམ་བཅས་བྱེད་དགོས་པ། དབང་ཆ་དྲང་སྙོམས་སུ་སྤྱོད་པ་དང་། དབང་ཆ་ཁྲིམས་ལྟར་སྤྱོད་པ། དབང་ཆ་གཙང་མར་སྤྱོད་པ་བཅས་བྱེད་དགོས་པ། རུལ་སྐྱོན་གཏན་བཟློག་བྱེད་དགོས་པ། དབང་ཆར་བརྟེན་ནས་སྒེར་དོན་གཏན་ནས་མི་སྒྲུབ་པ། གུང་ཁྲན་ཏང་མི་རྣམ་དག་ཅིག་བྱེད་དགོས་པ་བཅས་ཡིན། ང་རང་ཚོའི་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་རང་ཉིད་ཧྲག་པོ་བྱེད་དགོས་པར་མ་ཟད། ནང་མི་དང་ཉེ་འཁོར་གྱི་ལས་བྱེད་མི་སྣ་ལ་ཡང་བདག་པོ་ཡག་པོ་བྱེད་དགོས་པ་དང་། རང་ཉིད་ཀྱི་འགན་འཁུར་ཁྱབ་ཁོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་འཁུར་དགོས་ཤིང་། བློ་ཐག་རྦད་ཆོད་ཀྱིས་ཚུལ་མིན་གྱི་སྤྱོད་པ་དང་རུལ་སུངས་ཀྱི་སྣང་ཚུལ་ལ་འཐབ་རྩོད་བྱེད་དགོས།

མིག་སྔར། རྒྱལ་སྤྱིའི་གནས་བབ་ལ་མུ་མཐུད་ནས་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་གི་སྟོབས་ཤུགས་ཀྱི་བསྡུར་བ་དེ་རྒྱལ་སྤྱིའི་གནས་བབ་སྤྱི་ཆ་ནས་དོ་མཉམ་ཡོང་རྒྱུར་ཕན་ཐོགས་ཡོད་པ་དང་། དེ་དང་ལྷན་དུ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཛ་དྲག་ཆེ་བའི་འགྲན་སློང་མང་པོ་ཞིག་འཕྲད་ཡོད། རང་རྒྱལ་གྱི་རྒྱལ་ནང་གི་གནས་བབ་སྤྱི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་དང་ལྷན་དུ་ང་ཚོའི་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ་ཡང་ཐག་གཅོད་བྱེད་དགོས་རྒྱུར་ཐུག་པའི་འགལ་བ་དང་གནད་དོན་འབུར་ཐོན་ཅན་ཁག་ཅིག་ལྷགས་ཡོད་པ་རེད། ང་ཚོས་ཡིན་གཅིག་མིན་གཉིས་ཉམས་ཉེས་དྲན་པའི་འདུ་ཤེས་ཆེར་སྐྱེད་བྱས་ཏེ་བདེ་བའི་དུས་སུ་ཉམས་ཉེས་དྲན་པར་བྱེད་དགོས་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་འཛིན་སྐྱོང་དང་རྣམ་པར་རྒྱལ་ངེས་ཀྱི་གདེང་ཚོད་ཆེར་སྐྱེད་ཀྱིས་སྤོབས་པ་ཆེན་པོས་ལས་ཀ་སྤེལ་དགོས་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་ལས་ཀ་ཡག་པོར་སྒྲུབ་དགོས་པ། ཤུགས་བཏོན་ནས་འགལ་བ་དང་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱེད་དགོས་པ། གོ་འཕེར་ངང་ཉེན་ཁ་སྣ་ཚོགས་སྔོན་འགོག་དང་ཁྱད་གསོད་བྱེད་དགོས་པ། ཧུར་བརྩོན་གྱིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྔོན་ཚོད་དམིགས་འབེན་མངོན་འགྱུར་བྱས་ནས་སང་ལོའི་ལས་ཀར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་བཅས་ཡིན།

འདིར་ངས་ད་དུང་གནད་དོན་ཞིག་གསལ་འདེབས་ཞུ་རྒྱུ་ནི། ཏང་ཡོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་གི་དར་སྲོལ་ཆེས་ཆེར་དར་སྤེལ་གཏོང་དགོས་པ་དེ་ཡིན། བརྟག་དཔྱད་ཞིབ་འཇུག་ནི་ལས་དོན་འགྲུབ་པའི་གཞི་མ་དང་ལས་དོན་འགྲུབ་པའི་ཐབས་བཀོད་ཡིན་པ་དང་། བརྟག་དཔྱད་མ་བྱས་པར་སྐད་ཆ་བཤད་པའི་དབང་ཆ་མེད་ལ། བརྟག་དཔྱད་མ་བྱས་པར་ཐབས་ཇུས་གཅོད་པའི་དབང་ཆ་མེད་ཅེས་ངས་བཤད་མྱོང་ཡོད། བརྟག་དཔྱད་ཞིབ་འཇུག་ནི་ང་ཚོས་ལས་ཀ་ཡག་པོར་སྒྲུབ་ཐུབ་པའི་མ་མཐའི་ནུས་རྩལ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྲིད་ཇུས་བྱེད་ཕྱོགས་ཆེན་པོ་གཏན་འབེབས་བྱས་ཏེ། གནད་ཆེའི་ལས་ཀའི་བཀོད་སྒྲིག་རབ་དང་རིམ་པ་ཞིག་བྱས་ཡོད་པ་དང་། གནད་ཆེའི་བྱེད་ཐབས་རབ་དང་རིམ་པ་ཞིག་བཏོན་ཡོད་པ་ལ། གནད་འགག་ནི་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཡིན། ཡང་དག་པའི་བཀོད་ཇུས་ནི་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དང་ཁ་འབྲལ་ཐབས་མེད་པ་དང་། ཡང་དག་པའི་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཡང་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དང་ཁ་འབྲལ་ཐབས་མེད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཚང་མས་ཧུར་བརྩོན་གྱིས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པ་དང་། དམན་སར་འབབ་པ་དང་། ལས་ཡུལ་དང་པོར་འཇུག་པ། གོམ་པ་སྤོས་ནས་སྒོ་ཕྱིར་འགྲོ་བ། འཁོར་ཁང་དང་ཞིང་ཁར་སྐྱོད་པ། ཁྲོམ་ར་དང་སྡེ་ཁུལ་ལ་འཛུལ་བ། དངོས་ལྟ་ངོ་སྒྲུབ་དང་ཉམས་སུ་ལེན་པ་བཅས་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་འཚོ་བ་ལ་ཉེ་བར་གཏུག་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཉེ་བར་གཏུག་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ཐུག་ཡོད་པའི་མངོན་སུམ་གྱི་གནད་དོན་ལ་ཉེ་བར་གཏུག་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ཀྱི་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་ཉེ་བར་གཏུག་པ་བཅས་བྱེད་དགོས། ལས་ཀའི་རྣམ་པ་བཟང་ལ་སྔོན་ཐོན་ཡིན་པའི་ས་ཆར་ཕྱིན་ནས་ཉམས་མྱོང་ཕྱོགས་བསྡོམས་བྱེད་དགོས་པར་མ་ཟད། དཀའ་ངལ་ཅུང་མང་ལ་གནས་ཚུལ་རྙོག་འཛིང་ཆེ་ཞིང་འགལ་བ་ཛ་དྲག་ཆེ་བ་བཅས་ཀྱི་ས་ཆར་ཕྱིན་ནས་གནད་དོན་ལ་ཞིབ་འཇུག་ཀྱང་བྱེད་དགོས་ལ། ལྷག་པར་དུ་མང་ཚོགས་བསམ་འཆར་ཆེ་བའི་ས་ཆར་མང་ཙམ་འགྲོ་དགོས་པ་དང་། ལས་ཀ་ཡག་པོ་བྱུང་མེད་པའི་ས་ཆར་མང་ཙམ་འགྲོ་དགོས་ཤིང་། མང་ཚོགས་ཀྱི་སྐད་ཆ་སྙན་པོ་ཉན་དགོས་པར་མ་ཟད་མང་ཚོགས་སྙན་པོ་མེད་པའི་གཏམ་ལ་ཡང་ཉན་དགོས་པ་སྟེ། དེ་ལྟར་བྱས་ན་གཞི་ནས་སྐད་ཆ་དྲང་མོ་གོ་ཐུབ་པ་དང་། གནས་ཚུལ་ངོ་མ་རྟོགས་ཐུབ་ཅིང་། དོན་འབྲས་ངོ་མ་ཐོན་ཐུབ་པ་རེད། རིམ་པ་ཁག་གི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་དངོས་གནས་དྲང་གནས་ལས་འགོ་རྩོམ་པ་དང་གཏིང་ཟབ་མོར་ཞུགས་ནས། འགལ་བ་དང་གནད་དོན་གང་ཡོད་གསལ་རྟོགས་དང་མཐིལ་རྟོགས་བྱེད་དགོས་པ་དང་། ལས་ཀ་ཁག་ནན་ནན་བཅགས་བཅགས་ཀྱིས་ཡག་པོར་སྒྲུབ་དགོས།

བློ་མཐུན་ཚོ། ང་རང་ཚོ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། དཀའ་སྤྱད་ཡར་བརྩོན་དང་ཧུར་ཐག་འབད་ཐག་དང་། གསར་འབྱེད་ཕོད་པ་དང་གསར་གཏོད་ཕོད་པར་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་ཕྱིར་འབད་འཐབ་བྱེད་དགོས།

རྟ་རྡོས་བསྒྱུར།