ཕྱོགས་ཡོངས་ནས་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས་དང་གཞི་རྩའི་ཐབས་ཇུས་བཅས་ལག་བསྟར་བྱེད་དགོས།

དེབ་འདིའི་དཔྱད་གཏམ་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན།   “ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་ངེས་པར་དུ་ཏང་གི་གཞི་རྩའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།  ཏང་དང་མི་དམངས་ཀྱི་ལས་དོན་གོང་དུ་སྤེལ་བར་མཛུབ་སྟོན་སྔར་ལས་ལྷག་པར་བགྱི་དགོས།”རྒྱས་བཤད་གལ་ཆེན་འདི་ཡིས་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་རྒྱུན་འཁྱོངས་བྱེད་དགོས་པའི་གལ་ཆེའི་རང་བཞིན་གཏིང་ཟབ་མོའི་སྒོ་ནས་འགྲེལ་བཤད་བྱས་པ་དང་། མུ་མཐུད་ནས་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་སྲིད་ཇུས་བྱེད་ཐབས་ཁ་གསལ་བཏང་ཡོད།  ང་ཚོའི་ཏང་གིས་གུང་ཁྲན་ཏང་གི་སྲིད་སྐྱོང་བའི་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཆོས་ཉིད།  མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ལ་བཟུང་བའི་ངོས་ཟིན་གྱི་ལྟ་བ་དེ་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་བྱས་ཏེ།  འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་།  དུས་རབས་གསར་པའི་ནང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་བརྩོན་ལེན་བྱེད་པར་རྩ་བའི་བརྩི་སྲུང་མཁོ་འདོན་བྱས་ཡོད།   ང་ཚོས་ངེས་པར་དུ་སློབ་སྦྱོང་མཐིལ་ཕྱིན་བགྱིས་ཏེ་ངོས་ཟིན་གཏིང་ཟབ་མོ་ལོན་དགོས་ལ།  ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས།

ཚན་རིག་གཞུང་ལུགས་ནི་དུས་རབས་ཀྱི་སྙིང་བཅུད་ཡིན་པ་མ་ཟད།  སྤྱི་ཚོགས་མདུན་སྐྱོད་ལ་མཛུབ་ཁྲིད་བྱེད་པའི་རླབས་ཆེའི་དར་ཆ་ཡང་ཡིན།  ཀྲུང་གོ་གུང་ཁྲན་ཏང་གིས་གནའ་ནས་ད་བར་དུ་གཞུང་ལུགས་འཛུགས་སྐྲུན་དང་གཞུང་ལུགས་མཛུབ་སྟོན་ལ་གཙིགས་ཆེན་ཚད་མཐོན་པོ་གནང་གི་ཡོད།  མར་ཁེ་སི་རིང་ལུགས་ཀྲུང་གོ་ནས་དར་ཁྱབ་ཕྱིན་པ་དང་ལག་བསྟར་བྱས་པ་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བགྲོད་ལམ་བཏོད་ནས་མའོ་ཙེ་ཏུང་གི་དགོངས་པ་གྲུབ།    སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་པ་ཕྱེ་ནས་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་།  “མཚོན་བྱེད་གསུམ་”གྱི་གལ་ཆེའི་དགོངས་དོན།  ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཚུད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་འཛུགས་པ་ནས་བཟུང་སྟེ།  གཅིག་རྒྱུན་གཅིག་འཛིན་གྱི་རྨང་གཞིའི་ཐོག་དུས་བསྟུན་མུདན་བསྐྱོད་བྱེད་པའི་བསམ་བློའི་མཛུབ་སྟོན་རེ་རེ་མངོན་འགྱུར་བྱུང་ཡོད།  དེང་གི་ཆར།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་ནང་སླེབས་པའི་འགག་རྩའི་དུས་འདིར།  ཏང་གི་ཚོགས་ཆེན་བཅུ་དགུ་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ཐབས་ཇུས་དང་སྲིད་ཇུས་གསལ་བཤད་བྱས་པ་མ་ཟད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ང་ཚོའི་ཏང་གིས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་བསམ་བློ་རུ་གཏན་ཁེལ་བྱས། མིག་སྔར།  ཏང་གི་གཞི་རྩའི་གཞུང་ལུགས་ལ་སློབ་སྦྱོང་མཐིལ་ཕྱིན་བགྱི་བའི་ཆབ་སྲིད་ཀྱི་འགན་ཁུར་དང་པོ་ནི།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་བསྟར་མཐའ་འཁྱོལ་བ་བྱེད་རྒྱུ་དེ་རེད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་པ་ཡིན།  རབ་དང་རིམ་པའི་གསར་གཏོད་རང་བཞིན་གྱི་གཞུང་ལུགས་བྱས་རྗེས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་ཕུན་སུམ་ཇེ་ཚོགས་དང་ཡར་རྒྱས་གོང་འཕེལ་དུ་བཏང་ཡོད། འདི་ནི་དུས་རབས་21པའི་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཡིན་ལ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཚན་རིག་གི་སྙིང་བཅུད་གསར་པ་བསྣན་ཡོད།  ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་ཆེད་ཧུར་བརྩོན་བྱེད་པའི་འགུལ་སྐྱོད་ལམ་སྟོན་ཡིན།  ང་ཚོས་རང་རྟོགས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལེགས་པར་སྤྱད་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་ཅིང་བྱ་གཞག་ལ་སྐུལ་འདེད་གཏོང་དགོས།   དུས་རབས་གསར་པའི་ལམ་རིམ་ནང་ཏང་ཡོངས་ཀྱིས་སློབ་སྦྱོང་རྒྱ་ཆེན་པོ་བགྱིས་ཏེ།  ཤེས་འཇུག་དངོས་གསུམ་གྱི་སྟེང་ལ་ནུས་ཤུགས་ཆེན་པོས་བསམ་བློ་དང་ལག་ལེན་གཉིས་པོ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྟེང་གཅིག་གྱུར་ཡོང་དགོས་པ་དང་།   མུ་མཐུད་དུ་ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཆུ་ཚད་མཐོར་འདེགས་བཏང་ནས།  མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་ཡིད་ཆེས་དང་། གཞུང་ལུགས་ཀྱི་ཡིད་ཆེས།   ལམ་ལུགས་ཀྱི་ཡིད་ཆེས།  རིག་གནས་ཀྱི་ཡིད་ཆེས་བཅས་ཇེ་ཆེར་གཏོང་དགོས།  

ཏང་གི་གཞི་རྩའི་ལམ་ཕྱོགས་ནི་ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་ཡིན།  ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་ནི་ང་ཚོའི་བྱ་གཞག་གིས་ཉེན་ཁའི་ཉམས་སད་ཐེག་པ་དང་བདེ་བླག་ངང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་བའི་ཁག་ཐེག་བརྟན་པོ་ཡིན།   ལོ་རྒྱུས་དང་དངོས་ཡོད་ཀྱིས་ང་ཚོ་ལ་འདི་ལྟར་བརྗོད་བཞིན་ཡོད་དེ།   ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ན་ད་གཟོད་མི་དམངས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་ཐུབ།   བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གཞི་རྩའི་ལམ་ཕྱོགས་ནང་ལྟར་བསྒྲུབས་ན་ད་གཟོད་རང་རྒྱལ་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་ཐུབ།   ཏང་གི་གཞི་རྩའི་ལམ་ཕྱོགས་ཁྲོད།  དཔལ་འབྱོར་འཛུགས་སྐྲུན་ལྟེ་བ་ཡིན་པ་དེ་རྒྱལ་ཁབ་འཕེལ་རྒྱས་འགྲོ་བའི་གཙོ་གནད་ཡིན་པ་དང་།  གཞི་རྩའི་རྩ་དོན་བཞི་ནི་རྒྱལ་ཁབ་འཛུགས་པའི་གཞི་རྩ་ཡིན།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པ་ནི་ཧུར་བརྩོན་བྱེད་པའི་དམིགས་འབེན་ཡིན།  ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས་གཡོ་བ་མེད་པར་བགྱི་བའི་འགག་རྩ་ནི།  ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བ་ཡིན་པ་རྒྱུན་འཁྱོངས་དང་།  ལྟེ་བ་གཅིག་དང་རྩ་གནད་གཉིས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་རླབས་ཆེའི་ལག་ལེན་ཁྲོད་གཅིག་གྱུར་ཡོང་སྟེ་དུས་ནམ་ཡང་འགྱུར་བ་མེད་པ་ཡིན་དགོས་པ་དེ་གཅིག་དང་།  གཉིས་ནས་རང་རྒྱལ་ནི་ད་ལྟ་དང་འབྱུང་འགྱུར་གྱི་དུས་ཡུན་རིང་པོ་ཞིག་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནང་གནས་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དེ་ཤེས་དགོས་པ་དང་།  རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ལ་དུས་རིམ་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་རྒྱུས་ལོན་ཡག་པོ་བྱེད་དགོས་པ་དེ་ཡིན།   ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་དུས་རབས་གསར་པའི་ནང་སླེབས་ཤིང་།  རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ལ་ཡང་འགྱུར་བ་བྱུང་སྟེ་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་དུ་འགལ་བར་གྱུར་ཡོད།  རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དེ་མཐར་གཏུགས་ན“འགྱུར་བ་”དང་“མི་འགྱུར་བའི་”བར་གྱི་རྩོད་སྒྲུབ་ཀྱི་འབྲེལ་བ་དེ་ལ་རྒྱུས་ལོན་བྱེད་དགོས།   “འགྱུར་བ་”ནི་དུས་སྐབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ཡིན་པ་དང་།  “མི་འགྱུར་བ་”ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་སྔར་བཞིན་ང་ཚོའི་“ཆེས་ཆེ་བའི་དོན་དངོས་”དང་“ཆེས་ཆེ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་”ཡིན།  དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་བསྟན་བྱ་གསར་པ་དེ་དང་འདས་ཟིན་པའི་བསྟན་བྱའི་བར་དུ་འགྱུར་བ་ཡོད་ལ་འབྲེལ་བའང་ཡོད།  “དངོས་པོའི་རིག་གནས་ཀྱི་དགོས་མཁོ་”ནས་“དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་”རུ་འགྱུར་ཡོད་པ་དང་།  “རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་”གནད་དོན་ཐག་གཅོད་བྱས་པ་ནས་“འཕེལ་རྒྱས་དོ་མི་མཉམ་ལ་གང་ལེགས་མ་བྱུང་བའི་”གནད་དོན་ཐག་གཅོད་བྱེད་པར་འགྱུར་ཡོད་པ་ལས། རང་རྒྱལ་འཕེལ་རྒྱས་ཀྱི་དུས་སྐབས་རེ་རེའི་བླང་བྱ་མཚོན་ཡོད་ལ།  ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་བླང་བྱ་གལ་ཆེན་ཡང་མཚོན་ཡོད།  དེ་ལྟ་ནའང་།  རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་གནས་པའི་ལོ་རྒྱུས་དུས་རིམ་གྱི་བརྡར་ཤ་དེ་ད་དུང་འགྱུར་མེད།   ང་ཚོས་དུས་རབས་གསར་པའི་བླང་བྱར་གཞིགས་ནས།  ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་ལེགས་པོ་བྱེད་དགོས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ། རང་རྒྱལ་སྤྱི་ཚོགས་སྟེང་བྱུང་དང་འབྱུང་བཞིན་པའི་གནད་དོན་མང་པོ་སྔར་བས་ཐག་གཅོད་ལེགས་པོ་བྱེད་དགོས།   མི་རིགས་སོ་སོའི་བྱ་གཞག་དག་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་རྒྱུ་སྔར་བས་མངོན་འགྱུར་ལེགས་པོ་བྱེད་དགོས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་སྔར་བས་འཕེལ་རྒྱས་ལེགས་པོ་གཏོང་དགོས།  མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ལེགས་པོ་བྱེད་དགོས།  

ཏང་གི་ཚོགས་ཆེན་བཅུ་དགུ་པའི་མཛད་རྗེས་གཞན་ཞིག་ནི་དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཐབས་ཇུས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དེ་རེད།   དེ་ལ“རྒྱུན་འཁྱོངས་བཅུ་བཞི་”ཡང་ཟེར།   “རྒྱུན་འཁྱོངས་བཅུ་བཞི་”ནི་ཏང་གིས་བྱ་གཞག་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་།   མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས།  ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་སྤེལ་རྒྱུ་རྒྱུན་འཁྱོངས་།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས།  མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས།  ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས།   སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་རྒྱུན་འཁྱོངས།  འཕེལ་རྒྱས་ཁྲོད་དུ་དམངས་འཚོ་ལེགས་བཅོས་དང་ཁག་འགན་བགྱི་བ་རྒྱུན་འཁྱོངས།  མི་དང་རང་བྱུང་བར་གྱི་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས།   སྤྱིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས།  ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས།  “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”རྒྱུན་འཁྱོངས་དང་མེས་རྒྱལ་གཅིག་གྱུར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས།  མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་བསྐྲུན་པར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་རྒྱལ་ཁབ་ནན་མོ་སྐྱོང་བ་རྒྱུན་འཁྱོངས་བཅས་སོ།། “རྒྱུན་འཁྱོངས་བཅུ་བཞིའི་”ནང་དུ་ཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་དང་ཕྱོགས་ཡོངས་ནས་རྒྱབ་ཁབ་ནན་མོ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་ཚང་མ་འདུས་བ་དང་།  “ཕྱོགས་ལྔ་གཞི་གཅིག་”དང་“ཕྱོགས་ཡོངས་བཞི་”ཚང་མ་འདུས་ཡོད།   རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་།  “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་མེས་རྒྱལ་གོང་བུ་གཅིག་གྱུར།  ད་དུང་ཕྱི་ཕྱོགས་འཐབ་ཇུས་སོགས་ཚང་མ་འདུས་ཡོད།   གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་ཐོག་ནས་དུས་རབས་གསར་པའི་ནང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་དུས་རབས་ཀྱི་བརྗོད་བྱ་གལ་ཆེན་ལ་ལན་ཟབ་མོ་བཏབ་ཡོད།  “རྒྱུན་འཁྱོངས་བཅུ་བཞི་”འདི་ཉིད་ཏང་གི་གཞི་རྩའི་རྩ་འཛིན་དང་།  གཞི་རྩའི་ཉམས་མྱོང་།  གཞི་རྩའི་བླང་བྱའི་ནང་ཁྱབ་ཡོད་པ་མ་ཟད།  ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་གལ་ཆེའི་ཐབས་ཇུས་དང་རྩ་དོན་གྱི་སྙིང་བསྡུས་གསར་པ་ཞིག་ཀྱང་ཡིན།  དེ་མ་ཟད།  “ལོ་བརྒྱ་གཉིས་”ཀྱི་དམིགས་འབེན་མངོན་འགྱུར་བྱུང་བའི་“ལམ་ཕྱོགས་རི་མོ་”དང་“བརྟག་ཐབས་སྨྲ་བ་”ཡིན་ལ།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དོན་འཁྱོལ་བྱེད་པའི་ལག་ལེན་བླང་བྱ་ཡང་ཡིན།  འདི་ཉིད་“ཁ་གསལ་བརྒྱད་”དང་ཕན་ཚུན་ཟླ་གྲོགས་སུ་གནས་ཏེ།  མཉམ་གཅིག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།  “རྒྱུན་འཁྱོངས་བཅུ་བཞི་”འདིའི་དོན་ཚན་རེ་རེ་ལ་དངོས་ཡོད་ཀྱི་དམིགས་གཏད་རང་བཞིན་དང་མཛུབ་སྟོན་རང་བཞིན་མཐོན་པོ་ཞིག་ཡོད།   ང་ཚོས་དོན་དངོས་དང་འབྲེལ་ནས་ཏང་གི་གཞི་རྩའི་ཐབས་ཇུས་དེ་ཕྱོགས་ཡོངས་ནས་ལག་ལེན་མཐའ་འཁྱོལ་བྱས་ཏེ།   འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་རླབས་ཆེ་བའི་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས།  

ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས།  གཞི་རྩའི་ཐབས་ཇུས་བཅས་ནི་ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་གྲུབ་པ་ཞིག་ཡིན་ལ།   ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་དག་བཅོས་མའི་ཕྱོགས་སྡོམ་དང་འགྲེལ་བཤད་བརྒྱུད་ནས་གོང་དུ་འཕགས་པ་ཞིག་ཡིན།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་འཐུས་ཚང་ཞིང་ཡང་དག་ལ།  ཕྱོགས་ཡོངས་ནས་མ་ལག་དང་བཅས་ལག་ལེན་བྱེད་དགོས་ན།   ངེས་པར་དུ་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ཀྱི་ངོས་ཟིན་མུ་མཐུད་དུ་གཏིང་ཇེ་ཟབ་ལ་གཏོང་དགོས་པ་དང་།  ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ཀྱི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་གཉིས་དོན་དངོས་དང་མཐུན་པའི་སྒོ་ནས་ལག་ལེན་མཐའ་ཕྱིན་བྱེད་དགོས།  

དུས་རབས་གསར་པའི་ནང་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས།  གཞི་རྩའི་ཐབས་ཇུས་བཅས་ལག་ལེན་བྱེད་དགོས་ན།  གནད་འགག་ནི་གཏིང་ཟབ་དང་།  གནད་འགག་ནི་དོན་འཁྱོལ་ཡིན།    ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་དུ།   ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་སྐོར་གྱི་ཚོགས་འདུ་དང་ཀྲུང་དབྱང་གི་ཞིང་གྲོང་ལས་དོན་སྐོར་གྱི་ཚོགས་འདུ་སོགས་འཚོགས་ཏེ།  ཞི་ཅིན་ཕིང་གི་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་བསམ་བློ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་སྡེ་གོང་འཕེལ་གཏོང་བའི་བགྲོད་ལམ་གྱི་ལྟ་བ་བཏོན་ནས་གལ་ཆེའི་བཀོད་སྒྲིག་རབ་དང་རིམ་པ་བྱས།  དུས་ཡུན་རིང་པོ་མ་འགོར་བའི་སྔོན་དུ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།   བརྗེ་སྣོན་ཨུ་ཡོན་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་གཙོ་བོ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་བགྱི་དགོས་པའི་བགྲོ་གླེང་ཚོགས་འདུའི་སྟེང་གལ་ཆེའི་གསུང་བཤད་གནང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་མཐའ་གཅིག་ཏུ་འཛིན་པ་དང་།   ཏང་གི་རླབས་ཆེའི་བཟོ་སྐྲུན་གསར་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་མཐའ་གཅིག་ཏུ་འཛིན་པ།  སེམས་ཁྲལ་གྱི་འདུ་ཤེས་ཇེ་དྲག་གཏོང་བ་དང་ཉེན་འགོག་འགྲན་སློང་མཐའ་གཅིག་ཏུ་འཛིན་པ།    དུས་ཚོད་ཀྱིས་མི་ལ་མི་སྒུག་ཅིང་སྐར་ཆ་གང་ཡང་དམ་འཛིན་བྱེད་པའི་སྙིང་སྟོབས་བཅངས་ནས་ལས་ཀའི་སྟེང་ལ་ཞུགས་པ།   ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་བསམ་བློ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ལ།   སྟོབས་ཤུགས་ཡོད་རྒུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གཏན་ཁེལ་བྱས་པའི་དམིགས་འབེན་འགན་འཁྲིའི་སྟེང་གཅིག་སྒྲིལ་བྱས་ཏེ།  མུ་མཐུད་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་རྣམ་པ་གསར་དུ་གཏོད་དགོས་ཚུལ་བཏོན་པ་རེད།  

“རླབས་འཇགས་འགྲམ་གཉིས་ཡངས། ། རླུང་འཇགས་གྲུ་གཡོར་བདེ། །”དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་གཏན་ཁེལ་བྱས་ཟིན།   ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་འཁོར་ལོ་ཆེན་པོ་ད་ལྟ་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་མདུན་དུ་བསྐྱོད་བཞིན་ཡོད།  ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐའ་འཁྱོལ་བ་བྱེད་དགོས་ལ།  མུ་མཐུད་དུ་ཏང་གི་གཞི་རྩའི་གཞུང་ལུགས་དང་  གཞི་རྩའི་ལམ་ཕྱོགས།  གཞི་རྩའི་ཐབས་ཇུས་བཅས་ཀྱི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་ཤུགས་ཆེར་བཏང་ནས།  ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་ཆེན་པོ་ཡིད་ལ་བཅངས་ཏེ་ནམ་ཡང་ཧུར་བརྩོན་འབད་འབུངས་བྱས་ན།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་འཁོར་ལོ་ཆེན་པོ་ངེས་པར་དུ་མཚར་སྡུག་འོད་སྟོང་འཕྲོ་བའི་རྒྱ་མཚོའི་ཕ་རོལ་དུ་སླེབས་ཐུབ་ངེས་ཡིན།

གནམ་ལྷ་རྒྱལ་གྱིས་བསྒྱུར།