གནམ་ལོ་གསར་པ་ལ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས།

དེབ་འདིའི་དཔྱད་གཏམ་པ།

རྒྱལ་ཡོངས་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཚ་རླབས་ནང་2018ལོའི་དཔྱིད་གསར་བསུས་བྱུང་། བགྲང་བྱ་གསར་པའི་འགོ་ཚུགས་པ་དང་། རེ་བས་ཁེངས་པའི་དུས་བཟང་འདིར། ང་ཚོས་ཏང་ཡོངས་ཀྱི་བློ་མཐུན་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་སྨོན་འདུན་ཞུ་རྒྱུ་ཡིན།

འདས་མ་ཐག་པའི་2017ལོ་ནི་རང་རྒྱལ་གོང་འཕེལ་གྱི་བརྒྱུད་རིམ་ནང་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ང་ཚོའི་ཏང་གིས་དུས་ཡུན་རིང་པོའི་ནང་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པའི་སློབ་སྟོན་དགོངས་པར་གཏན་འཁེལ་བྱས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཞིང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པའི་འཆར་འགོད་ཆེན་པོ་བྱས་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་ཏང་འཛུགས་སྐྱོང་གི་ལས་དོན་རླབས་པོ་ཆེ་གསར་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འགོ་ཚུགས་སོང་། འདི་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་མཚམས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད་ལ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་ཡིད་ལ་འཆང་བ། དར་ཆ་མཐོན་པོར་བསྒྲེང་བ། མཐུན་སྒྲིལ་བརྩོན་ལེན་བྱེད་པ་བཅས་ཀྱི་ཚོགས་ཆེན་ཐེངས་ཤིག་རེད། དེ་ལ་ཏང་དང་རྒྱལ་ཁབ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དར་བསྒྲེང་ཕྱོགས་འབེབས་དང་། འཐབ་ཇུས་ལེགས་འགོད་བྱས་ཤིང་། འཐབ་རྩོད་རླབས་ཆེན་དང་། ལས་གྲྭ་རླབས་ཆེན། བྱ་གཞག་རླབས་ཆེན། ཕུགས་འདུན་རླབས་ཆེན་བཅས་ལ་གཅིག་གྱུར་ཐོག་བཀོད་འདོམས་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་སྒྲིག་བཀོད་ལ་སྤྱི་འདོམས་དང་སྐུལ་འདེད་བཏང་བ་དང་། “ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ། འཐབ་ཇུས་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་ཞིང་། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་བས། ཡུན་རིང་ཞིག་ལ་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གིས་བཅད། སྔོན་ཆད་སྒྲུབ་འདོད་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་འགྲུབ་སོང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་ རང་བཞིན་གྱི་འཕོ་འགྱུར་བྱུང་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཉིད་དུས་རབས་གསར་པའི་ནང་བསྐྱོད་པ་ལ་སྐུལ་འདེད་བཏང་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། དཔལ་འབྱོར་གྲུབ་ཚུལ་ཐད་ལ་འཕོ་འགྱུར་ཆེན་པོ་བྱུང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་པས། དཔལ་འབྱོར་ལ་སྔར་ལས་གསོན་ཤུགས་ཆེ་བ་དང་མཉེན་ཆ་ལྡན་པར་གྱུར། རང་རྒྱལ་གྱི་དཔལ་འབྱོར་དེ་མགྱོགས་མྱུར་གོང་འཕེལ་འགྲོ་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་སོང་། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དེ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ། དེ་ཉིད་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་ཤུགས་གཙོ་བོའི་འབྱུང་ཁུངས་དང་བརྟན་བརླིང་གཏོང་ཆས་སུ་ཆགས་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་པའི་གཏམ་གླེང་དབང་ཆ་ཆེས་ཆེར་འཕར་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སེམས་ཤུགས་ཆེ་བ་དང་། སྟོབས་ཤུགས་ཆེ་བ་། གྲུབ་འབྲས་ཆེ་བ་བཅས་ནི་སྔར་ན་མེད་པ་ཞིག་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོའི་ངང་ཇེ་ལེགས་སུ་ཕྱིན་ཡོད། གྲོང་མིའི་ཡོང་འབབ་འཕར་སྣོན་ཡོང་ཚད་སྤྱིའི་ཆ་ནས་དཔལ་འབྱོར་འཕེལ་ཚད་ལས་མགྱོགས་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བའི་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ལ། མི་དམངས་ཀྱི་ཐོབ་ཚོར་དང་བདེ་ཚོར་མངོན་གསལ་དུ་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། རྒྱལ་སྲུང་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། རྒྱལ་སྤྱིའི་ཤུགས་རྐྱེན་བཅས་མངོན་གསལ་དུ་ཆེ་རུ་སོང་ཡོད་ལ། ཏང་གི་རྣམ་པ་དང་། རྒྱལ་ཁབ་ཀྱི་རྣམ་པ། མི་དམངས་ཀྱི་རྣམ་པ། དམག་དཔུང་གི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་བྱུང་ཡོད་དེ། ཀྲུང་ཧྭ་མི་རིགས་ཉིད་ཉམས་འགྱུར་གསར་པའི་ཐོག་ནས་འཛམ་གླིང་གི་ཤར་ཕྱོགས་སུ་ལངས་ཡོད་པ་རེད། ལོ་ངོ་5ལྷག་རིང་ལ། རང་རྒྱལ་ལ་གྲུབ་འབྲས་ཆེན་པོ་དེ་འདྲ་ཐོབ་དོན་གྱི་ཆེས་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བར་རག་ལས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིད་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་པའི་དེད་དཔོན་ལྟ་བུའི་སྣེ་ཁྲིད་མཁན་ཡིན་པ་ལ་རག་ལས་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་བསམ་བློའི་མཛུབ་སྟོན་ལ་རག་ལས་ཡོད།

2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཡིན་པ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་དང་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་གོང་འོག་མཐུན་སྦྱོར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། ད་ལོའི་ལས་དོན་ལེགས་པོ་སྒྲུབ་པ་ལ་དོན་སྙིང་གལ་ཆེན་ལྡན་ཡོད། གྲོལ་མ་ཐག་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་དཔལ་འབྱོར་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་སྤྱི་སྡོམ་བྱས་ཤིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་བསམ་བློ་རྒྱས་བཤད་གཏིང་ཟབ་གནང་ལ། རང་རྒྱལ་གྱི་དཔལ་འབྱོར་ནི་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་ཡོད་པའི་ཐག་གཅོད་གལ་ཆེན་ལ་འགྲེལ་བཤད་གཏིང་ཟབ་གནང་ལ། མིག་སྔའི་རྒྱལ་སྤྱི་དང་རྒྱལ་ནང་གི་དཔལ་འབྱོར་གནས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་གཏིང་ཟབ་གནང་། 2018ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་། དམིགས་ཚད་གཙོ་བོ། གཙོ་གནད་ལས་འགན་བཅས་ཁ་གསལ་བཏོན་ཡོད། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་བླང་བྱ་ལྟར། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་ཅིང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྒོས་སྐུལ་འདེད་གཏོང་བ་དང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་འཆར་འགོད་ཀྱིས་བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཚུལ་ལ་ལེགས་སྒྲིག དམངས་འཚོ་ལ་ཕན་གཉེར། ཉེན་ཁ་ལ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུ། སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་དང་འཐུས་ཚང་དུ་བཏང་སྟེ། སྤུས་ཚད་འཕོ་འགྱུར་དང་། ལས་ཆོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་གཏོང་རྒྱུ། ཉམས་ཉེན་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་ལེགས་པོ་བྱེད་ཅིང་། དབུལ་ཐར་གནད་འཕིགས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལེགས་པོ་རྒྱག་པའི་ཐད་ལ་གྲུབ་འབྲས་ཏན་ཏིག་ལེན་རྒྱུ། སྔོན་དཔག་ལ་སྣེ་ཁྲིད་བྱེད་པ་དང་བརྟན་འཇགས་སུ་གཏོང་ཞིང་། དམངས་འཚོ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་སུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་རྒྱུ་བཅས་སོ།།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་ད་ལྟ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་བླ་སྲོག་དང་ཡང་སྙིང་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པར་གལ་ཆེའི་ནང་གི་དོན་ཆེན་ཞིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དང་། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་རྒྱུ་དེ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཡིན་ལ། དུས་རབས་ཉེར་གཅིག་པའི་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཡིན། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡང་ཡིན། དེས་དུས་རབས་གསར་པའི་ལས་དོན་ཁག་ཡག་པོར་འགྲུབ་ཆེད་རྩ་བའི་འགན་ལེན་འདོན་སྤྲོད་བྱས་ཡོད། ཏང་ཡོངས་ཀྱིས་སློབ་སྦྱོང་ཆེན་པོ་ཐེངས་གཅིག་བྱས་ཏེ། སློབ་ནས་ཤེས་པ་དང་། སྒྲུབ་ནས་འགྲུབ་པ། རྨང་གཞི་བརྟན་པ་བཅས་ཀྱི་ཐད་ལ་ཤུགས་འདོན་དགོས། དོན་དངོས་ཀྱི་ཐོག་ནས་བསམ་བློ་དང་བྱ་སྤྱོད་གཉིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ། བསམ་བློའི་དུས་རབས་ཀྱི་རྒྱབ་ལྗོངས་དང་། ཚན་རིག་གི་མ་ལག དགོངས་དོན་གྱི་སྙིང་པོ། ལག་ལེན་གྱི་བླང་བྱ་བཅས་ལ་ཏང་ཡོངས་ཀྱིས་གོ་བ་གཏིང་ཟབ་ལེན་པར་སྐུལ་འདེད་གཏོང་རྒྱུ། དེའི་ནང་དུ་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་བཅས་གཙོ་གནད་དུ་བཟུང་ནས་ཁོང་དུ་ཆུད་པར་བྱེད་རྒྱུ། དེས་མཚོན་པའི་ཀྲུང་གོའི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། རིན་ཐང་གི་འཚོལ་སྙེག ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས། མི་དམངས་ལ་བཅངས་པའི་བརྩེ་སེམས། དོན་གཉེར་གྱི་བསམ་བློའི་སྤྱོད་ཚུལ། ཚན་རིག་གི་བསམ་བློ་གཏོང་སྟངས་བཅས་ལ་གོ་བ་གཏིང་ཟབ་ལེན་རྒྱུ། བསམ་བློ་འདིའི་ཆབ་སྲིད་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་ལ་གོ་བ་གཏིང་ཟབ་ལེན་རྒྱུ། ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་གཏོང་བ་དང་། ཏན་ཏིག་སྒོས་“འདུ་ཤེས་བཞི་”ཆེ་རུ་གཏོང་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཅིང་། རང་རྟོགས་ཀྱི་སྒོ་ནས་བསམ་བློ་དང་ཆབ་སྲིད་དང་བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱེད་པ་དང་།       ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས།

ད་ལོའི་ལས་དོན་ཁག་ཡག་པོར་འགྲུབ་པ་ལ། ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་དགོས། དུས་རབས་གསར་པའི་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་ལས་གྲྭ། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ཀྱི་ཡུལ་ཁམས་གསར་པ་གསར་དུ་གཏོད་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་ནི་ཉེ་རབས་ནས་བཟུང་གི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཞིག་རེད། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ནས་བཟུང་ཕྱིར་བཤོལ་མི་བྱེད་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་ནི་ཀྲུང་གོའི་གུང་ཁྲན་ཏང་མི་མུ་མཐུད་དུ་མདུན་བསྐྱོད་བྱེད་པའི་རྩ་བའི་སྒུལ་ཤུགས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན་ཏེ། “ལོ་ངོ་96གི་རིང་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་འགྱུར་ཡོང་ཆེད་དུ། ཉམ་ཆུང་དང་སྟོབས་ལྡན་གང་ཡིན་ནའང་འདྲ། བདེ་བླག་གམ་རྐྱེན་ངན་གང་འཕྲད་ཀྱང་རུང་། ང་ཚོས་ཐོག་མའི་བསམ་འདུན་འགྱུར་མེད་དང་། དམ་བཅའ་བརྟན་པོ་བྱས་ཏེ། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དཀའ་ངལ་ཁྲི་སྟོང་མང་པོ་ཁྱད་དུ་བསད་ཅིང་བློས་གཏོང་ཆེན་པོ་བྱས། ཀྱག་ཀྱོག་ལ་གདོང་གཏོད་ཕོད་པ་དང་། ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ། སྒྲོལ་དཀའ་བའི་དཀའ་གནད་མང་པོ་གཅིག་རྗེས་གཉིས་མཐུད་དུ་གྲོལ་བར་བྱས་ལ། ལོ་རྒྱུས་དེབ་ཐེར་ཐོག་བཀྲག་མདངས་འཚེར་བའི་མི་ཡུལ་གྱི་ངོ་མཚར་ཡང་ནས་ཡང་དུ་བསྐྲུན།” དེ་རིང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པ་ཞིག་ཏུ་སླེབས་པ་དང་། ང་ཚོ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་ལ་ལོ་རྒྱུས་ཀྱི་དུས་སྐབས་གང་ལས་ཀྱང་ཐག་ཉེ་སླེབས་ཡོད་པ་དང་། དེ་ཉིད་སྔོན་འགྱུར་ཡོང་བར་སྔར་བས་ཡིད་ཆེས་དང་ནུས་པ་ལྡན་པ་ཡིན། ལེ་དབར་བརྒྱ་བསྐྱོད་ལམ་ཕྱེད་དགུ་བཅུ་ཡིན་ཞེས་པའི་དཔེ་ལྟར། ཇི་ཙམ་མི་རིགས་བསྐྱར་དར་གྱི་དམིགས་ཚད་མངོན་འགྱུར་འབྱུང་བར་ཐག་ཉེ་བ་ན། འཕྲད་པའི་འགོག་རྐྱེན་དང་གནོན་ཤུགས་དེ་ཙམ་ཆེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་སོས་དལ་བག་ཕེབས་དང་། རྔ་རྡུང་རོལ་དཀྲོལ་ཙལ་གྱིས་མངོན་འགྱུར་བྱེད་ཐུབ་ཀྱི་མ་རེད། ཏང་ཡོངས་ཀྱིས་ངེས་པར་དུ་སྔར་བས་དཀའ་ཚེགས་ཆེན་པོ་དང་སྔར་བས་དཀའ་ངལ་ཆེ་བའི་འབད་བརྩོན་བྱ་རྒྱུར་གྲ་སྒྲིག་བྱེད་དགོས། ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱ་དགོས་ན།  ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་དགོས། འཐབ་རྩོད་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ནུས་པ་མཐོ་རུ་གཏོང་དགོས། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་འཛུགས་སྐྱོང་བྱེད་པའི་རླབས་ཆེན་གྱི་ལས་གྲྭ་གསར་པར་སྐུལ་འདེད་གཏོང་བ་དང་། ཏང་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་པ་དང་། མི་རིགས་ཀྱི་རྐང་འཛིན་པར་ཆགས་པར་ཁག་ཐེག་བྱེད་དགོས། དུས་ནམ་ཡང་གསོན་ཤུགས་རབ་ཏུ་རྒྱས་པ་དང་འཐབ་ནུས་ཆེན་པོ་ལྡན་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་སྤེལ་གཏོང་བ་དང་། “ཡིད་ཆེས་བཞི་”ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ངེས་ཤུགས་བརྟན་ཞིང་། དོན་གཉེར་རྒྱལ་དར་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་ལས་འགན་ཁོང་དུ་ཆུད་པར་བྱེད་པ་དང་། རླབས་ཆེན་འཐབ་རྩོད་ཀྱི་འདེགས་སྐྱོར་མཐའ་འཁྱོངས་བྱེད་ཅིང་། རླབས་ཆེན་ལས་གྲྭ་འགན་ལེན་དུ་འཛིན་པ། བྱ་གཞག་རླབས་པོ་ཆེའི་ཁྲོད་དུ་གསར་གཏོད་བྱེད་པ། ཕུགས་བསམ་རླབས་ཆེན་གྱི་ཕྱོགས་སུ་དཔུང་འཇུག་བྱས་ཏེ། འཐབ་ལམ་གསར་པའི་ཐོག་རླབས་ཆེན་གྱི་ལེའུ་གསར་པ་ཞིག་རྩོམ་དགོས།

ད་ལོའི་ལས་དོན་ཁག་ཡག་པོར་འགྲུབ་དགོས་ན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། ད་ལོ་ང་ཚོས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་བགྲང་བྱ་དེ་བསུ་རྒྱུ་ཡིན། སྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་རེད། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དེ་ཉིད་བདེ་བླག་ངང་གསར་གཏོད་བྱས་ཤིང་། ཀྲུང་གོའི་མི་དམངས་ཀྱི་འཚོ་བ་ལ་འབྱོར་འབྲིང་མངོན་འགྱུར་བྱུང་བ་དང་། རིམ་བཞིན་ཕྱུག་པོར་ཆགས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ང་ཚོས་གོམ་སྟབས་བརྟན་པོའི་ངང་སྒྱུར་བཅོས་ཟབ་སྤེལ་ལ་སྐུལ་འདེད་དང་། ཕྱོགས་གང་ཅིའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་མེད་པར་བཟོས་ཤིང་། སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་ཤུགས་འདོན་པ་དང་། གནས་མང་ཐོག་ཐོད་བརྒལ་བྱེད་པ། རྒྱ་ཆེན་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། འཐུས་ཚང་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་ཤུགས་སྣོན་ཧུར་ཐག་བྱེད་ཅིང་། སྒྱུར་བཅོས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཇེ་དྲག་ཏུ་བཏང་ཡོད། སྒྱུར་བཅོས་བྱེད་ཐབས་1500ལྷག་ཙམ་བཏོན་པ་དང་། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ཐད་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཁྱབ་ཁོངས་གཙོ་བོའི་སྒྱུར་བཅོས་ཀྱི་སྒྲོམ་གཞི་རྩ་བའི་ཆ་ནས་གཏན་འཁེལ་བྱུང་བ་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་བྱུང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་དུ་མཐོ་རུ་ཕྱིན་ཡོད། སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་གསོན་ཤུགས་དང་གསར་གཏོད་གསོན་ཤུགས་མངོན་གསལ་དུ་ཆེ་རུ་ཕྱིན་ཡོད། ང་ཚོས་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་དུས་བསྟུན་མདུན་སྐྱོད་བྱེད་པ་དང་། མུ་མཐུད་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཀུན་གྱི་སྒྱུར་བཅོས་གཏིང་ཟབ་སྤེལ་ཞིང་། བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་དགོས་ལ། སྒྱུར་བཅོས་དང་སྒོ་འབྱེད་ཕན་ཚུན་སྐུལ་སྤེལ་དང་། ཕན་ཚུན་སྤེལ་ཟླར་ཆགས་དགོས། ང་ཚོར་སྒྱུར་བཅོས་སྒོ་འབྱེད་ཀྱི་འཕེལ་རིམ་ནང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད།

ད་ལོའི་ལས་དོན་ཁག་ཡག་པོར་འགྲུབ་དགོས་ན། དཔལ་འབྱོར་ལས་ཀ་ནི་རྨང་གཞི་དང་འགག་རྩ་ཡིན། ངེས་པར་དུ་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དམིགས་ཚད་གསར་པར་དམིགས་རྩེ་གཏོད་པ། བཀོད་སྒྲིག་གསར་པ་དོན་འཁྱོལ་བྱེད་པ་བཅས་དགོས། 2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་དངོས་པོའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པས་བསྟན་དོན་། “རང་རྒྱལ་གྱི་དཔལ་འབྱོར་ནི་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་ཡོད།” སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་ནི། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་བླང་བྱ་ཡིན། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་བསྟུན་ཞིང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་བཀུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱའང་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱ་རྒྱུ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་དང་། དཔལ་འབྱོར་སྲིད་ཇུས་གཏན་འབེབས། སྤྱི་ཁོག་སྙོམས་སྒྲིག་ལག་བསྟར་བཅས་བྱེད་པའི་རྩ་བའི་བླང་བྱ་ཡིན། ངེས་པར་དུ་ངོས་འཛིན་གཏིང་ཟབ་དང་། ཁྱོན་ཡོངས་ནས་གོ་བ་ལེན་པ། དངོས་དོན་ཐོག་དོན་འཁྱོལ་བཅས་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཟམ་མི་ཆད་པར་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་རྨང་གཞི་ནི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་དོན་གལ་ཆེན་ཡིན་པས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། ཡར་ཐོན་གྱི་ནོར་སྲིད་སྲིད་ཇུས་ཀྱི་ཁ་ཕྱོགས་མི་འགྱུར་བ་དང་། གཟབ་བརླིང་གོང་འཕེལ་གྱི་དངུལ་ལོར་སྲིད་ཇུས་ཀྱིས་ཁྱབ་མཉམ་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་ལ། སྒྲིག་གཞིའི་རང་བཞིན་གྱི་སྲིད་ཇུས་ཀྱིས་སྔར་ལས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་དགོས། སྤྱི་ཚོགས་སྲིད་ཇུས་ཀྱིས་མངོན་གསལ་དོད་པའི་དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུར་དོ་སྣང་བྱེད་དགོས་པ་དང་། སྒྱུར་བཅོས་སྒོ་འབྱེད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པར་དམིགས་རྩེ་གཏོད་པ་དང་།  གཅིག་གྱུར་གྱིས་འཆར་འགོད་བྱེད་ཅིང་། རིམ་ལྡན་ངང་སྐུལ་སྤེལ་བྱེད་དགོས། “འགག་སྒྲོལ་གཡུལ་ཆེན་གསུམ་”ལ་རྒྱལ་ཁ་ཐོབ་པར་འགན་ལེན་བྱེད་དགོས། ཉམས་ཉེན་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་ཐུབ་ཆེད། སྤྱི་ཁོག་འཇའ་ཤིང་བསྡུར་ཚད་ལ་ཚོད་འཛིན་ནུས་ལྡན་བྱེད་དགོས་པ་དང་། དངུལ་རྩའི་ཞབས་ཞུའི་གཟུགས་ལྡན་དཔལ་འབྱོར་གྱི་ནུས་པར་ཤུགས་སྣོན་རྒྱག་ཅིང་། ཉེན་ཁ་འགོག་ཟོན་ལས་ཀར་ཡར་ཐོན་གྱི་ཕན་འབྲས་ལེན་དགོས། དབུལ་ཐར་གནད་འཁེལ་ཡོང་བར་དམིགས་བསལ་གྱི་མི་འབོར་དབུལ་ཕོངས་ཅན་ལ་དམིགས་ནས་དབུལ་སྐྱོར་གནད་སྨིན་བྱེད་དགོས་པ་དང་། གོམ་གང་མདུན་སྤོས་སྒོས་དབུལ་བའི་ས་ཁུལ་དུ་མདོ་འདུ་ཤུགས་འདོན་བྱེད་ཅིང་། དབུལ་སྐྱོར་དང་། སྤོབས་སྐྱོར། རིག་སྐྱོར་བཅས་ཟུང་འབྲེལ་བྱས་ཏེ། དབུལ་པོ་རྣམས་དབུལ་ཐར་ཡོང་བའི་ནང་སྐྱེས་སྒུལ་ཤུགས་གསོ་སྤེལ་བྱེད་པ་དང་། དབུལ་སྐྱོར་གྱི་གྲུབ་འབྲས་བརྟན་པོར་བྱས་ཤིང་། དབུལ་ཐར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། སྦགས་བཙོག་འགོག་བཅོས་བྱ་དགོས་ན། སྦགས་བཙོག་དངོས་པོ་གཙོ་གྲས་ཕྱིར་འབུད་གཏོང་ཚད་མུ་མཐུད་ནས་མངོན་གསལ་གྱིས་ཉུང་དུ་འཕྲི་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ཇེ་ལེགས་སུ་གཏོང་དགོས། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་དམིགས་ཏེ། གཙོ་གནད་ལས་དོན་བརྒྱད་ལེགས་པོ་བསྒྲུབ་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཚོང་རའི་བྱེད་པོ་གཙོ་བོ་རིགས་སྣ་ཚོགས་པའི་གསོན་ཤུགས་གསོ་སྤེལ་བྱེད་ཅིང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་ལ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས་པ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཞིང་། མགྱོགས་མྱུར་ངང་གཙོ་གནས་མང་བའི་མཁོ་འདོན་དང་། ཐབས་ལམ་མང་བའི་འགན་སྲུང་། གླ་ཉོ་མཉམ་སྤྱོད་བཅས་ཀྱི་སྡོད་ཁང་ལམ་ལུགས་འཛུགས་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། སྔར་ལས་སྤུས་ཚད་མཐོ་བ་དང་། སྔར་ལས་ཕན་འབྲས་ལྡན་པ། སྔར་ལས་འདྲ་མཉམ་ཡིན་པ། སྔར་བས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བཅས་མངོན་འགྱུར་བྱེད་ཅིང་། ད་ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགོ་ཡག་པོ་ཞིག་འཛུགས་དགོས་པ་རེད།

ཀྲུང་གོའི་ལས་ཀ་ཡག་པོར་འགྲུབ་དགོས་ན། གནད་འགག་ནི་ཏང་ལ་ཐུག་ཡོད། གནད་འགག་ནི་ཏང་གིས་ཏང་སྐྱོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས་པར་ཐུག་ཡོད། ལྕགས་རྡུང་ན་ངེས་པར་དུ་ཐོག་མར་རང་ཉིད་སྲ་ཐག་ཆོད་ཡིན་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ལས་ཀ་དེ་དུས་ནམ་ཡང་ལམ་དུ་བསྐྱོད་བཞིན་ཡོད། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རླབས་ཆེ་བའི་འཐབ་རྩོད་སྤེལ་བ་དང་། རླབས་ཆེ་བའི་བྱ་གཞག་ལ་སྐུལ་འདེད། རླབས་ཆེ་བའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་ཅིང་། ངེས་པར་དུ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་སྔར་བས་འགྱུར་མེད་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བཏོན་པའི་ཏང་འཛུགས་སྐྱོང་གི་”བླང་བྱ་གསར་པ་”སློབ་སྦྱོང་དོན་འཁྱོལ་བྱེད་པ་དང་། ཏང་ལེགས་སྐྱོང་བྱེད་པའི་ཁྲོད་ཀྱི་ཆབ་སྲིད་ཀྱི་སྤྱི་འདོམས་གོ་གནས་འབུར་དུ་ཐོན་དགོས། ཕྱོགས་ཡོངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་། བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བྱེད་དགོས། དེ་དག་གི་ཁྲོད་དུ་ལམ་ལུགས་འཛུགས་སྐྲུན་ཁྱབ་པར་བྱེད་ཅིང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། མིག་སྔར། ལྷག་པར་དུ་“སྤྱོད་ཚུལ་བཞི་”ཕྱིར་ལོག་ཡོང་བ་ལ་དོགས་ཟོན་བྱེད་དགོས། “སྤྱོད་ཚུལ་བཞིའི་”གནད་དོན་ལ་མཁྲེགས་འཛིན་རང་བཞིན་དང་བསྐྱར་ལོག་རང་བཞིན་ལྡན་པ་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས། “སྤྱོད་ཚུལ་བཞི་”ཡོ་བསྲང་བྱེད་རྒྱུ་མཚམས་འཇོག་མི་རུང་ལ། སྤྱོད་ཚུལ་འཛུགས་སྐྲུན་ནི་ནམ་ཡང་ལམ་དུ་བསྐྱོད་བཞིན་ཡོད། རྒྱུན་འཁྱོངས་ལྷོད་མེད་ཀྱིས་“སྤྱོད་ཚུལ་བཞིར་”ངོ་རྒོལ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་རང་བཞིན་དང་། གསར་གཏོད་རང་བཞིན། དངོས་ཕན་རང་བཞིན་བཅས་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་དགོས། ཏན་ཏིག་སྒོས་ཏང་གི་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། དངོས་དོན་ཐོག་ཏང་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། མི་དམངས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཐོབ་པ། རང་གིས་རང་གསར་བརྗེ་བྱེད་ཕོད་པ། རླུང་རླབས་སྣ་ཚོགས་ཀྱི་ཉམས་སད་ཐེག་པ། སྐྱེས་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཏུ་འཛུགས་སྐྲུན་བྱས་ཏེ། ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་དུ་འཛུགས་སྐྲུན་བྱེད་དགོས།

ལོ་གསར་པའི་འགོ་ཚུགས་པ་དང་། རྣམ་པ་གསར་པ་དང་བྱས་རྗེས་གསར་པར་འབོད་སྐུལ་གཏོང་དགོས། ང་ཚོས་སྔར་ལས་དམ་ཟབ་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཐོག་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། ནམ་ཡང་འབད་འཐབ་བྱས་ཏེ། སྔར་ལས་ལེགས་པའི་སྒོ་ནས་འཐབ་རྩོད་རླབས་ཆེན་དང་། ལས་གྲྭ་རླབས་ཆེན། བྱ་གཞག་རླབས་ཆེན། ཕུགས་འདུན་རླབས་ཆེན་བཅས་ལ་སྐུལ་འདེད་གཏོང་བ་དང་། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་བསྐྱོད་བྱེད་དགོས།

རྟ་མགྲིན་སྐྱབས་ཀྱིས་བསྒྱུར།