ཧོར་གྲོང་རྫོང་གིས་དབང་པོ་སྐྱོན་ཅན་གྱི་འཇོན་ནུས་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གིས་དབུལ་ཐར་འགག་སྒྲོལ་འཆར་གཞི་དང་ཟུང་འབྲེལ་བྱས་ཏེ། གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་གྱི་དབུལ་ཐར་འགག་སྒྲོལ་ལས་དོན་དམ་འཛིན་ལེགས་པོ་བྱས་པ་རེད། རྫོང་དེའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་དབུལ་སྐྱོར་སྡེ་ཁག་གིིས་རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩའི་དབང་པོ་སྐྱོན་ཅན་གྱི་ཞིང་ལས་མིན་པའི་རྣམ་གྲངས་དང་། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ་རྣམ་གྲངས་བེད་སྤྱད་དེ། དབང་པོ་སྐྱོན་ཅན་གྱི་འཇོན་ནུས་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། གྲོང་གསེབ་ལ་གཞི་ཚུགས་ཤིང་།  ཁྱད་ལྡན་འདེབས་འཛུགས་དང་གསོ་སྤེལ།  ལས་སྣོན་བཅས་གཙོ་གནད་དུ་བཟུང་བའི་རིགས་འདྲ་མིན་གྱི་འཇོན་ནུས་གསོ་སྦྱོང་སྤེལ་ཏེ།  ཐུའུ་རིགས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཡོང་འབབ་ཀྱི་ཐབས་ལམ་རྒྱ་ཆེ་རུ་བཏང་བ་རེད།

ཟླ4པའི་ཟླ་མགོར། འདན་མ་གྲོང་རྡལ་གྱི་དབང་པོ་སྐྱོན་ཅན30ལ་ཉིན30རིང་གི་འཇོན་ནུས་གསོ་སྦྱོང་སྤེལ་བ་དང་།  དཔྱད་ཞིབ་ཚད་དུ་ལོངས་པས་བདེ་བླག་ངང་སློབ་མཇུག་སྒྲིལ་བ་རེད། གསོ་སྦྱོང་སྤེལ་བའི་རིང་དུ། སློབ་མ་རྣམས་ཀྱིས་ཆེད་ལས་དགེ་རྒན་གྱི་ཁྲིད་སྟོན་འོག  གཡོས་སྦྱོར་གྱི་ལག་རྩལ་ལ་སློབ་སྦྱོང་བྱས་ནས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་མ་ཟད།   འཇོན་ནུས་ཀྱི་ལག་འཁྱེར་དང་འགྲིམ་འགྲུལ་ཁ་གསབ་ཀྱི་དངུལ་ཡང་ལེན་ཐུབ་ཡོད་པ་རེད། རྒྱལ་ཁབ་རོགས་སྐྱོར་སྲིད་ཇུས་ཀྱི་རོགས་རམ་འོག   དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། ཁོ་ཚོར་སྤྱི་ཚོགས་ནང་ཞུགས་པ་དང་། རང་གི་ལག་པ་གཉིས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་གཏོད་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་བ་རེད།

རྒྱུས་ལོན་བྱས་པ་ལྟར་ན། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩའི་དབང་པོ་སྐྱོན་ཅན་གྱི་ཞིང་ལས་མིན་པའི་རྣམ་གྲངས་དང་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག  རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་རྫོང་དབུལ་སྐྱོར་སྡེ་ཚན་གྱིས་མཉམ་འབྲེལ་བྱས་ཏེ། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ19ནས་དབང་པོ་སྐྱོན་ཅན་གྱི་འཇོན་ནུས་གསོ་སྦྱོང་སྤེལ་བ་དང་། ཐེངས་འདིའི་གསོ་སྦྱོང་ཟླ11པའི་ཟླ་མཇུག་བར་དུ་སྤེལ་རྒྱུ་ཡིན་ཞིང་།  མི700ལྷག་ལ་གསོ་སྦྱོང་བྱེད་རྩིས་ཡོད་པ་རེད། ད་ལྟའི་ཆར། གཡོས་སྦྱོར་དང་འཚེམ་བཟོ། ལག་རྩལ་ཐོན་རྫས་བཟོ་བ་དང་། ཚེམ་དྲུབ་སོགས་རྣམ་གྲངས་གསོ་སྦྱོང་ཐེངས་གསུམ་ལ་བྱས་ཤིང་། མི90ལྷག་འཇོན་ནུས་གསོ་སྦྱོང་ནང་ཞུགས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།