ཞིང་ཆེན་སྲིད་གཞུང་གིས་སློབ་གསོ་ལྟ་སྐུལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4 པའི་ཚེས25 ཉིན་ལ་ཞིང་ཆེན་སྲིད་གཞུང་གིས་སློབ་གསོ་ལྟ་སྐུལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་པ་དང་། ལྟ་སྐུལ་མཛུབ་ཁྲིད་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིམ་པ་རེ་རེའི་ཕྲག་ལ་འགན་གྱི་ལྗིད་ཚད་འགེལ་བ་དང་། མི་དམངས་ཡིད་ཚིམ་པའི་སློབ་གསོ་ཡག་པོ་བསྒྲུབ་ཆེད་ནུས་ཤུགས་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་པར་བསྟན། ཝང་ཞོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད་།  

ཝང་ཡུས་པོ་ཡིས་བསྟན་དོན། སློབ་གསོའི་ལྟ་སྐུལ་མཛུབ་སྟོན་ལམ་ལུགས་ནི《 སློབ་གསོའི་བཅའ་ཁྲིམས》ནང་གཏན་འབེབས་བྱས་པའི་གཞི་རྩའི་སློབ་གསོ་ལམ་ལུགས་གྲས་ཀྱི་གཅིག་དང་། ཁྲིམས་ལྟར་སློབ་སྐྱོང་གི་གོ་རིམ་གལ་ཆེན་ཞིག་ཡིན། ཆབ་སྲིད་ལ་ལྟ་སྐུལ་དང་། སློབ་གྲྭར་ལྟ་ཞིབ། ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བཅས་ཕྱོགས་གསུམ་གཞི་གཅིག་གི་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་མ་ལག་ལ་སྔར་ལས་ལྷག་པས་འཐུས་ཚང་དུ་གཏོང་པ་དང་། “ ལྔ་བཞིའི་” འཐབ་ཇུས་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས། ཧྲུའུ་ཅི་ཝང་ཅན་ཅོན་གྱིས་་ལོ་འགོར་གནང་བའི་སློབ་གསོ་ལས་དོན་ཐད་ཀྱི་མཆན་བཀོད་བླང་བྱ་ལག་བསྟར་བྱ་རྒྱུ་དང་ ། གནད་དོན་གྱི་སྟོན་ཕྱོགས་དང་དམིགས་ཚད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། སློབ་གསོའི་སྲིད་ཇུས་ཁག་ལ་ལག་བསྟར་དང་ཕན་ནུས་ཐོན་པར་སྐུལ་འདེད་གཏོང་དགོས། སློབ་གསོའི་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བ་དང་དེང་རབས་ཅན་དུ་གྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས། བྱིས་པ་ཚང་མས་འདྲ་མཉམ་དང་སྤུས་ལེགས་ཀྱི་སློབ་གསོ་མྱོང་ཐུབ་པར་འགན་ལེན་བྱེད་དགོས་ཟེར།

ཝང་ཡུས་པོ་ཡིས་བསྟན་དོན། ཆབ་སྲིད་ཀྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་། རིམ་པ་ཁག་གི་སྲིད་གཞུང་གིས་ཁྲིམས་ལྟར་སློབ་གསོའི་འགན་ནུས་ལག་བསྟར་བྱེད་པ་དང་། སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། སློབ་གྲྭར་ལྟ་སྐུལ་བྱེད་པའི་ཕན་འབྲས་ཟབ་ཏུ་གཏོང་བ་དང་། རིམ་པ་ཁག་དང་རིགས་སོ་སོའི་སློབ་གྲྭས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སློབ་གཉེར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་ལ་རྒྱུན་འཁྱོངས་བྱ་དགོས། ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམིགས་ཚད་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་མཛུབ་སྟོན་ཐད་ནས་རྙེད་པའི་གནད་དོན་ལ་དག་ཐེར་བྱས་ནས། སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་དང་ལེན་བྱེད་དགོས། ད་ལོར་རྒྱལ་ཁབ་ཀྱིས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་ལག་བསྟར་ཐད་ལྟ་སྐུལ་མཛུབ་སྟོན་དང་གདེང་འཇོག་བྱེད་པ་དང་། འོས་འགན་སློབ་གསོ་དེ་དོ་མཉམ་པའི་སྒོ་ནས་འཕེལ་རྒྱས་གཏོང་བའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། རིམ་པ་ཁག་གི་སྲིད་གཞུང་གིས་སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པའི་འགན་འཁྲི་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་དོན་ཆེན་གསུམ་ལག་དོ་སྣང་ བྱ་རྒྱུ་རེད་ཟེར།

ལོ་ཙཱ་བ། གཡང་སྐྱིད།