ཏང་གི་རང་ཉིད་གསར་བརྗེ་ལ་བརྟེན་ནས་རླབས་ཆེ་བའི་སྤྱི་ཚོགས་ཀྱི་གསར་བརྗེ་སྤེལ་བ།

དེབ་འདིའི་དཔྱད་གཏམ་པ།

ད་ལོའི་ལོ་འགོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཞིབ་འཇུག་གྲོས་མོལ་འཛིན་གྲྭའི་སྟེང་གལ་ཆེ་བའི་གསུང་བཤད་གནང་ནས་བསྟན་དོན། དུས་རབས་གསར་པའི་ནང་། ང་ཚོའི་ཏང་གིས་ངེས་པར་དུ་ཏང་གི་རང་ཉིད་གསར་བརྗེ་བྱེད་པར་བརྟེན་ནས་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རླབས་ཆེ་བའི་སྤྱི་ཚོགས་ཀྱི་གསར་བརྗེ་འདི་ལེགས་པོ་སྤེལ་དགོས་ན། ང་ཚོའི་ཏང་གིས་ངེས་པར་དུ་སྤོབས་པ་ཆེན་པོས་རང་ཉིད་གསར་བརྗེ་བྱེད་དགོས་ལ། ཏང་ཉིད་སྔར་བས་སྲ་བརྟན་སྟོབས་ལྡན་བྱེད་དགོས། རྒྱས་བཤད་གལ་ཆེ་འདི་དག་ལས། གཏིང་ཟབ་མོའི་སྒོ་ནས་དུས་རབས་གསར་པའི་ནང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་མུ་མཐུད་ནས་རང་ཉིད་གསར་བརྗེ་བྱས་ན་ང་ཚོའི་ཏང་ནམ་ཡང་རྒྱལ་ཁའི་ཕྱོགས་སུ་གནས་ཐུབ་པའི་གལ་ཆེའི་དོན་སྙིང་ཞིབ་མོ་བཤད་བྱས་ཡོད་པ་མ་ཟད། ད་དུང་མུ་མཐུད་ནས་རང་ཉིད་གསར་བརྗེ་བྱས་ན་ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་ནས་རླབས་ཆེ་བའི་སྤྱི་ཚོགས་ཀྱི་གསར་བརྗེ་མཐའ་གཏུགས་ནས་སྤེལ་ཐུབ་པའི་གལ་ཆེ་བའི་དོན་སྙིང་ཞིབ་མོ་བཤད་ཡོད།

ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱུང་བ་ནི་ཉེ་རབས་ཚུན་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཡིན་ལ། ཀྲུང་གོའི་ལོ་རྒྱུས་སྟེང་སྔར་ཡོད་མ་མྱོང་བའི་གཏིང་ཟབ་མོའི་སྤྱི་ཚོགས་གསར་བརྗེ་ཐེངས་ཤིག་ཀྱང་ཡིན། དེའི་གཏིང་ཟབ་རང་བཞིན་ནི། “རི་བོ་ཆེན་པོ་གསུམ་”མགོ་རྟིང་སློག་པའི་མི་དམངས་དམངས་གཙོའི་གསར་བརྗེ་ལེགས་འགྲུབ་བྱུང་དགོས་པ་དང་། མི་དམངས་རང་ཁྱིམ་རང་བདག་གི་ཀྲུང་གོ་གསར་པ་འཛུགས་དགོས་པ་མ་ཟད། ད་དུང་རང་ཚུགས་རང་བདག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གཏོད་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་སྐྲུན་ཐུབ་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལེགས་འགྲུབ་བྱེད་དགོས། ལོ་རྒྱུས་ཀྱི་ར་སྤྲོད་བྱས་པ་ལྟར་ན། སྔར་བྱུང་མ་མྱོང་བའི་རླབས་ཆེན་དང་སྔར་བྱུང་མ་མྱོང་བའི་གཏིང་ཟབ། སྔར་བྱུང་མ་མྱོང་བའི་རྒྱུན་རིང་བའི་སྤྱི་ཚོགས་ཀྱི་གསར་བརྗེ་འདི་ནི། སྒེར་སེམས་མེད་པ་དང་འཇིགས་པ་མེད་པ། རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་ཡོད་པའི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་དགོས་པ་ལས་གཞན་ཅི། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་རྒྱུ་དེ་ཏང་གི་ཆེས་མཐོ་བའི་ཕུགས་འདུན་དང་ཆེས་མཐའ་མཇུག་གི་དམིགས་འབེན་དུ་འཇོག་པ་དང་། འཛེམ་བག་མེད་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བཞེས་པ་རེད། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དང་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་བྱེད་པའི་ལག་ལེན་ཕན་ཚུན་ཟུང་འབྲེལ་བྱེད་པའི་བརྒྱུད་རིམ་ཁྲོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་ཀྲུང་གོའི་མི་དམངས་ཀྱི་མགོ་ལ་མནན་པའི་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་རིང་ལུགས་བཅས་མ་རྩ་རིང་ལུགས་ཀྱི་རི་བོ་ཆེན་པོ་གསུམ་མགོ་རྟིང་སློག་ནས། མི་དམངས་ལ་མཐུན་སྒྲིལ་དང་འགོ་ཁྲིད་བྱས་ཏེ་གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་སྐོར་བ་དང་། དྲག་ཆས་སྤྲས་ནས་སྲིད་དབང་ལེན་པའི་ཡང་དག་པའི་གསར་བརྗེའི་བགྲོད་ལམ་ཞིག་རྙེད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ། ཀྲུང་གོ་ཉིད་ལོ་ངོ་སྟོང་ཕྲག་གི་བཀས་བཀོད་རྒྱུད་འཛིན་སྒེར་དབང་ལམ་ལུགས་ཀྱི་ཆབ་སྲིད་ནས་མི་དམངས་དམངས་གཙོའི་རླབས་ཆེ་བའི་མཆོང་བརྒལ་མངོན་འགྱུར་བྱུང་བ་ངོས་ཟིན་ཟབ་མོ་བྱུང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་རང་རྒྱལ་གྱི་དངོས་ཡོད་དང་མཐུན་པའི་སྔོན་ཐོན་གྱི་སྤྱི་ཚོགས་ལམ་ལུགས་འཛུགས་དགོས་པ་དང་། དེ་ལ་བརྟེན་ནས་མི་དམངས་ལ་མཐུན་སྒྲིལ་དང་འགོ་ཁྲིད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་འགྲུབ་བྱུང་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་རྒྱ་ཆེ་ལ་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་གསར་བརྗེ་ལེགས་འགྲུབ་བྱུང་སྟེ། དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ཡོད་ཚད་ལ་རྩ་བའི་ཆབ་སྲིད་སྔོན་འགྲོ་དང་ལམ་ལུགས་རྨང་གཞི་བཏིང་ནས། ཀྲུང་ཧྭ་མི་རིགས་ཉིད་ཉེ་རབས་མུ་མཐུད་དུ་རྗེས་ལུས་སོང་བ་ནས་གཞི་རྩ་འགྱུར་ལྡོག་བྱུང་བའི་ལས་བསྐལ་དང་། རྒྱུན་མཐུད་དུ་དར་རྒྱས་འབྱོར་ཕྱུག་གི་ཕྱོགས་སུ་བསྐྱོད་པའི་རླབས་ཆེའི་མཆོང་བརྒལ་མངོན་འགྱུར་བྱུང་བ་ངོས་ཟིན་བྱུང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་དུས་རབས་ཀྱི་དར་རླབས་དང་བསྟུན་ཞིང་། མི་དམངས་ཀྱི་འདོད་བློ་དང་མཐུན་པ། སྒྱུར་བཅོས་སྒོ་འབྱེད་བྱེད་ཕོད་པ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པའི་སྒུལ་ཤུགས་ཆེན་མོས་ཁེངས་ཡོད། དེ་ལ་བརྟེན་ནས་མི་དམངས་ལ་མཐུན་སྒྲིལ་དང་འགོ་ཁྲིད་བྱས་ནས་སྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་ཆེ་བའི་གསར་བརྗེ་གསར་པ་སྤེལ་བ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་ལ་བཀག་སྡོམ་བྱེད་པའི་བསམ་བློ་དང་ལམ་ལུགས་ཀྱི་བཀག་རྒྱ་ཡོད་ཚད་མེད་པར་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཕྱེ་ནས། ཀྲུང་གོ་ཉིད་གོམ་སྟབས་ཆེན་མོས་དུས་རབས་ཀྱི་རྗེས་སུ་སྙེག་པར་བྱེད་དགོས། ལོ་རྒྱུས་ལ་ཕྱི་བལྟས་བྱས་ཚེ། ང་ཚོས་མཐོང་ཐུབ་པ་ནི། མུ་མཐུད་དུ་སྤྱི་ཚོགས་ཀྱི་གསར་བརྗེ་ལ་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་བྱས་ནས་རླབས་ཆེ་བའི་ལག་ལེན་བསྟར་བའི་གཙོ་ཐིག་ཡིན། སྤྱི་ཚོགས་གསར་བརྗེ་ནི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་འགལ་ཟླ་ལས་འགུལ་དེ་རྨང་གཞིར་བྱས་པ་ཡིན་ལ། ཆབ་སྲིད་ཀྱི་སྟེང་གི་བཀོད་པ་རྙིང་པ་རྩ་མེད་གཏོང་བའི་སྤྱི་ཚོགས་ཀྱི་ལས་འགུལ་ཁོ་ན་ཙམ་ཞིག་མིན་ལ། སྤྱི་ཚོགས་འཛུགས་སྐྲུན་གྱི་ལས་འགུལ་གསར་པ་ཞིག་ཀྱང་དེ་བས་ཡིན། ང་ཚོའི་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཡིན་ལ། དུས་མཚུངས་སུ་མར་ཁེ་སི་རིང་ལུགས་ཀྱི་གསར་བརྗེ་ཏང་ཡང་ཡིན། ལོ་ངོ་17གྱི་རིང་ལ། ང་ཚོའི་ཏང་གིས་ཐོག་མའི་བསམ་འདུན་མ་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོ་བཅངས་ནས། ཀྲུང་གོའི་བགྲོད་ལམ་གྱི་འཕེལ་རྒྱས་ཆོས་ཉིད་ལ་བརྩི་སྲུང་དང་། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་སྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་ཆེ་བའི་གསར་བརྗེ་གསར་པ་བཅས་ལ་བརྟེན་ནས་མུ་མཐུད་དུ་སྤྱི་ཚོགས་ཀྱི་གསར་བརྗེ་ལ་སྐུལ་འདེད་བཏང་བས། གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་མཐུན་པ་དང་མི་དམངས་ཀྱི་འདོད་བློ་དང་མཐུན་ཞིང་། འཛམ་གླིང་གི་རླབས་རྒྱུན་དང་འཕྲོད་པའི་ཀྲུང་གོའི་བགྲོད་ལམ་ཞིག་ཕྱེ་སྟེ། མི་དམངས་ལ་མཐུན་སྒྲིལ་དང་འགོ་ཁྲིད་བྱས་ནས་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པའི་མི་ཡུལ་གྱི་ངོ་མཚར་ཡང་དང་ཡང་དུ་བསྐྲུན་ཡོད། ཀྲུང་ཧྭ་མི་རིགས་ཉིད་ཡར་ལངས་པ་ནས་འབྱོར་ཕྱུག་ལྡན་པ་དང་། དར་རྒྱས་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བསུ་ཡོད།

ཀྲུང་གོའི་གུང་ཁྲན་ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བྱ་གཞག་གི་སྲོག་ཤིང་གི་སྟོབས་ཤུགས་སུ་འགྱུར་བ་དང་། བདེ་བླག་ངང་སྤྱི་ཚོགས་ཀྱི་གསར་བརྗེ་ལ་སྐུལ་འདེད་གཏོང་བ། ཉེ་རབས་ཚུན་ཆབ་སྲིད་སྟོབས་ཤུགས་ཀྱིས་སྒྲུབ་མི་ཐུབ་པའི་ལས་འགན་ལྗིད་མོ་སྣ་ཚོགས་འགྲུབ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། མཐའ་གཏུགས་ནས་བཤད་ན། ང་ཚོའི་ཏང་གིས་རང་ཉིད་ཀྱི་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མཐོ་བྱས་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་ནས། མུ་མཐུད་དུ་རང་ཉིད་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་རྣམ་དག་རང་བཞིན་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་གི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། ལྕགས་རྡུང་ན་རང་ཉིད་སྲ་མོ་ཡིན་དགོས། སྤོབས་པ་ཆེན་མོས་རང་ཉིད་གསར་བརྗེ་བྱེད་པ་དང་། གཟབ་ནན་གྱི་སྒོ་ནས་ཏང་སྐྱོང་བ་དང་ཏང་བཅོས་རྒྱུ་ནི་ང་ཚོའི་ཆེས་མངོན་གསལ་གྱི་གཤིས་ཀ་ཡིན། ང་ཚོའི་ཏང་གིས་མི་དམངས་ལ་སྣེ་ཁྲིད་ནས་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་སྤེལ་ཐུབ་ལ། རླབས་ཆེ་བའི་རང་ཉིད་ཀྱི་གསར་བརྗེ་ཡང་སྤེལ་ཐུབ་པ་མ་ཟད། ད་དུང་ཏང་གི་རང་ཉིད་གསར་བརྗེ་བྱེད་པར་བརྟེན་ཏེ་ཏང་གིས་མི་དམངས་ལ་འགོ་ཁྲིད་ནས་སྤེལ་བའི་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ལ་སྐུལ་འདེད་གཏོང་ཐུབ། སྤོབས་པ་ཆེན་མོས་རང་ཉིད་གསར་བརྗེ་བྱས་ན་ངེས་པར་དུ་རུས་གཞོག་དུག་སེལ་ལྟ་བུའི་སྙིང་སྟོབས་ཀྱིས་རུལ་སུངས་ཀྱི་འབྱུང་ཁུངས་མེད་པར་གཏོང་བ་དང་། “སྟག་མོ་རྡུང་བ་”དང་“སྦྲང་ནག་བསད་”ཅིང་། སྟོབས་ཤུགས་ཆེན་མོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མདུན་དུ་“སྲོག་བསླུ་བྱང་བུ་”དང་“ལྕགས་ཞྭ་རྒྱལ་སྲས་”མེད། ངེས་པར་དུ་ཡུན་རིང་པོར་འབད་པའི་མཉེན་ཆ་ཡིས་མཐའ་གཅིག་ཏུ་“སྤྱོད་ཚུལ་བཞིའི་”སྡོང་ངན་ན་ཚ་མེད་པར་གཏོང་དགོས། གནད་དོན་རྙིང་པ་དང་གནད་དོན་གསར་པ་གང་ཡིན་རུང་། ཚང་མར་སྙིང་རྗེ་སྒོམ་མི་ཉན་པ་དང་ལག་པ་ལྷོད་མི་རུང་། “སྤྱོད་ཚུལ་བཞི་”ལ་ངོ་རྒོལ་བྱེད་པའི་གོམ་པ་ནམ་ཡང་མཚམས་འཇོག་མི་རུང་། ནམ་ཡང་ལམ་ཐོག་ཏུ་ཡོད་པའི་ཆོད་སེམས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་བརླིང་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་གཙང་མར་བཟོས་ཏེ། ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བ་དེ་མུ་མཐུད་ནས་གཏིང་ཟབ་སར་འཕེལ་རྒྱས་གཏོང་བ་དང་དོན་དངོས་སུ་འཁྱོལ་བར་བྱེད་པ། གཞི་རིམ་དུ་འཁྱོལ་བར་བྱེད་པ་བཅས་བྱས་ནས་ལམ་ལུགས་སུ་བསྒྱུར་བ་དང་བྱ་སྤྱོད་དུ་བསྒྱུར་དགོས། ཐོག་མཐའ་བར་གསུམ་དུ་རང་ཉིད་དེ་མི་དམངས་ཀྱི་ལྟ་སྐུལ་འོག་ཏུ་འཇོག་པ་དང་དབང་ཆ་དེ་ཉི་འོད་འོག་ཏུ་སྤྱོད་ནས། ཏང་ནང་ཁུལ་གྱི་ལྟ་སྐུལ་དེ་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། དམངས་གཙོའི་ཏང་ཤོག་གི་ལྟ་སྐུལ། གྲོས་མོལ་རང་བཞིན་གྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ། སྤྱི་ཚོགས་ཀྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ་བཅས་ཟུང་འབྲེལ་བྱས་ཏེ། བཀག་རྒྱ་མེད་པའི་དབང་ཆ་དང་ལྟ་སྐུལ་མི་ཐེབས་པའི་དམིགས་བསལ་ཏང་ཡོན་གཏན་ནས་ཡོད་དུ་འཇུག་མི་རུང་། ངེས་པར་དུ་ཕུགས་རེའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་པ་དང་། འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ། དབང་ཆའི་ལྟ་བ། གྲུབ་འབྲས་ཀྱི་ལྟ་བ་བཅས་ཀྱི་ཐོག་བསམ་བློའི་ལྟ་བའི་གསར་བརྗེ་མཐར་ཐུག་ཅིག་སྤེལ་བ། མི་དམངས་ལྟེ་བར་བྱས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བསམ་བློའི་ཐོག་“རུལ་སུངས་ལ་རྒོལ་བ་”དང་“ནམ་ཡང་མི་རུལ་བའི་”ལྕགས་རི་རིང་པོ་འཛུགས་པ་དང་། མུ་མཐུད་དུ་རང་ཉིད་གཙང་མར་འགྱུར་བ་དང་། རང་ཉིད་འཐུས་ཚང་དུ་གཏོང་བ། རང་ཉིད་གསར་བརྗེ་བྱེད་པ། རང་ཉིད་མཐོར་འདེགས་གཏོང་བའི་ནུས་པ་ཇེ་མཐོར་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་གསར་བརྗེར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ནི་མུ་མཐུད་དུ་རང་ཉིད་གསར་བརྗེ་བྱེད་པའི་འབད་འཐབ་ཀྱི་ལོ་རྒྱུས་ཤིག་ཡིན་ཟེར་ནའང་ཆོག  ཏང་རང་ཉིད་ལ་མ་གཞི་ནས་རང་ཉིད་གསར་བརྗེའི་གཞི་རྒྱུ་ཡོད་པས་ཆུང་ངུ་ནས་ཆེ་བ་དང་ཉམས་ཞན་ནས་སྟོབས་ལྡན་དུ་འགྱུར་བ་དང་། དཀའ་སྡུག་གི་ཁྲོད་ནས་ཡར་ལངས་པ་དང་། དཀའ་ངལ་སེལ་བའི་ཁྲོད་མུ་མཐུད་དུ་དར་རྒྱས་བྱུང་སྟེ། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་སྔོན་འགྲོ་དང་མི་རིགས་ཀྱི་ཀ་བར་གྱུར་ཡོད། དེ་རིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་ནང་སླེབས་ཡོད། ང་ཚོའི་ཏང་གིས་ངེས་པར་དུ་ཏང་གི་རང་ཉིད་གསར་བརྗེ་ལ་བརྟེན་ནས་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་སྤེལ་བའི་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་། རླབས་ཆེ་བའི་གསར་བརྗེ་ཡིས་རླབས་ཆེ་བའི་འཐབ་རྩོད་དང་རླབས་ཆེ་བའི་བྱ་གཞག  རླབས་ཆེ་བའི་ཕུགས་འདུན་ལ་འགན་ལེན་བྱས་ནས། ཏང་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་སྔོན་གྲས་སུ་བསྐྱོད་པ་དང་། མི་དམངས་ཀྱིས་སེམས་གཏིང་ནས་བརྩི་བཀུར་བྱེད་པ། སྤོབས་པ་ཆེན་པོས་རང་ཉིད་གསར་བརྗེ་བྱེད་པ། ཉེན་ཁའི་ཉམས་སད་སྣ་ཚོགས་ཐེག་ཐུབ་པ། གསོན་ཉམས་ལྡན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། འདི་འདྲ་ཡིན་ན། ང་ཚོའི་ཏང་གིས་ད་གཟོད་མི་དམངས་ལ་འགོ་ཁྲིད་ནས་གལ་ཆེའི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། གལ་ཆེའི་ཉེན་ཁ་སེལ་བ། གལ་ཆེའི་འགལ་ཟླ་སེལ་བ་བཅས་བྱས་ནས་མུ་མཐུད་དུ་རྒྱལ་ཁ་ནས་དེ་བས་རྒྱལ་ཁ་གསར་པའི་ཕྱོགས་སུ་བསྐྱོད།

དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་ཀྱི་གསར་བརྗེ་ལེགས་པོ་སྤེལ་དགོས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལ་གཞིགས་ནས། ཐོག་མཐའ་བར་གསུམ་དུ་རང་ཉིད་གསར་བརྗེ་བྱེད་པའི་གཤིས་ཀ་རྒྱུན་འཁྱོངས་བྱེད་པ་དང་། མཐར་ཐུག་གི་རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཏང་ཉིད་སྔར་བས་སྲ་བརྟན་ནུས་ལྡན་དུ་འཛུགས་སྐྲུན་བྱེད་དགོས། གཅིག་ནས་འདུ་ཤེས་བརྟན་པོ་ཡིན་དགོས་པ་དང་། འགོ་ཁྲིད་དེ་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་གི་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་གྱི་འགྱུར་མེད་དད་པ་མཁན་དང་རྣམ་དག་ལག་ལེན་མཁན་བྱེད་དགོས། འདི་ནི་རང་ཉིད་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་སྟོབས་ཆེ་བའི་བསམ་པའི་སྒུལ་ཤུགས་ཡིན། གཉིས་ནས་ཆབ་སྲིད་བརྟན་པོ་བྱེད་དགོས། “འདུ་ཤེས་བཞི་”བརྟན་པོ་འཛུགས་པ་དང་། བསམ་བློའི་ཆབ་སྲིད་སྟེང་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་ལ་དང་དོད་བྱེད་དགོས་པ་དང་། བྱ་སྤྱོད་ཀྱི་ལག་ལེན་ཐོག་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་དང་ཏང་གི་ཆབ་སྲིད་ཀྱི་ལམ་ཕྱོགས་ལག་ལེན་བསྟར་བ། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིལ་སྲོལ་ནན་མོ་སྲུང་བ་བཅས་བྱེད་དགོས། འདི་ནི་རང་ཉིད་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་འགྱུར་མེད་ཀྱི་ཆབ་སྲིད་རྩ་བ་ཡིན། གསུམ་ནས་འགན་འཁྲི་བརྟན་པོ་བྱེད་དགོས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་དགོས། དངོས་ཐོག་བདེན་འཚོལ་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་སྲོལ་དར་སྤེལ་གཏོང་དགོས། ལྕགས་འཛེར་འཛེར་བ་ལྟ་བུའི་སྙིང་སྟོབས་ཀྱིས་འགན་འཁྲི་ལེགས་པོ་སྒྲུབ་དགོས། ཏན་ཏན་ཏིག་ཏིག་གིས་ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་བྱེད་དགོས། འདི་ནི་རང་ཉིད་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་སྟོབས་ཆེ་བའི་འོས་འགན་འགན་འཁྲི་ཡིན། བཞི་ནས་ནུས་པ་ལེགས་པོ་ཡིན་དགོས། མུ་མཐུད་ནས་ཤེས་བྱ་གསར་པ་ཁོང་ཆུད་བྱེད་པ་དང་། ཁྱབ་ཁོངས་གསར་པར་རྒྱུས་ལོན་བྱེད་པ། མཐོང་རྒྱ་གསར་པ་ཕྱེ་བ། ཕྱོགས་ཡོངས་ནས་འགོ་ཁྲིད་ནུས་པ་དང་སྲིད་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་དགོས། འདི་ནི་རང་ཉིད་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་ནུས་པའི་ཆུ་ཚད་ཡིན། ལྔ་ནས་སྤྱོད་སྲོལ་བཟང་པོ་ཡིན་དགོས། མི་དམངས་མང་ཚོགས་སེམས་ནང་འཇོག་པ་དང་། ཁྱབ་རྒྱ་ཆེ་བའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ། སེམས་གཅིག་བློ་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཆབ་སྲིད་ཀྱི་ལངས་གནས་མཐོར་སྤར་དང་། ལས་ཀའི་ནུས་པ་མཐོར་འདེགས། སེམས་པ་རྣམ་དག་གིས་མི་དམངས་ལ་སློབ་སྦྱོང་བྱེད་པའི་ཁྲོད་ལས་ཀའི་མཐོང་རྒྱ་ཇེ་ཆེར་གཏོང་བ་དང་། ལས་ཀའི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་བ། མི་དམངས་ཀྱི་འབོད་སྒྲ་ལ་ཉན་པ་དང་། ཁེངས་སྐྱུང་གིས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་ཁྲོད་རང་རྟོགས་ཀྱིས་རང་ཉིད་རང་བརྟག་དང་རང་ལ་སྐྱོན་བརྗོད། རང་ལ་སློབ་གསོ་བྱེད་པ་བཅས། མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་མུ་མཐུད་དུ་རང་ཉིད་ལེགས་བཅོས་སུ་གཏོང་བ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་དུ་སེལ་ནས། ཡུན་རིང་གི་འབད་པར་བརྟེན་ནས་སྐྱིད་འདོད་རིང་ལུགས་དང་བག་མེད་སྤྱོད་སྲོལ་རིང་ལུགས་མེད་པར་གཏོང་དགོས། འདི་ནི་རང་ཉིད་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་ཡ་རབས་ཀྱི་ལས་ཀའི་བྱེད་སྟངས་ཡིན། མདོར་བསྡུས་ན། “ལེགས་སུ་གཏོང་བ་ལྔ་”ནི་ཀྲུང་གོ་གུང་ཁྲན་ཏང་མིས་དུས་རབས་གསར་པའི་ནང་མུ་མཐུད་དུ་ཏང་གི་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ངོ་མ་དང་ནུས་པ་སྲ་མོ་ཡིན། འདི་ནི་ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་སྤེལ་བའི་རླབས་ཆེ་བའི་སྤྱི་ཚོགས་ཀྱི་གསར་བརྗེའི་ཕྱི་ཡུལ་གྱི་བླང་བྱ་ཡིན་ལ། ང་ཚོའི་ཏང་ཉིད་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་དགོས་མཁོ་ཡང་ཡིན།

དགྲ་བོ་སྟོབས་ཆེན་ལས་རྒྱལ་ཐུབ་མཁན་ནི། ཐོག་མར་རང་ཉིད་ལས་རྒྱལ་ཐུབ་མཁན་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ནང་། རྙོག་དྲ་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་དང་རྙོག་འཛིང་ཆེ་བའི་སྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གི་ལས་འགན་མདུན་དུ་ལྷགས་ཚེ། ཏང་ཡོངས་ཀྱིས་ཚགས་དམ་པོའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ། གཏིང་ཟབ་མོའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གཏིང་ཟབ་མོའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་ཏེ། སྤོབས་པ་ཆེན་མོས་རང་ཉིད་གསར་བརྗེ་བྱེད་པ་རྒྱུན་འཁྱོངས་དང་། མཐུན་འགྲིག་ངང་རང་ཉིད་གསར་བརྗེ་དང་སྤྱི་ཚོགས་གསར་བརྗེ་ལ་སྐུལ་འདེད་གཏོང་ན། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེ་བའི་འཐབ་རྩོད་ཁྲོད་མུ་མཐུད་དུ་ཏང་གི་རང་ཉིད་འཛུགས་སྐྲུན་གྱི་འཕེལ་རྒྱས་གསར་པ་མངོན་འགྱུར་བྱེད་ཐུབ་ངེས་ཡིན་ལ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་འགོ་ཁྲིད་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དམིགས་འབེན་གྱི་ཕྱོགས་སུ་འབད་པས་བསྐྱོད་ཐུབ།

བློ་བཟང་ལྷ་མོས་བསྒྱུར།