ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པའི་ཁྲོད་དུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་དགོས།

དེབ་འདིའི་དཔྱད་གཏམ་པ།

དེ་སྔར་སྐོང་ཚོགས་གནང་བའི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱལ་གྱི་སྤྱིའི་གནས་བབ་ལ་གཞིགས་ཏེ། བློ་མཐུན་ཞི་ཅིང་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲོད་གྲུབ་འབྲས་གལ་ཆེན་བླངས་པར་གདེང་འཇོག་མཐོན་པོ་བྱེད་ཅིང་། 《ཀྲུང་གུང་ཀྲུང་དབྱང་གིས་རྩ་ཁྲིམས་ཀྱི་ནང་དོན་བྱེ་བྲག་སྒྱུར་བཅོས་བྱེད་པའི་སྐོར་གྱི་གྲོས་གཞི》ལ་ཞིབ་བཤེར་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་ཡོད། འདི་ནི་ཕྱོགས་ཡོངས་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པའི་གལ་ཆེའི་ཐབས་ཇུས་ཡིན་པ་དང་། འདིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡིན་པ་རྣམ་པར་མངོན་ཞིང་། རྩ་ཁྲིམས་ཀྱིས་དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ལ་སྔར་བས་ལེགས་པའི་ནུས་པ་འདོན་སྤེལ་བྱེད་པར་གནད་ཆེའི་དོན་དངོས་ཀྱི་དོན་སྙིང་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན།

ཏང་སྟོབས་ལྡན་ཡིན་ན་ད་གཟོད་རྒྱལ་ཁབ་སྟོབས་དང་ལྡན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པར་ངེས་པར་དུ་ཏང་གིས་ལས་ཀ་ཡོངས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་དུ། “ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་འགོ་ཁྲིད་བྱས་ནས་འཐབ་རྩོད་རླབས་པོ་ཆེ་བྱེད་པ་དང་། བྱ་གཞག་རླབས་པོ་ཆེ་བསྒྲུབ་པ། ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བཅས་བྱེད་རྒྱུར་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པ་དང་།  བློ་བརྟན་འགྱུར་མེད་ཀྱིས་ཏང་ཉིད་སྔར་ལས་ཞུམ་མེད་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་དགོས།”ཞེས་པ་དང་།   “འཐབ་རྩོད་རླབས་པོ་ཆེ་དང་།  ལས་གཞི་རླབས་པོ་ཆེ།  བྱ་གཞག་རླབས་པོ་ཆེ།  ཕུགས་འདུན་རླབས་པོ་ཆེ་བཅས་ཟུང་འབྲེལ་དམ་ཚགས་དང་།  ཕན་ཚུན་གཅིག་འདྲེས།  ཕན་ཚུན་ནུས་ཐོན་བཅས་བྱུང་ཡོད།   དེའི་ཁྲོད་ནས་ཐག་ཆོད་རང་བཞིན་གྱི་ནུས་པ་ཐོན་བྱེད་ནི་ཏང་ལེགས་སྐྱོང་བྱེད་པའི་ལས་གཞི་རླབས་པོ་ཆེ་གསར་པ་འདི་རེད།” ཅེས་ནན་བཤད་བྱས་འདུག  སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་གཏམ་བཤད་གལ་ཆེའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ལ་རུབ་ཆས་བསྐྱར་སྒྲིག་བྱས་ཏེ་སླར་ཡང་ལམ་དུ་བགྲོད་བའི་འབོད་སྐུལ་བཏང་ཞིང་། རྟག་ཏུ་ལམ་ན་ཡོད་པའི་སྙིང་རུས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ཟབ་ཏུ་སྤེལ་བ་དང་། དེའི་སྐོར་གྱི་ཉམས་མྱོང་དྲུག་ཀྱང་ཕྱོགས་སྡོམ་བྱེད་པ་འདི་ལྟ་སྟེ། གཅིག བསམ་བློས་ཏང་འཛུགས་པ་དང་ལམ་ལུགས་ཀྱིས་ཏང་སྐྱོང་བ་གཉིས་གཅིག་གྱུར་བྱེད་པ། གཉིས། ལས་འགན་གྱིས་སྣེ་ཁྲིད་དང་གནད་དོན་འཛིན་ཕྱོགས་གཉིས་གཅིག་གྱུར་བྱེད་པ། གསུམ། “གནད་འགག་ཉུང་ཤས་”དམ་འཛིན་དང་“མང་ཆེ་བ་མཐའ་དག”དོ་དམ་བྱེད་པ་གཉིས་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། བཞི། དབང་ཆ་ལག་བསྟར་དང་འགན་འཁྲི་དང་ལེན་གཉིས་གཅིག་གྱུར་བྱེད་པ། ལྔ། དོ་དམ་ནན་མོ་དང་ཐུགས་ཁུར་ཡིད་རྟོན་གཉིས་ཀྱི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། དྲུག ཏང་ནང་ཁུལ་གྱི་ལྟ་སྐྱོང་དང་མང་ཚོགས་ཀྱི་ལྟ་སྐྱོང་གཉིས་གཅིག་གྱུར་བྱེད་པ། དཔྱད་བརྗོད་གལ་ཆེན་འདི་དག་ནི་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་ནང་ཏང་གི་ལས་འགན་གསར་པ་ཕྲག་ཏུ་བླངས་ཆེད་ཀྱི་མཐོ་ཚད་ལ་དམིགས་ནས་གཏིང་ཟབ་སྒོས་ཏང་འཛུགས་སྐྱོང་བྱེད་པའི་གལ་ཆེན་རང་བཞིན་འགྲེལ་བཤད་བྱས་པ་རེད། ཀྲུང་གོའི་ལས་དོན་ལེགས་པོ་བསྒྲུབ་པར་གནད་འགག་ནི་ཏང་ལ་རག་ལས་པ་དང་། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རག་ལས། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཏང་འཛུགས་སྐྱོང་བྱེད་པའི་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་བྱེད་པར་སྟེང་གི་བཀོད་པ་དང་འཐབ་ཇུས་བཀོད་སྒྲིག་བྱེད་དེ། དུས་རབས་གསར་པའི་ནང་ཏང་ལ་དོ་དམ་དང་བཅོས་སྐྱོང་བྱེད་པའི་ཁ་ཕྱོགས་བསྟན་ནས། ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བར་སྐུལ་འདེད་བྱེད་པའི་འབུད་བརྡ་གསར་པ་བཏང་། ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་དུས་རབས་གསར་པའི་འཛུགས་སྐྱོང་གི་སྤྱིའི་བླང་བྱའི་ཁྲོད་དུ།    “ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་”ལ་གནད་དུ་བཏོན་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་གཞི་རྩའི་རྩ་དོན་གསལ་བར་བྱས་ཏེ།     “ཏང་གིས་ལས་ཀ་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་”བླང་བྱ་མངོན་པ་མ་ཟད། ཏང་གི་འཛུགས་སྐྱོང་ནི་“ཏང་གི་སྲིད་དབང་ཡུན་རིང་སྐྱོང་བའི་ནུས་པ་ཆེ་རུ་གཏོང་བ་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་གཙོ་གནད་དུ་འཛིན་དགོས་པ་”བསྟན་ནས། མར་ཁེ་སི་རིང་ལུགས་སྲིད་སྐྱོང་ཏང་འཛུགས་སྐྱོང་གི་ངོ་བོ་གཏིང་ཟབ་མོས་གསལ་བར་བྱས། གཙོ་སྐུད་ནི་གནད་དང་སྲོག་ཡིན་ཞིང་། གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་ལ། སྲོག་བཟུང་ན་རྩ་བ་རང་བཞིན་གྱིས་གནས། ཏང་གི་འཛུགས་སྐྱོང་གཙོ་སྐུད་འདིར་གཞིར་བཟུང་ནས་བསྒྲུབ་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཙོ་བོར་འཛིན་ཞིང་། ཕུགས་བསམ་ཡིད་རྟོན་གྱི་རྩ་དོན་བརྟན་པོར་བྱེད་པ་གཞི་རྩ་འཛིན་པ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་སྐུལ་འདེད་བྱེད་པ་ཤུགས་བཏོན་སར་བཞག་སྟེ། ཕྱོགས་ཡོངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་བསམ་བློའི་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་སྐུལ་འདེད་བྱེད་པ་དང་། ལམ་ལུགས་འཛུགས་སྐྱོང་དེའི་བརྒྱུད་རིམ་ཁྲོད་གནས་ཤིང་། རུལ་སུངས་རྒོལ་བའི་འཐབ་རྩོད་གཏིང་ཟབ་སྒོས་སྐུལ་འདེད་དང་། ཏང་འཛུགས་སྐྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ན། ད་གཟོད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ནུས་ལ། ཏང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་དུ་བསྐྱོད་ཅིང་མི་དམངས་ཀྱིས་སེམས་གཏིང་ནས་རྒྱབ་སྐྱོར་བྱེད་པ། རང་ཉིད་གསར་བརྗེ་བྱེད་ཕོད་པ། དཀའ་ཁག་སྣ་མང་ལ་གདོང་གཏོད་ཐུབ་ཅིང་སྐྱེས་སྟོབས་ཀྱི་དཔལ་འབར་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་དུ་འཛུགས་སྐྱོང་བྱེད་དགོས།

ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་སྟོབས་ལག་ལེན་རྒྱུན་འཁྱོངས་བྱེད་པའི་གནད་གཅིག་ནི་ཧུར་ཐག་གིས་ཏང་གི་སྲིད་སྐྱོང་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ་དེ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བླངས་པའི་ཉམས་མྱོང་ལེགས་པོས་ངེད་ཅག་ལ་བཤད་པ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་ན་ད་གཟོད་རྒྱུན་ཆད་མེད་པར་ང་ཚོའི་ཏང་གིས་རྒྱལ་སྲིད་སྐྱོང་སྟངས་ཐད་རང་ཉིད་མཐོར་འདེགས་དང་ཇེ་ལེགས་སུ་གཏོང་ཐུབ། ཏང་གིས་ཡུན་རིང་སྲིད་སྐྱོང་བའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ནང་དོན་གལ་ཆེན་ཞིག་ནི་ཁྲིམས་སྐྱོང་གི་རིགས་པ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་སྲིད་སྐྱོང་བའི་ནུས་པ་མཐོར་འདེགས་གཏོང་བ། ཏང་གི་འགོ་ཁྲིད་རིམ་པ་དང་ཏང་གི་འཛུགས་སྐྱོང་ཡོངས་ལ་ཁྱབ་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་ཅིག་མགྱོགས་པོར་ཆགས་རྒྱུ་དང་རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་ལ་འགོ་ཁྲིད་ཐད་ནས་ཤུགས་སྣོན་དང་ལེགས་བཅོས་གཏོང་རྒྱུ་དེ་ཡིན། ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ནི་གཅིག་མཐུན་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གིས་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་འགོ་ཁྲིད་ནི་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྟེན་དགོས།  ཁྲིམས་ལུགས་ནི་རྒྱབ་ཁབ་སྐྱོང་བའི་ལག་ཆ་གལ་ཆེན་ཡིན་ཞིང་། ཁྲིམས་སྐྱོང་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་བཅོས་སྐྱོང་ནུས་པའི་རྟེན་གཞི་གནད་ཆེན་ཡིན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ལམ་དང་། ཁྲིམས་ལྟར་སྲིད་སྐྱོང་བ་ནི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་གཞི་རྩའི་ཐབས་ཤེས་ཡིན། ཏང་གི་འགོ་ཁྲིད་འོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་སྟེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་བྱུང་ན་ད་གཟོད་ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ནུས་པ་མཐོར་བཏེགས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་རྒྱུ་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་ཆེན་ལེན་པར་སྲིད་སྐྱོང་གི་རྨང་གཞི་བརྟན་པོ་གདིང་ཐུབ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལ་དོ་སྣང་གལ་ཆེན་གནང་ཞིང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་པའི་ཁྲོད་དུ་བསྡུས་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་སྐུལ་འདེད་གཏོང་བའི་ཐད་ཀྱི་ཐག་གཅོད་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་པ་བཅས་ལྷན་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ།  ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་།  ཁྲིམས་སྐྱོང་སྤྱི་ཚོགས་ལུས་གཅིག་ཏུ་འཛུགས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་གཙང་སྒོས་རྒྱལ་ཁབ་སྐྱོང་བ་གཉིས་གཅིག་བསྡུས་བྱེད་པ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་པ་དང་གཟབ་ནན་སྒོས་ཁྲིམས་ལྟར་བ། དྲང་བདེན་གྱིས་སྲིད་ཁྲིམས་སྤེལ་བ། དམངས་ཡོངས་ཀྱིས་ཁྲིམས་སྲུང་བའི་གནད་ཁ་ཅིག་བཟུང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་རྒྱུ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ཁྲིམས་ལུགས་ཚད་ལྡན་མ་ལག་དང་། ཁྲིམས་སྐྱོང་ལག་ལེན་མ་ལག ཁྲིམས་སྐྱོང་ལྟ་སྐུལ་མ་ལག ཁྲིམས་སྐྱོང་འགན་ལེན་མ་ལག་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་འཛུགས་སྐྱོང་བཅས་ཕན་ཚུན་ཡར་སྐུལ་དང་མཉམ་དུ་འཕེལ་རྒྱས་སོང་ནས། སྔར་མེད་ཀྱི་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། ལྷག་པར་དུ་རྩ་ཁྲིམས་ཀྱི་ནུས་པ་འདོན་སྤེལ་ཐད་གྲུབ་འབྲས་མངོན་གསལ་ཡིན། ལོ་ལྔའི་རིང་ལ་ང་ཚོའི་ཏང་གིས་རྩ་ཁྲིམས་རྒྱལ་ཁབ་སྐྱོང་ལུགས་ཀྱི་ལག་ལེན་ཁྲོད་ཀྱི་གལ་ཆེའི་གནས་བབ་དང་ནུས་པར་མཐོང་ཆེན་གནང་ཞིང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་སྲིད་སྐྱོང་བར་ཐོག་མར་རྩ་ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱས་ནས། རྩ་ཁྲིམས་ལག་ལྟར་བྱེད་པ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲོད་དུ་གོ་གནས་གལ་ཆེན་དུ་བཞག་པ་དང་། ཐབས་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ནས་རྩ་ཁྲིམས་ལག་ལེན་དང་ལྟ་སྐུལ་གྱི་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྩ་ཁྲིམས་ལག་བསྟར་བྱེད་པར་ཆབ་སྲིད་དང་ལམ་ལུགས་གྱི་འགན་སྲུང་བརྟན་པོ་མཁོ་འདོན་བྱས་པ་རེད།

རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ཁྲིམས་དང་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག ཏང་དང་མི་དམངས་ཀྱི་སྙིང་སྟོབས་གཅིག་བསྡུས་སུ་མངོན་ཡོད། རང་རྒྱལ་སྔར་སྤྱོད་ཀྱི་རྩ་ཁྲིམས་ནི་1982ལོར་གྲོས་ཞིབ་བྱས་ནས་ཐག་བཅད་པ་དང་། དེས་རྒྱལ་ཁབ་ཀྱི་གཞི་རྩའི་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ལམ་ལུགས་དང་རྩ་དོན། སྒྲིག་ལམ་རབ་དང་རིམ་པ་གཏན་ལ་ཕབ་སྟེ། རང་རྒྱལ་མི་རིགས་སོ་སོའི་ཐུན་མོང་གི་བསམ་ཚུལ་དང་གཞི་རྩའི་ཁེ་ཕན་ཚུར་སྣང་བྱས། ལོ་ངོ་30ལྷག་གི་ལག་ལེན་གྱིས་ར་སྤྲོད་བྱས་པ་ནི། རང་རྒྱལ་རྩ་ཁྲིམས་ཀྱིས་ཤུགས་ཆེན་པོས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཤུགས་ཆེན་པོས་མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་ལེན་བྱེད་པ། ཤུགས་ཆེན་པོས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འཛུགས་སྐྱོང་བྱེད་པར་ཡར་སྐུལ་བྱེད་པ། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་བྱེད་པ། ཤུགས་ཆེན་པོས་རྒྱལ་ཁབ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་གཏན་འཇགས་བཅས་འགན་སྲུང་བྱས་པ་རེད། ལག་ལེན་གྱིས་བདེན་དཔང་བྱས་པ་ནི། རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ། དོན་དངོས་དང་མཐུན་པ། དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་རྩ་ཁྲིམས་ལེགས་པོ་ཞིག་དང་། མི་དམངས་ཐུན་མོང་གི་བསམ་ཚུལ་གང་ལེགས་མཚོན་པ། མི་དམངས་དམངས་གཙོའི་དབང་ཆ་འགན་སྲུང་གང་ལེགས་བྱེད་པ། མི་དམངས་ཀྱི་གཞི་རྩའི་ཁེ་ཕན་འགན་སྲུང་གང་ལེགས་བྱེད་པའི་རྩ་ཁྲིམས་ལེགས་པོ། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་དང་། མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་ཁག་ཐེག་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་པའི་རྩ་ཁྲིམས་ལེགས་པོ། རང་རེའི་རྒྱལ་ཁབ་དང་མི་དམངས་ཀྱིས་དཀའ་སྡུག་གང་མང་མྱངས་ཤིང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དེད་ནས་མདུན་དུ་སྐྱོད་པའི་གཞི་རྩའི་ཁྲིམས་སྐྱོང་གི་འགན་སྲུང་ཡིན།

རང་རྒྱལ་གྱི་རྩ་ཁྲིམས་ནི་ངེས་པར་དུ་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་གི་ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་ནས་འཐུས་ཇེ་ཚང་དུ་འགྲོ་དགོས་ཤིང་། འདི་ནི་རང་རྒྱལ་རྩ་ཁྲིམས་འཕེལ་རྒྱས་ཀྱི་ཁྱད་ཆོས་མངོན་གསལ་ཞིག་དང་རྩ་བའི་སྒྲིག་སྲོལ་ཞིག་ཀྱང་ཡིན། 1954ལོར་རང་རྒྱལ་གྱི་རྩ་ཁྲིམས་ཐོག་མ་བྱུང་བ་ནས་ད་བར་དུ། རང་རྒྱལ་གྱི་རྩ་ཁྲིམས་ནི་ལག་ལེན་འཚོལ་བཤེར་དང་རྒྱུན་ཆད་མེད་པར་འཐུས་ཚང་དུ་འགྲོ་བའི་བརྒྱུད་རིམ་ཁྲོད་གནས་ཡོད། ལག་ལེན་གྱིས་བདེན་དཔང་བྱས་པ་ནི། རང་རྒྱལ་གྱི་རྩ་ཁྲིམས་ནི་ཏང་གིས་མི་དམངས་མཐུན་སྒྲིལ་བྱས་ཏེ་ལག་ལེན་འཚོལ་བཤེར་བྱེད་པ་དང་དམ་པོར་འབྲེལ་ཞིང་། དུས་རབས་ཀྱི་འཕེལ་རྒྱས་དང་ཏང་དང་མི་དམངས་ལས་དོན་གྱི་འཕེལ་རྒྱས་དང་བསྟུན་ནས་འཐུས་ཚང་དུ་འགྲོ་བཞིན་འདུག 2004ལོར་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་བ་ནས་ད་བར་དུ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་འཕེལ་རྒྱས་གལ་ཆེན་པོ་གང་མང་བྱུང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོ་མཐུན་སྒྲིལ་དང་འགོ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་དུ་བཏོད་ཅིང་། གཅིག་གྱུར་ཐོག་“གནས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་སྐུལ་འདེད་དང་། མཐུན་འགྲིག་ངང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་པར་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་གི་རླབས་ཆེན་བྱ་གཞག་གསར་པར་སྐུལ་འདེད་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་བ་རེད། དེ་རིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་གནད་ཆེའི་འཐབ་ཇུས་བཀོད་སྒྲིག་བྱེད་ཅིང་འབད་འཐབ་དམིགས་འབེན་གསར་པ་གཏན་འཁེལ་བྱས་ཡོད།   དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གནས་བབ་གསར་པ་དང་ལས་འགན་གསར་པར་གཞིགས་ཏེ། རང་རྒྱལ་གྱི་རྩ་ཁྲིམས་ལ་དགོས་ངེས་ཀྱི་སྒྱུར་བཅོས་བྱེད་པའི་དགོས་པ་འདུག་ལ། དུས་དང་བསྟུན་པའི་ངང་ཏང་དང་མི་དམངས་ཀྱིས་ལག་ལེན་ཁྲོད་བླངས་ཟིན་པའི་གལ་ཆེའི་གཞུང་ལུགས་ཀྱི་གསར་གཏོད་དང་ལག་ལེན་གྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད་ལ་སོགས་པའི་གྲུབ་འབྲས་ཉིད་རྩ་ཁྲིམས་ནང་འགོད་དགོས། དེའི་རྐྱེན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ནན་གྱིས་གསུངས་དོན། རྩ་ཁྲིམས་བརྒྱུད་དེ་ཏང་དང་མི་དམངས་ཀྱིས་གསར་དུ་བཏོད་པའི་རླབས་ཆེའི་གྲུབ་འབྲས་དང་ཉམས་མྱོང་རྩ་ཆེན་ངོས་འཛིན་བྱས་ནས་རྩ་ཁྲིམས་ཀྱི་ཚད་ལྡན་དང་སྣེ་ཁྲིད། སྐུལ་འདེད། འགན་སྲུང་གི་ནུས་པ་གང་ལེགས་བཏོན་པ་ནི་ལག་ལེན་འཕེལ་རྒྱས་ཀྱི་དགོས་མཁོ་མེད་དུ་མི་རུང་བ་ཞིག་ཡིནལ། རྩ་ཁྲིམས་སྒྱུར་བཅོས་བྱེད་པར་ཡང་གནད་ཆེའི་བཀོད་འདོམས་བྱས་ཡོད། འདི་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་དུ་དོན་དག་གལ་ཆེན་ཞིག་དང་། ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གནས་བབ་སྤྱི་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བཏོན་པའི་གནད་ཆེའི་ཐབས་ཇུས་ཡིན།  ང་ཚོས་གཏིང་ཟབ་སྒོས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་སྟོབས་ལ་སློབ་སྦྱོང་དང་ལག་ལེན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཐེངས་འདིའི་རྩ་ཁྲིམས་སྒྱུར་བཅོས་ཀྱི་སྤྱིའི་བླང་བྱ་དང་གཞི་རྩའི་རྩ་དོན་བརྩི་སྲུང་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་ལ་ཕབ་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་ཐབས་ཇུས་སྲིད་ཇུས་གལ་ཆེན་རྒྱལ་ཁབ་ཀྱི་གཞི་རྩའི་ཁྲིམས་ནང་བཀོད་ནས། སྤྱིའི་ཆ་ནས་རང་རྒྱལ་རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན། དབང་གྲགས་རང་བཞིན་བཅས་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་དུ་རྩ་ཁྲིམས་དུས་རབས་དང་བསྟུན་ཞིང་འཐུས་ཚང་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ།  དུས་རབས་གསར་པའི་ཁྲོད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་འགྲོ་བར་རྩ་ཁྲིམས་ཀྱི་འགན་སྲུང་མཁོ་སྤྲོད་གང་ལེགས་བྱེད་དགོས།

“ཁྲིམས་སྲུང་མཁན་སྟོབས་ལྡན་ཡིན་ན་རྒྱལ་ཁབ་སྟོབས་དང་ལྡན། ཁྲིམས་སྲུང་མཁན་སྟོབས་ཞན་ཡིན་ན་རྒྱལ་ཁབ་སྟོབས་ཞན་གྱུར།” ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གསར་བརྗེ་ཟབ་མོ་ཞིག་དང་ཡུན་རིང་ཞིང་ཚེགས་ཆེ་བའི་ལས་འགན་ཞིག་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་རྩ་ཁྲིམས་ལ་སྒྱུར་བཅོས་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་པ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡིད་རྟོན་གཅིག་བསྡུས་སུ་མངོན་པ་ཞིག་དང་། ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་རྩ་ཁྲིམས་གཏན་ཁེལ་དང་དེ་ལ་གོང་བཀུར། རྒྱུན་ཆད་མེད་པར་རྩ་ཁྲིམས་རང་ཉིད་ལེགས་བཅོས་གཏོང་བར་སྐུལ་འདེད་བྱེད་པའི་ལག་ལེན་གསོན་པོའང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ནང་ང་ཚོས་སྔར་བས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་ཆེས། གཞུང་ལུགས་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་བཅས་ལ་ཡིད་ཆེས་བརྟན་པོ་བཅངས་དགོས་ཤིང་། སྔར་ལས་ལྷག་པར་ཏང་གི་འགོ་ཁྲིད་འོག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ལམ་བུ་རྒྱུན་འཁྱོངས་བྱེད་པར་ཆོད་སེམས་དང་ཡིད་ཆེས་དང་ནུས་པ་ལྡན་པ་དང་། དོན་དངོས་ཐོག་ཏང་གི་འགོ་ཁྲིད་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོའི་ཁྲོད་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཆེན་པོས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་དང་། ཁྲིམས་སྐྱོང་གི་ཀྲུང་གོ་འཛུགས་སྐྱོང་ལེགས་པོ་བྱེད་པ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་དགོས།

བསམ་གཏན་དོན་གྲུབ་ཀྱིས་བསྒྱུར།