“བློ་སེམས་གཅིག་བསྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་སྒྲུབ་བྱེད་པའི་”བསམ་བློའི་རྨང་གཞི་བརྟན་པོར་རྡུང་དགོས།

ལི་ཁྲང་ཕིང་།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་“རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན། རིག་གནས་དར་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་། རིག་གནས་སྟོབས་ལྡན་ཡིན་ན་མི་རིགས་སྟོབས་ལྡན་དུ་འགྱུར།  རིག་གནས་ཀྱི་གདེང་ཚོད་ཆེན་པོ་མེད་པ་དང་། རིག་གནས་དར་རྒྱས་གོང་འཕེལ་མ་བྱུང་ན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་མི་སྲིད་”ཅེས་བསྟན་ཡོད། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་པར་སྒྲུབ་པའི་དུས་རབས་གསར་པའི་འགན་འཁྲི་ཡོངས་འགྲུབ་བྱེད་དགོས་ན། ངེས་པར་དུ་མི་རིགས་ཁག་གི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་རྒྱུན་ཆད་མེད་པར་མི་རིགས་ཁག་གི་རིག་གནས་ཀྱི་ཁས་ལེན་ཆེ་རུ་སྐྱེད་དགོས་པ་དང་། བློ་སེམས་གཅིག་བསྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་སྒྲུབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོར་རྡུང་དགོས་ཤིང་། ཀྲུང་ཧྭའི་བུ་རྒྱུད་ཡོངས་ཀྱིས་བར་མེད་འབད་བརྩོན་བྱེད་པར་སྐུལ་མ་བཏང་ནས་ཀྲུང་གོའི་ཕུགས་འདུན་མཉམ་སྒྲུབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གོང་བུར་སྒྲིལ་དགོས།

གཅིག མི་རིགས་ཁག་གི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ནི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་གོང་བུར་སྒྲིལ་བའི་དགོས་དབང་གི་བླང་བྱ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་སྟོང་ཕྲག་དུ་མའི་དུས་ཀྱི་གོམ་འགྲོས་བརྒྱུད་དེ་རང་རྒྱལ་གྱི་མི་རིགས་56དང་མི་འབོར་དུང་ཕྱུར་13གོང་བུ་གཅིག་ཏུ་དམ་པོར་སྦྲེལ་བྱེད་ནི་ང་རང་ཚོས་ཐུན་མོང་དུ་ཉམས་སུ་མྱངས་པའི་ཁྱད་འཕགས་འབད་འཐབ་ཡིན་པ་དང་། ང་རང་ཚོས་ཐུན་མོང་དུ་བསྐྲུན་པའི་དགའ་སྐྱིད་ཀྱི་ཁྱིམ་གཞི་ཡིན་ལ། ང་རང་ཚོས་ཐུན་མོང་དུ་སྐྱེད་གསོ་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་ཡིན་ཞེས་སོ། །ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ལྔའི་ཤེས་རིག་ལོ་རྒྱུས་ལ་ཐད་ཀྱིས་བལྟས་ཚེ། མི་རིགས་ཁག་གི་ཕུལ་བྱུང་རིག་གནས་ནི་ཀྲུང་ཧྭའི་སྐྱེད་མོས་ཚལ་ནང་གི་ལྗོངས་ཀྱི་བཀོད་པ་ལྟ་ན་སྡུག་པ་ཞིག་ཡིན། མི་རིགས་ཁག་གི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ནི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་པར་བསྒྲུབ་རྒྱུར་ཆ་མཚོན་ན། གལ་ཆེ་བའི་མངོན་སུམ་གྱི་དོན་སྙིང་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད་པ་རེད།

“ཁས་ལེན་ལྔ་”ནི་མི་རིགས་ཁག་གིས་མཐུན་སྒྲིལ་ངང་འབད་འཐབ་བྱེད་ཐུབ་པའི་མཐུན་ཆ་ཆེ་ཤོས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་དུ་གསུངས་དོན། “མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེ་བའི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བྱེད་པའི་ཁས་ལེན་ངེས་པར་དུ་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས།” ཞེས་སོ། །ཁས་ལེན་ནི་མཐུན་སྒྲིལ་གྱི་རྨང་གཞི་ཡིན་ལ། ཁས་ལེན་བྱུང་ན་མི་རིགས་ཁག་གི་མི་དམངས་ལ་གཞི་ནས་ཐུན་མོང་གི་རིན་ཐང་འཛིན་ཕྱོགས་དང་དམིགས་ཡུལ་གཉེར་ཕྱོགས་མངའ་ཐུབ་པ་དང་། གཞི་ནས་མི་སེམས་གཅིག་སྒྲིལ་དང་སེམས་པ་གཏོད་རེས་བྱེད་ཐུབ་པ་རེད། “ཁས་ལེན་ལྔ་”ནི་རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་བསམ་བློའི་རྨང་གཞི་ཡིན་པ་དང་། ཀྲུང་གོའི་བགྲོད་ལམ་མཐའ་འཁྱོངས་དང་། ཀྲུང་གོའི་སྙིང་སྟོབས་དར་སྤེལ། ཀྲུང་གོའི་སྟོབས་ཤུགས་གཅིག་སྒྲིལ་བཅས་ཡོང་བའི་བསམ་བློའི་འབྱུང་ཁུངས་ཡིན། ཀྲུང་ཧྭ་མི་རིགས་ནི་གཅིག་དར་ཀུན་དར་དང་གཅིག་ཉམས་ཀུན་ཉམས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་ཡིན་པ་དང་། “ཁས་ལེན་ལྔ་”ཡིས་མི་རིགས་ཁག་དཔུང་པ་མཉམ་གཤིབ་དང་། འཆམ་མཐུན་མཉམ་གནས། ཞི་མཐུན་ངང་གོང་འཕེལ་བཅས་ཡོང་བར་སྐུལ་འདེད་དང་། མི་རིགས་ཁག་གི་མང་ཚོགས་སྤུན་ཟླ་མཛའ་མཐུན་དང་འགྲོ་གྲོགས་སྡོད་གྲོགས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་དུ་བསམ་བློའི་འགན་ལེན་སྟོབས་ཆེན་ཞིག་མཁོ་སྤྲོད་བྱས་ཡོད་པ་རེད།

རིག་གནས་ཀྱི་ཁས་ལེན་ནི་“ཁས་ལེན་ལྔ་”ཡི་ནང་དོན་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “རིག་གནས་ཀྱི་ཁས་ལེན་ནི་གཏིང་ཟབ་ཤོས་ཀྱི་ཁས་ལེན་ཡིན་ལ། མི་རིགས་མཐུན་སྒྲིལ་ཡོང་བའི་རྩ་བ་དང་མི་རིགས་འཆམ་མཐུན་ཡོང་བའི་སླ་སྲོག་ལྟ་བུ་ཡིན།”ཞེས་སོ། །རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་ཆ་བཞན་ན་གལ་སྲིད་སྤྱི་མཐུན་གྱི་རིག་གནས་ཁས་ལེན་དང་སྤྱི་མཐུན་གྱི་རིན་ཐང་ལྟ་བ་མེད་པ་ཡིན་ན་སེམས་ལ་གཏད་སོ་མེད་ཅིང་སྤྱོད་པར་གཞི་འཛིན་ས་མེད་ངེས་རེད། ལོ་རྒྱུས་སྟེང་དུ་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་གྲོགས་སྡོད་གྲོགས་བྱས་ཏེ་རྒྱུན་རིང་ཟབ་ཡངས་ཀྱི་ཀྲུང་ཧྭའི་རིག་གནས་ཐུན་མོང་དུ་གསར་སྐྲུན་བྱས་པས། ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་ཡོང་བར་བསམ་བློའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་པ་དང་། མིའི་རིགས་སྤྱི་ཚོགས་ཀྱི་ཤེས་རིག་ཡར་ཐོན་ཡོང་བར་རླབས་ཆེ་བའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་ཡོད་པ་རེད། ཀྲུང་ཧྭའི་རིགས་གནས་ཀྱིས་མི་རིགས་ཁག་གི་རིག་གནས་ཀྱི་གྲུབ་འབྲས་གཞི་གཅིག་ཏུ་བསྡུས་ཡོད་པས། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་བརྟེན་གཞི་དང་། མཉམ་དུ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རིག་གནས་ཀྱི་དགོངས་པ་དང་རིན་ཐང་གི་ལྟ་བ་ཡིན་པ་དང་། མི་རིགས་ཀྱི་ལ་རྒྱ་དང་གདེང་ཚོད་དང་སྤོབས་པ་སྐྱེད་པ་དང་། མི་རིགས་ཡོངས་ཀྱི་སྤྱི་མཐུན་གྱི་བསམ་པའི་ངེས་ཤེས་དང་སྤྱི་མཐུན་གྱི་རིན་ཐང་དོན་གཉེར་གྱི་བསམ་བློའི་སྦྲེལ་ཐག་ཡིན་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྐྱེད་པ་དང་། མི་རིགས་ཁག་ཐུན་མོང་གི་བསམ་པའི་ཁྱིམ་གཞི་སྐྲུན་པའི་གདུང་འདེགས་གལ་ཆེན་ཡིན།

རིག་གནས་ཀྱི་ཁས་ལེན་ཆེ་རུ་སྐྱེད་པ་དང་བསམ་བློའི་ངོས་འཛིན་གོང་བུར་སྒྲིལ་ན་ངེས་པར་དུ་མི་རིགས་ཁག་གི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས། ཀྲུང་ཧྭའི་ཤེས་རིག་ནི་མི་རིགས་ཁག་གིས་ཐུན་མོང་དུ་བསྐྲུན་པ་ཞིག་ཡིན་པ་དང་། ཕུན་ཚོགས་དང་། སྣ་མང་། འདྲ་མཉམ། ཁོང་ཡངས་བཅས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ཆོས་ཡིན་ལ། ཀྲུང་ཧྭའི་རིག་གནས་རྒྱུན་མ་ཆད་པར་དར་ཞིང་རྒྱས་པའི་སྐྱེ་སྟོབས་གནས་ས་ཡིན། ཏང་དང་རྒྱལ་ཁབ་ཀྱིས་ཐོག་མ་ཉིད་ནས་རིག་གནས་ཀྱི་སྣ་མང་རང་བཞིན་ལ་དོ་སྣང་ཚད་མཐོན་པོ་བྱེད་ཀྱི་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་གོང་འཕེལ་ལ་སྐུལ་འདེད་གཏོང་གི་ཡོད། ལར་ཤེས་དགོས་པ་ཞིག་ལ། དེང་སྐབས་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་སོགས་ཀྱི་རྐྱེན་དབང་གིས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོབ་དང་དར་རྒྱས་གཏོང་བའི་ཐད་དུ་གནད་དོན་འགའ་ཞིག་གནས་ཡོད་པ་རེད། དཔེར་ན་བསམ་བློའི་སྟེང་དུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་མཐའ་འཁྱོངས་བྱ་རྒྱུ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱ་རྒྱུའི་བར་གྱི་འབྲེལ་བའི་སྐོར་ལ་ངོས་འཛིན་གསལ་པོ་ཞིག་བྱུང་མེད་པ་དང་། མངོན་སུམ་གྱི་ཁྲོད་དུ་མི་རིགས་ས་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ད་དུང་འཐུས་ཚང་བྱུང་མེད་ཅིང་། རིག་གནས་རྒྱུན་འཛིན་བྱེད་པའི་ཁྲོད་དུ་བཟང་ངན་སྦྲགས་འཛིན་བྱེད་པ་ལ་སོགས་ལྟ་བུ་རེད། དེ་དག་རྒྱུན་འབྱམས་སུ་སོང་ན་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་གནོད་རྐྱེན་བཟོ་བ་དང་། དེ་ནས་ཀྱང་ཀྲུང་ཧྭའི་རིག་གནས་ཀྱི་གོང་བུར་སྒྲིལ་ཤུགས་དང་། ནང་དུ་ཕྱོགས་ཤུགས། གསར་སྐྲུན་བྱེད་ཤུགས་བཅས་ཉམས་དམས་སུ་གཏོང་གི་རེད། དེར་བརྟེན། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་ལ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་མཐའ་འཁྱོངས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་གསར་གཏོད་མཉམ་འདྲེས་ཀྱི་ལས་དོན་ཡག་པོར་འཛིན་དགོས།

གཉིས། མི་རིགས་ཁག་གི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ནོར་འཁྲུལ་གྱི་ཕྱོགས་ལྷུང་གཉིས་ཁྱད་གསོད་བྱེད་རྒྱུ་སྟངས་འཛིན་ཡང་དག་པ་བྱེད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཆེད་ཏང་དང་རྒྱལ་ཁབ་ཀྱིས་སྲིད་ཇུས་རབ་དང་རིམ་པ་ཞིག་བཏོན་ཡོད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་སྐྱེད་མོས་ཚལ་དུ་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་བའི་དཔལ་ཡོན་ཤར་ཡོད་པ་རེད། མུ་མཐུད་དུ་ཀྲུང་ཧྭའི་རིག་གནས་གྲ་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་ནོར་འཁྲུལ་གྱི་ཕྱོགས་ལྷུང་གཉིས་ཁྱད་གསོད་བྱེད་དགོས་པ་རེད།

ཁྱད་གསོད་བྱེད་དགོས་པའི་ནོར་འཁྲུལ་གྱི་ཕྱོགས་དང་པོ་ནི་“རྒྱའི་རིག་གནས་ཁོ་ན་ཉིད་ཀྲུང་ཧྭའི་རིག་གནས་ལ་འཛིན་པ་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་བཏང་སྙོམས་སུ་འཇོག་པ་”དེ་ཡིན། རིག་གནས་མཉམ་འདྲེས་འབྱུང་བ་ནི་ཀྲུང་ཧྭའི་རིག་གནས་བྱུང་འཕེལ་གྱི་ཐོག་མཐའ་ཀུན་ཏུ་བསྟར་ལ་བརྒྱུས་ཡོད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ་མི་རིགས་ཚང་མས་ཆེ་ཆུང་ལ་མ་བལྟོས་པར་ཀྲུང་ཧྭའི་རིག་གནས་བྱུང་འཕེལ་ལ་ཁྱད་འཕགས་ཀྱི་བྱས་རྗེས་བཞག་ཡོད་པ་རེད། གྲངས་ཉུང་མི་རིགས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་པི་ཝང་དང་རྐུབ་བཀྱག་སོགས་དངོས་པོའི་གྲུབ་འབྲས་དང་གྲོ་ཕྱེ་འཐག་པ་སོགས་ཐོན་སྐྱེད་ལག་རྩལ་བསྐྱེད་ཡོད་པར་མ་ཟད། ད་དུང་ཀྲུང་ཡོན་མི་དམངས་ལ་བརྩོན་འགྲུས་ལྷུར་ལེན་གྱི་གསར་འབྱེད་འདུ་ཤེས་དང་ཁོང་ཡངས་ཀུན་ལེན་གྱི་རིག་གནས་བསམ་རྒྱ་ཡང་སྣོན་པ་བརྒྱབ་ཡོད་པ་རེད། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་《མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་དཀར་ཆག》ཏུ་བཀོད་པའི་རྣམ་གྲངས་ནང་དུ་གྲངས་ཉུང་མི་རིགས་ཀྱི་རྣམ་གྲངས་ཀྱིས་1/3ཟིན་ཡོད། ཐོག་མ་ཉིད་ནས་མི་རིགས་ཁག་གི་རིག་གནས་སྐུལ་རེས་སྤེལ་རེས་དང་གཅིག་ལ་གཅིག་འདྲེས་བྱུང་ནས་ཀྲུང་ཧྭའི་རིག་གནས་ཀྱི་གོ་དོན་ཟབ་རྒྱས་སུ་བཏང་ཡོད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་སྟོབས་ཤུགས་ཆེ་རུ་བསྐྱེད་ཡོད་ལ། ཀྲུང་ཧྭའི་རིག་གནས་ནི་མི་རིགས་ཁག་གི་རིག་གནས་ཀྱི་ཕྱོགས་བསྡུས་ཆེན་མོ་ཡིན།

ཁྱད་གསོད་བྱེད་དགོས་པའི་ནོར་འཁྲུལ་གྱི་ཕྱོགས་གཉིས་པ་ནི་“མི་རིགས་རང་གི་རིག་གནས་དེ་ཀྲུང་ཧྭའི་རིག་གནས་ཀྱི་ཁོངས་ནས་ཟུར་དུ་འདོན་པ་དང་། ཀྲུང་ཧྭའི་རིག་གནས་ཁས་ལེན་མི་བྱེད་པ་”དེ་ཡིན། སྣེ་མང་གཞི་གཅིག་ནི་ཀྲུང་ཧྭའི་རིག་གནས་ཀྱི་ནང་གནས་ཀྱི་ཁྱད་ཆོས་ཡིན། ལོ་ངོ་སྟོང་ཕྲག་གི་རིང་ལ་ཀྲུང་ཧྭའི་རིག་གནས་ཉིད་བར་ཆད་རིམ་བྱུང་ལས་མ་ཉམས་གོང་འཕེལ་བྱུང་བ་དང་། ཀྲུང་ཧྭའི་རིག་གནས་ཉིད་འཛམ་གླིང་ལོ་རྒྱུས་སྟེང་གི་དར་རྒྱུན་ཆད་མ་མྱོང་བའི་རླབས་ཆེན་གྱི་ཤེས་རིག་ཁོ་ན་ཉིད་ཆགས་པའི་རྒྱུ་མཚན་ནི། སྣེ་མང་གཞི་གཅིག་གི་ཀྲུང་ཧྭའི་རིག་གནས་ལ་མང་ལེན་ཀུན་འདུའི་ཁོང་ཡངས་རང་བཞིན་དང་འགྲན་ཟླ་མེད་པའི་གོང་བུར་འདྲིལ་ཤུགས་ལྡན་ཡོད་པས་རེད། རྡོ་ཆས་དུས་སྐབས་གསར་པ་ནས་བཟུང་སྟེ་ཀྲུང་ཧྭའི་རིག་གནས་ཉིད་ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་དུ་སྣེ་མང་ཅན་དང་ས་ཁོངས་ཅན་དུ་དར་ནས། སྤེལ་རེས་སྐུལ་རེས་དང་གཅིག་ལ་གཅིག་སིམ་གྱི་དར་སོ་བྱུང་ཡོད་པ་རེད། རིག་གནས་ཀྱི་སྤེལ་རེས་ཉིན་བཞིན་ཇེ་མང་དུ་ཕྱིན་པ་དང་སྦྲགས་ནས་གྲངས་ཉུང་མི་རིགས་ལ་རྒྱའི་རིག་གནས་ཀྱི་བག་ཆགས་ཆེན་པོ་བཞག་ཡོད་པ་དང་། ཐང་རྒྱལ་རབས་སྐབས་ཀྱི་ཧོར་གྱི་སྙན་ངག་པ་ཁན་མན་ཨེར་བྱ་བས་“རྒྱ་ནག་དགེ་རྒན་གནའ་ནས་དར་”ཞེས་མཛད་པ་དང་། མི་རིགས་གཞན་དག་ལ་ནི་གནས་སྐབས་ཤིག་“ཧོར་ཆས་སྤྲས་ནས་ཧོར་རྟ་ཞོན་”ཞེས་པ་དར་སྲོལ་ཆགས་པ་དེ་ལྟ་བུའི་ཆུ་དང་ཉ་མོའི་འབྲེལ་བ་ཡོད་པས། མི་རིགས་ཁག་གིས་ཀྱང་རང་ཉིད་ཀྲུང་ཧྭའི་རིག་གནས་ཁོངས་ནས་ཁ་ཕྲལ་གཏོང་ཐབས་མེད་པར་གྱུར་པ་རེད།

སྣེ་མང་གཞི་གཅིག་གི་གནས་སྟངས་ནང་དུ་མི་རིགས་56པོའི་རིག་གནས་ཕན་ཚུན་ཡི་རང་དང་། ཕན་ཚུན་དཔེ་ལྟ། ཕན་ཚུན་རྒྱབ་རྟེན་བཅས་བྱུང་ནས་མི་རིགས་རིག་གནས་ཀྱི་རྣམ་པར་བཀྲ་བ་དང་ཀྲུང་ཧྭའི་རིག་གནས་ཀྱི་འཆམ་མཐུན་གཅིག་གྱུར་གྲུབ་ཡོད་པ་རེད། མི་རིགས་རིག་གནས་ལ་རང་ཆོས་ལྡན་པར་མ་ཟད་ཀྲུང་ཧྭའི་རིག་གནས་ཀྱི་སྤྱི་ཆོས་ཀྱང་ལྡན་ཡོད་པ་དང་། སྤྱི་ཆོས་ཀྱིས་ཀྲུང་ཧྭའི་རིག་གནས་ཀྱི་མེ་ཏོག་སྣ་བརྒྱ་བཞད་པའི་སྐྱེད་མོས་ཚལ་ལ་མཛེས་རྒྱན་སྤྲས་ཡོད་པ་རེད།

གསུམ། མི་རིགས་ཁག་གི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཁྲོད་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་དགོས།

རིག་གནས་ཀྱི་ཁས་ལེན་ཆེ་རུ་བཏང་ནས་མི་རིགས་ཁག་ཐུན་མོང་གི་བསམ་པའི་ཁྱིམ་གཞི་སྐྲུན་པ་དང་། ཧུར་བརྩོན་གྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྐྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱག་པའི་ཕུགས་རྒྱང་དང་རྩ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་པོར་བསྟན་དོན། མི་རིགས་ཁག་ཐུན་མོང་གི་བསམ་པའི་ཁྱིམ་གཞི་བསྐྲུན་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་ལ་བརྩིས་ཏེ་འཛིན་དགོས་པ་དང་། ཕྱོགས་མཚུངས་སུ་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་སྲུང་སྐྱོབ་བྱེད་དགོས་ལ། གསར་གཏོད་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས།

མི་རིགས་ཁག་གི་མང་ཚོགས་ཀྱིས་རིག་གནས་ཀྱི་སྟེང་དུ་ཕན་ཚུན་ཡི་རང་དང་ཕན་ཚུན་སློབ་སྦྱོང་བྱས་ཏེ། སྙིང་ཉེ་བའི་བསམ་ཚོར་དང་ཁས་ལེན་པའི་བསམ་ཚོར་ཆེ་རུ་གཏོང་དགོས། མི་རིགས་ཁག་གི་རིག་གནས་ནི་སོ་སོ་ལ་སོ་སོའི་རང་ཆོས་དོད་ཅིང་སོ་སོ་ལ་སོ་སོའི་དགེ་མཚན་ལྡན་པ་ཞིག་ཡིན། དཔེར་ན། མི་རིགས་ལ་ལར་རང་ཉིད་ཀྱི་སྐད་ཡིག་ཡོད་པ་དང་། མི་རིགས་འགའ་ཞིག་ལ་དམིགས་བསལ་ཅན་གྱི་བཟའ་བཏུང་གི་གོམས་གཤིས་ལྡན་ཡོད་ལ། མེས་པོའི་དྲན་པ་དང་འཚོ་བའི་གོམས་སྲོལ་དང་དམངས་ཁྲོད་ཀྱི་དད་མོས་བཅས་ཀྱི་ཕྱོགས་སུ་ཡང་ཁྱད་པར་ལྡན་ཡོད་པ་འདི་ནི་ལོ་རྒྱུས་ཀྱི་བྱུང་འབྲས་ཡིན། དེ་དང་ལྷན་དུ་ཤེས་དགོས་པ་ནི། མི་རིགས་ཁག་ཚང་མར་མཐུན་སྒྲིལ་མཛའ་གཅུག་དང་། དགེ་སེམས་ཆེ་བ། རང་སྟོབས་རང་སྤེལ་བཅས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་ལྡན་ཡོད་པ་དང་། ལས་ལ་བརྩོན་ཞིང་བབ་ཆགས་པ་དང་། འདྲ་མཉམ་ངང་འགྲོགས་ཤིང་གཤིབ་པ། ཁ་དན་ཚིག་ལ་གནས་པ་བཅས་ཀྱི་ཕུལ་བྱུང་ངང་རྒྱུད་ལྡན་ཡོད་པ་རེད། མི་རིགས་རིག་གནས་མི་གཅིག་པའི་བར་གྱི་ཁྱད་པར་ལ་ལྟ་སྟངས་ཡང་དག་པ་འཛིན་དགོས་པ་དང་། བློ་དཀྱེལ་ཆེན་པོ་དང་ཁོང་ཡངས་བཟོད་སྒོམ་གྱི་རྣམ་འགྱུར་བཟུང་ནས་མི་རིགས་ཁག་གི་རིག་གནས་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིའི་ནང་དུ་སྤེལ་རེས་དང་གཅིག་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཤུགས་བརྒྱབ་ནས་སྐྱེད་གསོ་བྱེད་དགོས།

གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཟུང་ལྡན་དུ་འཛིན་དགོས། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་ན་ངེས་པར་དུ་སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་དང་ཚོང་གཉེར་རང་བཞིན་གྱི་རིག་གནས་ཐོན་ལས་ཀྱི་འཁོར་ལོ་ཟུང་གིས་སྐྱོད་དགོས་ཤིང་གཤོག་པ་ཟུང་གིས་འཕུར་དགོས། ལྷག་པར་དུ་མཐའ་མཚམས་མི་རིགས་ས་ཁུལ་དུ་ནི་དེ་བས་ཀྱང་སྤྱི་པའི་རིག་གནས་ཀྱི་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་གཞི་གཅིག་ཅན་དུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་མ་ལག་འཛུགས་སྐྲུན་བྱེད་ཅིང་། “སྐད་གཉིས་སློབ་གསོ་”སྐུལ་སྤེལ་གཏོང་བ་བཅས་ཀྱིས་མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ཞེས་པའི་ཁྱིམ་ཚང་ཆེན་པོ་འདིའི་ནང་དུ་ཐགས་ཐོགས་མེད་པར་བརྗེ་རེས་དང་སྤེལ་རེས་བྱེད་ཐུབ་རྒྱུ་ཁག་ཐེག་བྱེད་དགོས། རིག་གནས་ཐོན་ལས་ཉིད་གདུང་འདེགས་ཐོན་ལས་སུ་སྐུལ་འདེད་བྱས་ཏེ། ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་དང་། ས་ཁོངས་ཀྱི་ཁྱད་ཆོས་གཙིགས་འཛིན། འཛད་སྤྱོད་ཀྱི་ཚོང་ར་གསོ་སྤེལ་བཅས་བྱས་ཏེ། ཆབ་སྲིད་དང་དཔལ་འབྱོར་དང་སྤྱི་ཚོགས་བཅས་ཀྱི་ཕན་འབྲས་ཧུར་ཐག་གིས་གཅིག་གྱུར་ཡོང་བར་བྱེད་དགོས། མི་གྲངས་ཅུང་ཉུང་བའི་མི་རིགས་ལ་ཆ་མཚོན་ན། མི་རིགས་རིག་གནས་ཐོན་ལས་གོང་སྤེལ་གཏོང་དུས་སླ་བཅོས་ཀྱི་སྒོ་ནས་ཚོང་རའི་ནང་དུ་འབུད་རྒྱག་འདེད་མི་ཉན་པར་སྲིད་གཞུང་གིས་རོགས་སྐྱོར་བྱེད་དགོས་རིགས་ལ་ནི་ངེས་པར་དུ་རོགས་སྐྱོར་དོན་ལ་གནས་པ་བྱེད་དགོས།

མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་ཡོང་བར་བྱེད་དགོས། སྤང་བླང་སྒོས་རྒྱུན་འཛིན་དང་སྤོ་སྒྱུར་གསར་གཏོད་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིག་གནས་གོང་འཕེལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ་བཟང་ལེན་ངན་སྤང་བྱེད་དགོས་པ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱས་ཏེ། གནའ་བཟང་དེང་སྤྱོད་དང་ཁུངས་ལུང་འཛིན་ཞིང་སྲོལ་གསར་འབྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལམ་སྟོན་དུ་བཟུང་ནས། ལུས་ངག་ཡིད་གསུམ་ལས་རྒྱུད་ཐུབ་པའི་མི་རིགས་ཀྱི་རིག་གནས་དང་མི་རིགས་ཀྱི་སྙིང་སྟོབས་སྐྱེད་གསོ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁས་ལེན་སེམས་དང་ནང་ལ་ཐེ་སེམས་ཆེ་རུ་གཏོང་དགོས་པ་དང་། སྲོལ་རྒྱུན་རིག་གནས་ཀྱི་སྙིང་པོ་བཅུད་དུ་བླངས་ནས་རྣམ་པ་སྣ་མང་ཡིན་པ་དང་། ནང་དོན་ཕུན་སུམ་ཚོགས་པ། མཆོག་དམན་ཀུན་ལ་འཕྲོད་པ་བཅས་ཀྱི་རིག་གནས་སྒྱུ་རྩལ་གྱི་མཛད་ཆོས་ཐོན་སྐྱེད་བྱེད་དགོས་ཤིང་། མི་རིགས་རིག་གནས་ཀྱི་རྒྱུན་འཛིན་པའི་དཔུང་སྡེ་གསོ་སྐྱོང་དང་། རང་ས་རང་ཡུལ་གྱི་ཤེས་ལྡན་མི་སྣ་ཤུགས་བརྒྱབ་ནས་གསོ་སྐྱོང་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཉིད་དུས་ད་ལྟ་བར་གནས་ཤིང་དེང་རབས་ལ་ཞབས་འདེགས་ཞུ་ཐུབ་པར་བྱེད་དགོས་ལ། “བློ་སེམས་གཅིག་བསྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་སྒྲུབ་བྱེད་པ་”ལ་སྣེ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་གསོ་བཅུད་མཁོ་སྤྲོད་བྱེད་དགོས།

(རྩོམ་པ་པོ་ནི་རྒྱལ་ཁབ་མི་རིགས་ལས་ཨུའི་ཀྲུའུ་རེན་གཞོན་པ་ཡིན།)

རྟ་རྡོས་བསྒྱུར།