ཏང་གི་གསར་འགྱུར་ལས་ཀའི་ཕུལ་བྱུང་སྲོལ་རྒྱུན་མི་རབས་ནས་མི་རབས་སུ་རྒྱུད་དགོས།

ལི་ཏུང་ཏུང་།

ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀ་ནི་རྒྱལ་སྲིད་སྐྱོང་བ་དང་རྒྱལ་ཁབ་བདེ་ལ་འགོད་པའི་དོན་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་ནན་དུ་བསྟན་དོན། “ཡང་དག་པའི་གླེང་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།  སྒྲོག་སྤེལ་བྱེད་སྟངས་འཛུགས་སྐྱོང་དང་གསར་གཏོད་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། གསར་འགྱུར་དང་གླེང་ཕྱོགས་ཀྱི་སྒྲོག་སྤེལ་བྱེད་ནུས་དང་། ཁྲིད་སྟོན་བྱེད་ནུས། ཤུགས་རྐྱེན་བཟོ་ནུས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་ཇེ་ཆེར་གཏོང་དགོས།” གལ་ཆེའི་རྣམ་བཤད་འདིས་དུས་རབས་གསར་པ་དང་འཐབ་ལམ་གསར་པར་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀ་ཡག་པོར་སྒྲུབ་པར་བླང་བྱ་གསལ་པོ་བཏོན་ཡོད་པ་དང་། བསྲུང་བྱ་གལ་ཆེན་པོ་འདོན་སྤྲོད་བྱས་ཡོད་ཅིང་། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད།

ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀ་ཉིད་ཐོག་མཐའ་བར་གསུམ་དུ་ཏང་གི་བྱ་གཞག་གི་གོང་འཕེལ་དང་མཉམ་དུ་འགྲོགས་ཡོད།

ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀ་ལ་མཐོང་ཆེན་བྱེད་པ་ནི་ང་ཚོའི་ཏང་གི་ཕུལ་བྱུང་སྲོལ་རྒྱུན་ཡིན་པ་དང་། གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་གསུམ་ལ་བསྟུད་མར་རྒྱལ་ཁ་ཐོབ་པའི་ཐབས་མཆོག་ཀྱང་ཡིན། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གིས་ཐོག་མ་ཉིད་ནས་གསར་འགྱུར་གླེང་ཕྱོགས་ལས་ཀ་ཉིད་གསར་བརྗེའི་འཐབ་རྩོད་ཀྱི་གོ་ཆ་དྲག་པོ་ཞིག་ལ་འཛིན་པ་དང་། ཚགས་པར་དང་དུས་དེབ་ཉིད་འབྱོར་མེད་གྲལ་རིམ་གྱི་འཐབ་འཛིང་གོ་ཆ་ལ་རྩིས་ཤིང་། ཏང་གི་ཚགས་པར་དང་དུས་དེབ་ནི་ཏང་གི་དར་ཆ་ཡིན་ལ་ཏང་ཡོངས་ཀྱི་བསམ་བློའི་ལྟེ་གནས་ཡིན་པ་གཙིགས་སུ་འཛིན་པ་དང་། གསར་འགྱུར་ལས་ཀའི་ཏང་གཤིས་ཀྱི་རྩ་དོན་བཏོན་ཡོད་པ་རེད། ང་ཚོའི་ཏང་གིས་རང་ཉིད་དབུ་བརྙེས་མ་ཐག་པའི་དུས་ནས་གསར་འགྱུར་སྨྱན་སྦྱོར་སྤྱད་དེ་བདེན་ལུགས་སྒྲོག་སྤེལ་དང་། མང་ཚོགས་སྒྲིག་འཛུགས། ལས་ཀ་སྐུལ་འདེད་བཅས་བྱེད་པར་མཐོང་ཆེན་བྱས་ཤིང་བྱེད་བཞིན་ཡོད། དེའི་རྩ་བའི་རྒྱུ་མཚན་ནི་བློ་མཐུན་མའོ་ཙེ་ཏུང་གིས་གསུངས་པ་ནང་བཞིན་ཏེ། “ཐོག་མར་གླེང་ཕྱོགས་སྤེལ་ནས་སྲིད་དབང་འཕྲོག་དགོས་པ་དང་། དེ་ནས་དབང་བའི་ལམ་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཤིང་། དེ་ནས་ཀྱང་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ཆེན་པོ་གཏོང་དགོས་པ་དེ་ནི་ཆོས་ཉིད་སྤྱིར་བཏང་བ་ཡིན།”

གསར་བརྗེའི་དམག་འཁྲུག་གི་དུས་སྐབས་སུ། ང་ཚོའི་ཏང་གིས་གསར་འགྱུར་གླེང་ཕྱོགས་ལས་ཀའི་གལ་འགངས་ཆེ་ཚུལ་ལ་ངོས་ཟིན་ཟབ་མོ་ཐོབ་ཡོད། སྔོན་1922ལོར། ཏང་གི་གཞུང་ཕྱོགས་ཚགས་པར་དང་པོ་《ཕྱོགས་སྟོན》གཟའ་རེའི་ཚགས་པར་གསར་གཏོད་བྱས་པ་དེས་ཏང་གི་གསར་འགྱུར་བྱ་གཞག་གི་སྒོ་མོ་ཕྱེ་བ་རེད། 1938ལོར། ཀྲུང་གོའི་གུང་ཁྲན་ཏང་གི་འབྲི་ཆུ་ཅུས་ཀྱིས་འགོ་ཁྲིད་བྱས་པའི་《ཞིན་ཧྭ་ཉིན་རེའི་ཚགས་པར》ཧུའུ་ཧན་དུ་གསར་གཏོད་བྱས། དེ་ཡང་ཚགས་པར་དང་དུས་དེབ་དེ་དག་དྲིལ་བསྒྲགས་ཀྱི་གོ་ཆ་བྱས་ཏེ་ང་ཚོས་ཏང་ཀྲུང་དབྱང་གི་སྐད་ཆ་སྒྲོག་སྤེལ་ནུས་ལྡན་བྱས་པ་དང་། གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གི་མ་རུང་སྤྱོད་པ་སུན་འབྱིན་བྱས་ཏེ། “དུང་བརྡ་སྐད་གསང་མཐོ་བ། ། གཡུལ་ས་སྲ་ཞིང་བརྟན་པ། །དར་ཆ་གསལ་ཞིང་བཀྲ་བ། །གླེང་ཕྱོགས་མགྲིན་པའི་རང་སྒྲ། །”ཞེས་པ་ཆགས་པ་རེད། སྒྱུར་བཅོས་སྒོ་འབྱེད་ཀྱི་དུས་རབས་གསར་པར་སླེབས་པ་ནས་བཟུང་། བློ་མཐུན་ཏེང་ཞའོ་ཕིན་གྱིས་“ང་རང་ཚོའི་ཏང་གི་དུས་དེབ་དང་ཚགས་པར་དག་རྒྱལ་ཡོངས་ལྷིང་འཇགས་མཐུན་སྒྲིལ་ཡོང་བའི་བསམ་བློའི་སྟེང་གི་ལྟེ་གནས་ཆགས་པར་བྱེད་དགོས་”ཞེས་ནན་དུ་གསུངས་པ་དང་། དེ་བཞིན་ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་གྲས་ནས་བདེན་ལུགས་ཀྱི་ཚད་གཞིའི་གནད་དོན་སྐོར་གྱི་བགྲོ་གླེང་ཆེན་པོ་སྤེལ་བར་རྒྱབ་སྐྱོར་དང་སྐུལ་འདེད་མཛད་དེ། སྒྱུར་བཅོས་སྒོ་འབྱེད་བྱེད་པར་བསམ་བློའི་སྐུལ་སློང་བྱས་པ་རེད། བློ་མཐུན་ཅང་ཙི་རྨིན་གྱིས་བསྟན་དོན། “ཏང་གི་གསར་འགྱུར་བྱ་གཞག་ནི་ཏང་དང་བདེ་སྡུག་མཉམ་མྱོང་ཡིན་ལ། ཏང་གི་ཚེ་སྲོག་གི་ཆ་ཤས་ཤིག་ཡིན།” བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཀྱང་བསྟན་དོན། “གསར་འགྱུར་གླེང་ཕྱོགས་ནི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གཡུལ་མདུན་དུ་གནས་ཡོད་པ་དང་། མི་རྣམས་ཀྱི་བསམ་བློའི་འཚོ་བ་དང་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ལ་ཤུགས་རྐྱེན་ཆེན་པོ་ལྡན་ཡོད་པ་རེད།”

དུས་རབས་གསར་པར་དར་སྲོལ་གསར་པ་དང་དོན་གཉེར་གསར་པ་ཡོད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་ཅེས་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཞག་པའི་ཆབ་སྲིད་ཀྱི་སྡོམ་ཚིག་གནད་ཆེན་ཞིག་ཡིན་པ་དང་། དེ་དང་མཉམ་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཐད་ལ་བླང་བྱ་གསར་པ་མང་པོ་ཞིག་བཏོན་ཡོད་པ་རེད། ཏང་གིས་མི་དམངས་སྣེ་ཁྲིད་བྱས་ཏེ་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་དང་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་སྐུལ་འདེད་ནུས་ལྡན་བྱེད་པ་དང་། མི་དམངས་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། འཐབ་ལམ་གསར་པ་འབྱེད་ཅིང་ལེ་ཚན་གསར་པ་རྩོམ་པ་ལ། ངེས་པར་དུ་གསར་འགྱུར་གླེང་ཕྱོགས་སྤྱད་དེ་མི་དམངས་ཀྱི་བསམ་བློ་སྣེ་ཁྲིད་ཡག་པོ་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་སྣེ་ཁྲིད་ཡག་པོ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་མཐུན་སྒྲིལ་འབད་འབུངས་བྱེད་པའི་དྲང་ནུས་དྲག་པོ་སྐུལ་སློང་བྱེད་དགོས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་ཀྱི་འཕེལ་འགྲོས་ལ་ཐུགས་མངའ་མཛད་དེ་ལོ་རྒྱུས་ཀྱི་བླང་བྱ་གསར་པར་དམིགས་ནས་ཡུལ་མི་འདྲ་བར་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་སྐོར་རྒྱས་བཤད་ཟབ་མོ་གནང་བ་དང་། ཁྱད་པར་དུ་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་གྲོས་ཚོགས་གཙོ་སྐྱོང་གིས་སྐོང་འཚོགས་བྱས་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་གོ་གནས་དང་ནུས་པ་དང་། བྱེད་ཕྱོགས་དང་རྩ་དོན། ལས་འགན་དང་བླང་བྱ། རྩ་བའི་འགན་ལེན་བཅས་ཆ་ཚང་ལ་མ་ལག་ལྡན་པར་རྒྱས་བཤད་གནང་བ་དང་། གསར་གཏོད་ཀྱི་སྒོ་ནས་གཞུང་ལུགས་ཀྱི་ལྟ་བ་རབ་དང་རིམ་པ་ཞིག་དང་། ལས་ཀའི་བཀོད་སྒྲིག་རབ་དང་རིམ་པ་ཞིག་བཏོན་གནང་བས། རྟ་དབྱངས་གཙོ་བོ་སྔར་བས་གསང་བོར་གྲགས་པ་དང་དྲང་ནུས་སྔར་བས་ཤུགས་ཆེ་རུ་སོང་ནས་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་བྱ་གཞག་གི་ལེ་ཚན་གསར་པ་བརྩམས་ཡོད་པ་རེད།

མདོར་ན་མེ་ལྕེ་དྲག་ཏུ་འཁྲིགས་པའི་གསར་བརྗེའི་དུས་སྐབས་དང་སྤྲོ་བ་རབ་ཏུ་རྒྱས་པའི་འཛུགས་སྐྲུན་གྱི་དུས་སྐབས་ཡིན་ཡང་འདྲ་ལ། བརྗིད་རླབས་ཤིན་ཏུ་ཆེ་བའི་སྒྱུར་བཅོས་སྒོ་འབྱེད་ཀྱི་དུས་སྐབས་ཡིན་ན་ཡང་འདྲ་བ་དང་། མདའ་དང་མདེའུ་ཆར་པ་འབབ་འབབ་ཀྱི་གཡུལ་ས་དང་དྲག་དཀའ་ཉེན་ལྗིད་བཞི་ལྡན་གྱི་ལས་ཡུལ་ཡིན་ན་ཡང་འདྲ་ལ། སྒྱུར་བཅོས་སྒོ་འབྱེད་ཀྱི་མདུན་ས་ཡིན་ན་ཡང་འདྲ་བར་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀ་བ་ཚང་མས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་འདོད་ཕྱོགས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། མི་དམངས་ཀྱི་འབོད་སྒྲ་ཟབ་མོར་མཚོན་པས། “བཟོ་ཞིང་ཁྲི་སྟོང་མང་པོ་སྐུལ་སློང་བྱས་ཏེ་ལས་ལ་མཉམ་བརྩོན་བྱེད་པའི་”སྟོབས་ཤུགས་ཆེན་པོ་ཆགས་ནས། ཀྲུང་གོའི་གསར་འགྱུར་དོན་གཉེར་ཅན་གྱི་དམར་པོའི་གཞི་རྒྱུ་བསྐྲུན་ཡོད་པ་རེད།

ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་འཛིན་རྒྱུ་ནི་བླང་བྱ་ཨང་དང་པོ་དེ་ཡིན།

མིག་སྔར། གསར་འགྱུར་སྒྲོག་སྤེལ་ཁྱབ་ཁོངས་ལ་འཕོ་འགྱུར་ཟབ་མོ་འཕྲད་ཡོད་པ་དང་། གསར་དར་སྨྱན་སྦྱོར་གོང་འཕེལ་བྱུང་བ་དེས་གསར་འགྱུར་སྒྲོག་སྤེལ་དང་གསར་འགྱུར་ཐོན་སྐྱེད་བྱེད་སྟངས་འགྱུར་ལྡོག་ཆེས་ཆེར་བཏང་ཡོད་པ་དང་། སྨྱན་སྦྱོར་གྱི་གནས་སྟངས་དང་གླེང་ཕྱོགས་ཀྱི་སྐྱེ་ཁམས་འགྱུར་ལྡོག་ཟབ་མོ་གཏོང་བཞིན་ཡོད། འོན་ཀྱང་ཏང་གིས་སྨྱན་སྦྱོར་ལ་བདག་པོ་བྱེད་པའི་རྩ་དོན་དང་ལམ་ལུགས་འགྱུར་ལྡོག་བྱུང་མེད་ལ་འབྱུང་ཡང་ཉན་གྱི་མ་རེད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་དུ་གསུངས་པའི་“ཡིག་འབྲུ་18”ཀྱི་འགན་འཁུར་དང་འགན་འཁྲི་ཕྲག་ཏུ་ཉེ་བར་བླངས་ནས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་བརྟན་པོར་འཛིན་དགོས་པ་དང་། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་རང་དབང་བརྟན་པོར་ཟིན་དགོས།

ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས། ཏང་གཤིས་ཀྱི་རྩ་དོན་ནི་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་རྩ་བའི་རྩ་དོན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་དུ་བསྟན་དོན། “ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པའི་ཆེས་རྩ་བར་གྱུར་པ་ནི་ཏང་གིས་གསར་འགྱུར་གླེང་ཕྱོགས་ལས་ཀར་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དེ་ཡིན། ཏང་དང་སྲིད་གཞུང་གིས་གཙོ་སྒྲུབ་བྱེད་པའི་སྨྱན་སྦྱོར་ནི་ཏང་དང་སྲིད་གཞུང་གི་དྲིལ་བསྒྲགས་གཡུལ་ས་ཡིན་པས། ངེས་པར་དུ་མིང་ཏང་ཡིན་དགོས་པ་དང་། ངེས་པར་དུ་ཏང་གི་ལག་ཏུ་འཛིན་དགོས་ཤིང་། ངེས་པར་དུ་ཏང་དང་མི་དམངས་ཀྱི་མགྲིན་ཚབ་ཡིན་དགོས།” ང་ཚོས་ངེས་པར་དུ་ཏང་གཤིས་ཀྱི་རྩ་དོན་ཞེས་པའི་རྩ་བའི་རྩ་དོན་འདི་གཡོ་མེད་མཐའ་འཁྱོངས་བྱས་ཏེ། གསར་འགྱུར་གླེང་ཕྱོགས་ཀྱི་གཡུལ་ས་གང་དུ་ཡོད་ན་ཏང་གིས་སྨྱན་སྦྱོར་ལ་འགོ་ཁྲིད་བྱེད་དགོས་པའི་རྩ་དོན་དེ་རུ་དོན་འཁྱོལ་བྱེད་དགོས། ཚགས་པར་དུས་དེབ་དང་། གསར་འགྱུར་ཁང་། རླུང་འཕྲིན་ལས་ཁུངས། བརྙན་འཕྲིན་ཁང་། གསར་འགྱུར་དྲ་ཚིགས་བཅས་ཀྱི་ལས་ཀ་ཡོད་ཚད་ཀྱིས་ཏང་གི་འདོད་བློ་མཚོན་དགོས་པ་དང་ཏང་གི་མཐུན་སྒྲིལ་སྲུང་སྐྱོང་བྱེད་དགོས་ལ། ཏང་ལ་དགའ་ཞེན་དང་། ཏང་སྲུང་སྐྱོབ། ཏང་ལ་བྱ་བ་སྒྲུབ་པ་བཅས་བྱེད་ཐུབ་དགོས། ཁྱད་པར་དུ་ཤེས་དགོས་པ་ཞིག་ལ། དྲ་སྦྲེལ་རྨང་གཞིར་གྱུར་པའི་སྨྱན་སྦྱོར་གླེང་ཕྱོགས་ཀྱི་ཁོར་ཡུག་གསར་པ་དེ་གླེང་ཕྱོགས་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོ་ཆགས་ཡོད་པ་རེད། ནུབ་ཕྱོགས་ཀྲུང་རྒོལ་སྟོབས་ཤུགས་ཀྱིས་མཐའ་གཅིག་ཏུ་དྲ་སྦྲེལ་བེད་སྤྱོད་བྱས་ཏེ་“ཀྲུང་གོ་མགོ་རྟིང་སློག་རྒྱུའི་”བསམ་ངན་བཅངས་ཏེ། “དྲ་སྦྲེལ་ཡོད་པས་ཀྲུང་གོ་ལ་ཁ་གཏད་གཅོག་ཐབས་རག་ཡོད་”ཅེས་དང་། “སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ནུབ་ཕྱོགས་ཀྱི་པང་དུ་འཛུལ་རྒྱུ་དེ་དྲ་སྦྲེལ་ནས་འགོ་ཚུགས་ཀྱི་རེད་”ཅེས་འུད་སྒྲོག་བྱེད་ཀྱི་ཡོད། ཨ་རིའི་“ཟུར་ཤེལ་”དང་“X-གནད་ཀྱི་ཐོབ་སྐར་”སོགས་ལྟ་སྡོམ་འཆར་གཞི་ལས་བལྟས་ན། ཁོ་ཚོའི་དྲ་ཐོག་གི་བྱེད་སྒོའི་ནུས་སྟོབས་དང་གཞི་ཁྱོན་ནི་སྐྱེ་བོ་རྣམས་ཀྱི་བསམ་ཡུལ་ལས་རིང་དུ་འདས་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་ཡང་ནན་དུ་གསུངས་དོན། “དྲ་སྦྲེལ་གྱི་འགག་ལས་བརྒལ་མ་ཐུབ་ན་དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་འགག་ལས་ཀྱང་བརྒལ་ཐུབ་ཀྱི་མ་རེད།” དྲ་སྦྲེལ་གྱི་གཡུལ་ས་འདིར་ང་ཚོས་གླགས་འཁེལ་མིན་དང་རྒྱལ་ཁ་ལེན་ཐུབ་མིན་ནི་རང་རྒྱལ་གྱི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་སྲིད་དབང་གི་བདེ་འཇགས་ལ་ཐད་ཀར་ཐུག་ཡོད་པ་རེད། དོན་དངོས་ཀྱིས་ང་ཚོར་བླང་བྱ་བཏོན་ཡོད་པར། ངེས་པར་དུ་“འདུ་ཤེས་བཞི་”དང་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་ཤུགས་ཆེ་རུ་བསྐྱེད་དེ། རང་རྟོགས་ཀྱིས་བསམ་བློའི་སྟེང་དང་ཆབ་སྲིད་ཀྱི་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས་པ་དང་། ངེས་པར་དུ་ཏང་གིས་སྨྱན་སྦྱོར་ལ་བདག་པོ་བྱེད་དགོས་པའི་རྩ་དོན་དེ་གསར་འགྱུར་གླེང་ཕྱོགས་ལས་ཀའི་ཕྱོགས་སོ་སོ་དང་ལྷུ་ཚིགས་སོ་སོར་དོན་འཁྱོལ་བྱས་ཏེ། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་རྣམས་ཏང་གི་འགོ་ཁྲིད་འོག་ཏུ་འཛུགས་དགོས།

མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་མཐའ་འཁྱོངས་བྱེད་དགོས། གསར་འགྱུར་ལྟ་བ་ནི་གསར་འགྱུར་གླེང་ཕྱོགས་ལས་ཀའི་བླ་སྲོག་ཡིན།  ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀ་ནས་ངེས་པར་དུ་གཞུང་ཤིང་དྲང་པོར་སྲོང་དགོས། “ཆེ་ཕྱོགས་གཞི་ཚུགས་ན་ཆུང་ཕྱོགས་ཉམས་པ་མེད་”ཅེས་ཟེར་བ་ལྟར། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀ་བ་ལ་ཆ་མཚོན་ན་“ཆེ་ཕྱོགས་”ནི་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་ཡིན། མི་ལ་ལས་ནུབ་ཕྱོགས་ཀྱི་གསར་འགྱུར་ལྟ་བ་སྒྲོག་པ་དང་། ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ནི་“སྤྱི་ཚོགས་ཀྱི་སྤྱི་ཆས་”དང་། “དབང་ཆ་བཞི་པ།” “མིང་བཏགས་མེད་པའི་དབང་པོ་”བཅས་ཡིན་པར་རྗོད་ཅིང་། འོལ་སྤྱི་ཙམ་དང་ལྟོས་མེད་ཀྱི་“གསར་འགྱུར་རང་མོས་”འུད་སྒྲོག་བྱེད་ཀྱི་ཡོད། ཉུང་ཤས་ཤིག་གིས་“གསར་འགྱུར་རང་མོས་”ཀྱི་དར་ཆ་བསྒྲེངས་ནས་གནད་ཆེའི་ཆབ་སྲིད་རྩ་དོན་ཆེད་དམིགས་ཀྱིས་གླེང་བ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་མངོན་སུམ་འཛེམ་མེད་ཀྱིས་རྒོལ་རྡུང་གཏོང་གི་ཡོད། དེ་ལ་ང་ཚོས་ངེས་པར་དུ་རྒོལ་ལན་སློག་དགོས་པ་དང་། རང་རྟོགས་ཀྱིས་ནུབ་ཕྱོགས་ཀྱི་གསར་འགྱུར་ལྟ་བ་སོགས་ལྟ་ཚུལ་ནོར་འཁྲུལ་ཅན་གྱི་ཤན་ཤུགས་བཀག་འགོག་བྱེད་དགོས། སྐབས་འདིར་གལ་ཆེ་བའི་ལས་ཀ་ཞིག་ཡོད་པ་ནི། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་སྐོར་གྱི་སློབ་གསོ་གཏིང་ཟབ་མོར་སྤེལ་ཏེ། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་ཉིད་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་“ཕྱོགས་སྟོན་འཁོར་ལོ་”བྱེད་དགོས་པ་དང་། རྒྱ་ཆེའི་གསར་འགྱུར་གླེང་ཕྱོགས་ལས་ཀ་བ་ཚོ་སྣེ་ཁྲིད་ཀྱིས་ཏང་གི་སྲིད་ཇུས་འདོད་ཕྱོགས་ཀྱི་སྒྲོག་སྤེལ་མཁན་དང་། དུས་རབས་ཡོ་ལང་གི་ཟིན་འགོད་པ། སྤྱི་ཚོགས་ཡར་ཐོན་གྱི་སྐུལ་འདེད་པ། དྲང་བདེན་དྲང་སྙོམ་གྱི་སྲུང་སྐྱོབ་པ་བཅས་བྱེད་དུ་འཇུག་དགོས།

མི་དམངས་ཀྱི་དོན་དུ་གཏམ་བཤད་རྒྱུ་དང་དོན་འབྲི་རྒྱུ་མཐའ་འཁྱོངས་བྱེད་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཏང་གི་རྩ་བའི་དམིགས་འབེན་ཡིན། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀ་བ་ཞིག་ལ་ཆ་མཚོན་ན། མི་དམངས་ཀྱི་དོན་དུ་གཏམ་བཤད་རྒྱུ་དང་དོན་འབྲི་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། མི་དམངས་མང་ཚོགས་གང་དུ་ཡོད་ན་གསར་འགྱུར་གླེང་ཕྱོགས་ཀྱི་གཡུལ་ས་དེ་རུ་ཡོད་པར་བྱེད་དགོས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་མཚོན་བྱེད་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་འགྱུར་ལས་ཀ་བས་མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་ཁྲིད་ཕྱོགས་སྐྱེད་དགོས་པའི་རེ་བ་ཡང་ཡང་བཏོན་ཡོད་པ་དང་། གསར་འགྱུར་ལས་ཀ་བས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་དགོས་ཚུལ་ཡང་ཡང་ནན་གསུང་གནང་ཡོད། གསར་འགྱུར་ལས་ཀ་བས་ལྟེ་གནད་ལ་དམིགས་པ་དང་ཁྱོན་ཆེན་ལ་བསམ་བློ་གཏོང་བའི་ཁྲོད་དུ་ཚད་གཞི་རྙེད་པ་དང་གནས་ས་ངེས་པར་བྱས་ཏེ། མི་དམངས་ཀྱི་དོན་དུ་གཏམ་བཤད་རྒྱུ་དང་དོན་འབྲི་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་སྟེ། རྩ་བའི་ཐོག་ནས་བཤད་ན་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོབ་ཡག་པོ་དང་གོང་སྤེལ་ཡག་པོ་བྱེད་དགོས་པ་དང་། རྟ་དབྱངས་གཙོ་བོ་དར་སྤེལ་དང་དྲང་ནུས་སྒྲོག་སྤེལ་བྱེད་དགོས་པ། བདེན་དགེ་མཛེས་གསུམ་ལ་ཡི་རང་དང་རྫུན་སྡིག་བཙོག་གསུམ་སུན་འབྱིན་བྱེད་དགོས་པ། མི་རྣམས་ཀྱིས་ཁ་ཡར་ལྟ་སེམས་དགེ་བར་ཕྱོགས་པར་སྐུལ་མ་གཏོང་དགོས་པ། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་འཆང་བའི་རེ་སྨོན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་དགོས་པ་བཅས་དང་། ཏན་ཏན་ཏིག་ཏིག་གིས་སྤྱོད་ཚུལ་ལེགས་སྒྱུར་བྱེད་དགོས་པ་དང་། ལུས་སྒུར་སྒུར་དང་སེམས་བརླིང་བརླིང་བྱས་ཏེ་དོན་བདེན་པ་དང་གཏམ་དྲང་མོ་དང་བརྩེ་དུང་ལྷད་མེད་དོན་གཉེར་བྱེད་དགོས་པ། ཧུར་ཐག་གིས་གཞི་རྐང་ཡོད་ཅིང་ཀུན་སྤྱོད་གཙང་ལ་ཚ་དྲོད་ལྡན་པའི་མཛད་ཆོས་སྤེལ་དགོས་པ་བཅས་ཡིན།

དུས་རབས་གསར་པའི་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་འགན་འཁུར་དང་འགན་འཁྲི་ཕྲག་ཏུ་ལེན་དགོས།

ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀ་ཡག་པོར་སྒྲུབ་དགོས་པ་ནི་དར་ཆ་དང་བགྲོད་ལམ་ལ་ཐུག་པ་དང་། ཏང་གི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གསུམ་ལ་ཐུག་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་གོང་བུར་འདྲིལ་ཤུགས་དང་བློ་ཁ་གཏད་ཕྱོགས་ལ་ཐུག་པ། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་ཐུག་པ་བཅས་ཤིག་ཡིན། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བརྟན་པོ་བྱས་ཏེ། ཆབ་སྲིད་ཀྱི་བློ་རྩ་བརྟན་པའི་གསར་འགྱུར་ལས་ཀ་བ་དང་། དུས་རབས་ཀྱི་ལམ་སྣ་ཁྲིད་པའི་གསར་འགྱུར་ལས་ཀ་བ། སྤྱོད་ཚུལ་བཟང་བའི་གསར་འགྱུར་ལས་ཀ་བ་བཅས་བྱེད་དགོས།

ལས་ཀའི་དམིགས་གཏད་རང་བཞིན་ཆེ་རུ་གཏོང་དགོས། “རྣ་ཤེས་སྐྱེན་པོས་སྒྲ་མེད་ཐོས། མིག་ཤེས་སྐྱེན་པོས་གཟུགས་མེད་མཐོང་”ཞེས་ཟེར་སྲོལ་ཡོད། མིག་སྔར་མྱོང་མཁན་གྱི་དགོས་མཁོ་སྣ་ཁ་ཇེ་མང་ཇེ་མང་ཡིན་པ་དང་། ཐེ་ཞུགས་བྱེད་སེམས་ཇེ་ཆེ་ཇེ་ཆེ་ཡིན་ཅིང་། བསམ་བློ་ལྟ་བ་རིགས་སྣ་ཇེ་མང་ཇེ་མང་ཡིན་ལ། གསར་འགྱུར་སྒྲོག་སྤེལ་ཉིད་མི་རེ་ངོ་རེས་སྒྲོག་པ་དང་། ཕྱོགས་མང་པོར་སྒྲོག་པ། གྲངས་འབོར་རབ་ཏུ་ཆེན་པོར་སྒྲོག་པ་བཅས་ཀྱི་དར་སོ་ཤུགས་ཇེ་ཆེ་ཇེ་ཆེར་འགྲོ་བཞིན་ཡོད། དེ་ལྟ་བུའི་གནས་ཚུལ་འོག་ཏུ་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀ་ཡག་པོར་སྒྲུབ་དགོས་ན། དོན་མེད་ཁ་ཆོས་འདོན་པ་དང་རྣ་ལ་བཙན་བཤད་བྱས་པས་མི་འཐུས་པ་དང་། ཨ་མཚར་ཨ་གསར་དང་སྒྲུང་གཏམ་རྟོགས་བཟོ་བྱས་པས་མི་འཐུས་ཤིང་། དམིགས་བཙུགས་བསྟུན་མཁས་དང་ཁ་ཡག་སྟབས་བསྟུན་བྱས་པས་ཀྱང་མི་འཐུས་ལ། ཐ་ཤལ་དགའ་མགུ་དང་མདོ་མེད་མཐར་བསྐྱལ་གྱིས་ཀྱང་མི་འཐུས་པ་རེད། དེས་ན་ང་ཚོས་སྤྱི་ཚོགས་གླེང་ཕྱོགས་ཀྱི་དར་ཕྱོགས་སྣེ་ཁྲིད་བྱས་ཏེ་བརྗོད་གཞི་བཀོད་སྒྲིག་བྱེད་མཁས་པོ་བྱེད་དགོས་པ་རེད། གསར་འགྱུར་གླེང་ཕྱོགས་ཀྱི་བརྗོད་གཞི་ཁག་ཅིག་ནི་རང་བཞིན་དུ་བྱུང་བ་ཡིན་པ་དང་། ལ་ལ་ནི་མིས་བཀོད་སྒྲིག་བྱས་པ་རེད། ང་ཚོས་བཀོད་སྒྲིག་བྱས་པའི་བརྗོད་གཞི་གང་དེ་སྤྱི་ཚོགས་གླེང་ཕྱོགས་སྣེ་ཁྲིད་བྱེད་པའི་གླེང་གཞི་ཆགས་པར་བྱེད་དགོས་པ་ལས། སྤྱི་ཚོགས་གླེང་ཕྱོགས་ཀྱིས་ཆུ་སྣ་གར་ཁྲིད་ཆགས་མི་ཉན་པ་དང་། དོན་དངོས་སྔོག་འདོན་བྱེད་མཁས་དགོས་པར་མ་ཟད་མཚན་ཉིད་བཏོན་ནས་དཔེ་སྲོལ་ཆགས་པ་ཡང་བྱེད་མཁས་དགོས་པ་དང་། སྤྱིར་བཏང་གི་མི་ཚོགས་ལ་ཁ་གཏོད་དགོས་ལ་གནད་འགག་ཉུང་ཤས་ལ་ཡང་ཁ་གཏོད་དགོས་པ་རེད། གལ་ཆེ་བ་ཞིག་ནི་མི་ལ་སྟོན་དགོས་པར་མ་ཟད་མིས་ལྟ་དགའ་པོ་ཡང་བཟོ་དགོས་པ་དེ་རེད། གལ་སྲིད་མྱོང་མཁན་གྱི་སྤྲོ་བ་སྐྱེད་མི་ཐུབ་ཚེ་བཀོད་སྒྲིག་བྱས་པའི་བརྗོད་གཞི་ཇི་ལྟར་བཟང་བ་དང་སྤེལ་ཤུགས་ཇི་ལྟར་ཆེ་ཡང་གོ་མི་ཆོད་པ་རེད། ཐབས་མཁས་ཀྱི་བརྗོད་གཞི་ནི་སྤྱིར་བཏང་དུས་ཚོད་དང་ནུས་རྩལ་དང་ཐབས་ཤེས་བཅས་བེད་སྤྱོད་ཡག་ཤོས་བྱས་པ་དེ་ཡིན། དེར་བརྟེན། བསླུ་མེད་དོན་དངོས་དང་ཁུངས་བཙུན་གནས་ལུགས་ཡོད་དགོས་པར་མ་ཟད། སྤྲོ་སྣང་འཁོལ་ཞིང་མི་སེམས་འགུག་པའི་རྗོད་བྱེད་ཀྱང་ཡོད་དགོས་པ་རེད། དམིགས་ཡུལ་དེ་འགྲུབ་པར་བྱེད་ན་ང་ཚོས་གནད་དོན་ཁྲིད་ཕྱོགས་བྱེད་རྒྱུ་མཐའ་འཁྱོངས་དང་། སྒྱུར་བཅོས་དང་གསར་གཏོད། ཕན་ནུས་ལ་དང་དོད། ལྟ་བ་དང་ནང་དོན་དང་རྗོད་བྱེད་དང་རྣམ་པ་དང་ཐབས་བཀོད་དང་བྱེད་སྟངས་དང་ལས་རྣམ་དང་སྒྲིག་གཞི་དང་ལམ་སྲོལ་བཅས་གསར་སྒྱུར་བྱས་ཏེ། གསར་འགྱུར་གླེང་ཕྱོགས་ལས་ཀའི་རང་དབང་བརྟན་པོར་ཟིན་དགོས་པ་རེད།

མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྨྱན་སྦྱོར་གསར་པ་མགྱོགས་མྱུར་དུ་དར་རྒྱས་བྱུང་བ་དང་སྦྲགས་ནས་“རང་འགུལ་གྱིས་སྨྱན་སྦྱོར་གསར་པའི་སྒྲོག་སྤེལ་དགེ་མཚན་ལ་བརྟེན་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་གྱི་འཐུས་སྒོ་ཚང་དུ་གཏོང་བ་དང་བེད་སྤྱོད་བྱས་ཏེ། མང་ཚོགས་དང་ཆ་འཕྲིན་སྒྲོག་སྤེལ་བྱེད་པའི་རྒྱུག་ལམ་གཤོང་དགོས་”ཞེས་ཡང་ཡང་ནན་དུ་གསུངས་ཡོད། རྣམ་བཤད་གལ་ཆེན་འདིས་སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་མཉམ་འདྲེས་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ལྟ་བ་དང་འཐབ་ཇུས་དང་། དམིགས་ཡུལ་དང་ཁ་ཕྱོགས་རྒྱས་བཤད་བྱས་ཡོད་པས། སྨྱན་སྦྱོར་མཉམ་འདྲེས་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་གླེང་ཕྱོགས་ཁྲིད་སྟོན་གྱི་གནས་སྟངས་གསར་པ་མགྱོགས་པོར་འཛུགས་རྒྱུར་ཆ་མཚོན་ན་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད། སྨྱན་སྦྱོར་མཉམ་འདྲེས་ངང་གོང་འཕེལ་ཡོང་བའི་གནས་དང་པོ་ནི་ལྟ་བ་གསར་གཏོད་བྱེད་རྒྱུ་དེ་ཡིན། གསར་འགྱུར་སྒྲོག་སྤེལ་གྱི་ཆོས་ཉིད་དང་གསར་དར་སྨྱན་སྦྱོར་གྱི་གོང་འཕེལ་ཆོས་ཉིད་བརྩི་སྲུང་བྱེད་པ་དང་། དྲ་སྦྲེལ་གྱི་བསམ་གཞིགས་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་གཉིས་ཕན་ཚུན་དགེ་མཚན་གསབ་རེས་བྱེད་རྒྱུ་དང་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲོལ་རྒྱུན་སྨྱན་སྦྱོར་གྱི་ནང་དོན་ཐོན་སྐྱེད་བྱེད་ཤུགས་ཆེན་པོ་དེ་སྨྱན་སྦྱོར་གསར་པའི་སྒྲོག་སྤེལ་མྱུར་མོ་དང་ཁེབས་ཚད་ཆེན་པོ་དང་སྐུལ་རེས་བྱེད་ཤུགས་ཆེ་བ་བཅས་ཀྱི་ཁྱད་ཆོས་དང་གཞི་མཐུན་པར་ཟུང་འབྲེལ་བྱེད་དགོས་པ་དང་། གཙོ་རྒྱུག་སྨྱན་སྦྱོར་གྱི་སྒྲོག་སྤེལ་བྱེད་ནུས་དང་ཤུགས་རྐྱེན་གཏོང་ནུས་དང་ཡིད་རྟོན་སྐྱེད་ནུས་བཅས་གསར་གཏོད་དང་མཐོར་འདེགས་གཏོང་དགོས། སྨྱན་སྦྱོར་མཉམ་འདྲེས་ངང་གོང་འཕེལ་ཡོང་བའི་གནད་འགག་ནི་སྔོན་ཐོན་ལག་རྩལ་གྱིས་གདུང་འདེགས་དང་ནང་དོན་འཛུགས་སྤེལ་གྱིས་རྩ་བ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ལག་རྩལ་གྱི་ཐབས་བཀོད་ལ་བརྟེན་ནས་སྡུད་འབྲི་སྤེལ་གསུམ་གྱི་ལས་སྟེགས་བསྐྱར་སྐྲུན་བྱེད་པ་དང་། ཞིབ་ཚགས་ཅན་དང་བང་རིམ་མང་བའི་ནང་དོན་ཐོན་སྐྱེད་བྱེད་རྒྱུ་མངོན་འགྱུར་བྱེད་པ། མྱོང་མཁན་གྱི་ཁྱད་ཆོས་ཤེས་རྟོགས་གནད་ལ་འཁེལ་བར་བྱེད་པ། སྒྲོག་སྤེལ་གྱི་རྒྱུག་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་མྱོང་མཁན་ལ་ཁེབས་རྒྱ་ཆེ་ཤོས་ཡོང་བར་བྱེད་དགོས། ནན་བཤད་བྱེད་དགོས་པ་ཞིག་ནི། ནང་དོན་ནི་ནམ་ཡང་རྩ་བ་ཡིན་པ་དང་། མཉམ་འདྲེས་ངང་གོང་འཕེལ་གཏོང་ན་ངེས་པར་དུ་ནང་དོན་ནི་གལ་ཆེ་ཤོས་ཡིན་པ་མཐའ་འཁྱོངས་བྱེད་དགོས་ལ། ནང་དོན་གྱི་དགེ་མཚན་ལ་བརྟེན་ནས་གོང་འཕེལ་གྱི་དགེ་མཚན་ཐོབ་པར་བྱེད་དགོས། སྨྱན་སྦྱོར་གོང་འཕེལ་གྱི་འཕེལ་ཕྱོགས་ལ་བསྟུན་ནས་སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་གཉིས་ནང་དོན་དང་། རྒྱུག་ལམ། ལས་སྟེགས། འཚོང་གཉེར། དོ་དམ་སོགས་ཕྱོགས་སུ་མཉམ་འདྲེས་གཏིང་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། སྨྱན་སྦྱོར་མཉམ་འདྲེས་ཀྱི་“སྣོན་ཐབས་”ཀྱི་དུས་རིམ་ནས་“གཅིག་འདྲེས་”ཀྱི་དུས་རིམ་དུ་མགྱོགས་མྱུར་ངང་འཇུག་དགོས་ཤིང་། གཞི་གཅིག་ཏུ་འདྲེས་ཤིང་འདྲིལ་བར་བྱེད་དགོས་ལ། ཤུགས་བཏོན་ནས་རྣམ་པ་སྣ་མང་དང་ཐབས་བཀོད་སྔོན་ཐོན་དང་འགྲན་རྩོད་ནུས་པ་ཆེ་བ་བཅས་ཀྱི་གཙོ་རྒྱུག་སྨྱན་སྦྱོར་དཔེ་གསར་ཅན་སྐྲུན་དགོས་ཐོག གཙོ་རྒྱུག་བསམ་བློ་དང་གླེང་ཕྱོགས་སྲ་བརྟན་དང་དར་རྒྱས་གཏོང་བའི་དུས་རབས་ཀྱི་འགན་འཁུར་ཕྲག་ཏུ་ཉེ་བར་ལེན་དགོས།

ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་བྱེད་དགོས། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀ་ཡག་པོར་སྒྲུབ་པའི་གནད་འགག་ནི་མི་ལ་ཐུག་ཡོད་པ་རེད། སྨྱན་སྦྱོར་གྱི་འགྲན་རྩོད་ཀྱི་གནད་འགག་ནི་ཤེས་ལྡན་མི་སྣའི་འགྲན་རྩོད་ཡིན་ལ། སྨྱན་སྦྱོར་གྱི་དགེ་མཚན་གྱི་སྙིང་པོ་ནི་ཤེས་ལྡན་མི་སྣའི་དགེ་མཚན་ཡིན། གསར་འགྱུར་གླེང་ཕྱོགས་ལས་ཀ་ནི་ཆབ་སྲིད་ཀྱི་ཤས་ཧ་ཅང་ཆེ་བ་ཞིག་ཡིན་པས། གསར་འགྱུར་གླེང་ཕྱོགས་ལས་ཀ་བའི་དཔུང་སྡེའི་ཆབ་སྲིད་ཀྱི་སྦྱངས་གོམས་དང་། གཞུང་ལུགས་ཀྱི་ཆུ་ཚད། སྲིད་ཇུས་ཀྱི་ཆུ་ཚད། ལས་སྒོའི་ནུས་པ་བཅས་ནི་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་ཕན་འབྲས་ལ་ཐད་ཀར་འབྲེལ་ཡོད་པ་རེད། ལྷག་པར་དུ་སྨྱན་སྦྱོར་གྱི་གནས་སྟངས་འཕོ་འགྱུར་ཟབ་མོ་འབྱུང་བའི་ད་ལྟའི་དུས་སུ་གསར་འགྱུར་གླེང་ཕྱོགས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་བྱེད་པའི་ཁ་ཚ་དགོས་གཏུག་གི་ཤས་དེ་བས་ཆེ་རུ་ཕྱིན་ཡོད་པ་རེད། དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནད་ལ་འཁེལ་བར་གསུངས་ཡོད་པ་ནང་བཞིན་ཏེ། “རྣམ་པ་གསར་པ་དང་གནས་བབ་གསར་པའི་བླང་བྱ་དང་བསྟུན་ནས་ཆབ་སྲིད་བརྟན་པ་དང་། ལས་སྒོ་ལ་བྱང་བ། སྤྱོད་ཚུལ་བཟང་བ། ཏང་དང་མི་དམངས་བློ་བདེ་བ་བཅས་ཀྱི་གསར་འགྱུར་གླེང་ཕྱོགས་ལས་ཀ་བའི་དཔུང་སྡེ་ཞིག་གསོ་སྐྱོང་བྱེད་དགོས།” ང་ཚོས་“འདུ་ཤེས་བཞི་”ཤུགས་ཆེ་རུ་བཏང་ནས། ཆབ་སྲིད་པས་ཚགས་པར་སྒྱུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་རྟོགས་ཀྱིས་ཁྱོན་ཆེན་གྱི་སྟེང་ནས་བསམ་བློ་གཏོང་བ་དང་ཁྱོན་ཆེན་གྱི་སྟེང་ནས་བྱེད་སྒོ་སྤེལ་བའི་ཐོག་ནས། ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཆེན་ལ་བརྩི་བཀུར་དང་ཞབས་འདེགས་ཞུ་བའི་ཐད་དུ་ལས་གནས་མི་སྟོང་བར་བྱེད་ཐུབ་དགོས། ང་ཚོས་གསར་འགྱུར་གླེང་ཕྱོགས་ལས་ཀ་བ་རྒན་རབས་པའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་ནས། ཀུན་སྤྱོད་ཀྱི་གོམས་བྱང་དང་། གཞུང་ལུགས་ཀྱི་གོམས་བྱང་། ལས་སྒོའི་ནུས་པ་བཅས་བསྟུད་མར་ཆེ་རུ་གཏོང་བ་དང་། ཧུར་ཐག་གིས་སྨྱན་མང་ཅན་དང་མཁས་ཅན་གྱི་ཤེས་ལྡན་མི་སྣ་ཆགས་པར་བྱས་ཐོག སྔར་ལས་ལྷག་པར་འགན་འཁུར་འཁྲི་སྒྲུབ་བྱེད་དགོས་པ་དང་། རླབས་ཆེན་གྱི་དུས་རབས་གསར་པར་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས།

(རྩོམ་པ་པོ་ནི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་། ཀྲུང་གོའི་གསར་འགྱུར་དཔེ་སྐྲུན་སྐུལ་སྤེལ་ཚོགས་པའི་ལས་འཛིན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་གི་འགོ་འཛིན་ཟུར་པ་བཅས་ཡིན།)

རྟ་རྡོས་བསྒྱུར།