འགན་ཁུར་ཐུབ་པའི་དཔུང་པ་དང་དོན་དག་འགྲུབ་པའི་འཇོན་ཐང་ལེགས་པོ།

ཧྲི་ཕིན།

འགོ་ཁྲིད་ལས་བྱེད་པ་ལ་འགན་འཁུར་ཐུབ་པའི་དཔུང་པ་བརྟན་པོ་ཡོད་དགོས་པ་མ་ཟད།  དོན་དག་འགྲུབ་པའི་འཇོན་ཐང་ལེགས་པོ་ཡང་ཡོད་དགོས། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐེངས་དང་པོའི་ཐུན་མོང་སློང་སྦྱོང་ཐོག་བཏོན་པའི་བླང་བྱ་ཡིན། འགན་འཁུར་ཐུབ་པའི་དཔུང་པ་བརྟན་པོ་དང་དོན་དག་འགྲུབ་པའི་འཇོན་ཐང་ལེགས་པོ་ལས་དུས་རབས་གསར་པའི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་དམ་འཛིན་བྱེད་དགོས་པའི་རྩ་བ་གཉིས་གྲུབ་ཡོད། “གནད་འགག་ཉུང་ཤས་”ཡིན་པའི་ཆ་ནས་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་འདང་རྒྱག་ཕོད་པ་དང་ལས་ཀ་སྒྲུབ་ཕོད་པ། འགན་འཁུར་ཐུབ་པ། འགལ་ཟླ་ལ་གདོང་གཏད་ཕོད་པ། དུས་རབས་ཀྱི་རྩ་བཟང་གསེར་བཟང་བྱེད་དགོས་པ་མ་ཟད། འགལ་ཟླ་ཐག་གཅོད་ལེགས་པོ་དང་གནད་དོན་ཐག་གཅོད་ལེགས་པོ་བྱེད་མཁས་དགོས་པ་དང་། སྒྲུབ་ཤེས་པ་དང་སྒྲུབ་ཐུབ་པ། སྒྲུབ་ནས་འགྲུབ་ཐུབ་པ་བཅས་བྱས་ན། ཀྲུང་གོ་འདི་ཉིད་མི་འབོར་དུང་ཕྱུར་13ལྷག་སྡོད་པའི་གྲུ་གཟིངས་ཆེན་པོ་ཉིད་ད་གཟོད་ལམ་རིམ་གསར་པའི་ཁྲོད་རྦ་རླབས་བཏོར་ཏེ་བརྟན་པོ་བསྐྱོད་ཐུབ།

འགན་འཁུར་ཐུབ་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། གནས་ལུགས་ཀྱི་ཐོག་ནས་བཤད་ན། འགན་འཁུར་ཐུབ་པ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་མངོན་གསལ་གྱི་གཤིས་ཀ་ཡིན། ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་དོན་དུ་བསྐྱར་དར་མངོན་འགྱུར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་འགན་འཁུར་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་ཁྲིད་ལས་བྱེད་པའི་འགན་འཁྲིའི་སྙིང་སྟོབས་ལ་མཐོང་ཆེན་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་འགན་འཁུར་ཐུབ་དགོས་པ་ནན་བཤད་ཐེངས་མང་བྱས་ཏེ། རྩ་དོན་རྒྱུན་འཁྱོངས་དང་འགན་འཁུར་ཕོད་པ་བཅས་ཏང་གི་ལས་བྱེད་པའི་ངེས་པར་དུ་འཛོམས་དགོས་པའི་རྩ་བའི་བྱང་ཚད་དུ་འཇོག་པ་དང་། ལྷག་བསམ་རྣམ་དག་གི་འགན་འཁུར་ཐུབ་པ་བཅས་ནི་འགོ་ཁྲིད་ལས་བྱེད་པ་ཚད་ལྡན་ཡིན་མིན་དཔྱད་དཔོག་བྱེད་པའི་གལ་ཆེ་བའི་བཀན་ཤིང་དུ་འཇོག་དགོས། ཁོང་གིས་བསྟན་དོན། འགན་འཁུར་ཆེ་ཆུང་ལས་ལས་བྱེད་པའི་ཁོང་རྒྱ་དང་སྤོབས་པ། གཤིས་རྒྱུད་བཅས་མཚོན་པ་དང་། འགན་འཁུར་ཅི་ཙམ་ལྗིད་ན་དེ་ཙམ་གྱིས་དོན་དག་ཆེན་པོ་སྒྲུབ་ཐུབ། ཁོང་གིས་བསྟན་དོན། འགོ་ཁྲིད་ལས་བྱེད་པས་དཔོན་པོ་བྱེད་འདོད་པ་མ་གཏོགས་ལས་ཀ་སྒྲུབ་མི་འདོད་ན་མི་འགྲིག དབང་ཆ་སྤྱོད་འདོད་པ་མ་གཏོགས་འགན་འཁུར་མི་འདོད་ན་མི་འགྲིག  ཁེ་ཕན་གཉེར་འདོད་པ་མ་གཏོགས་སྟོབས་ཤུགས་བཏོན་མི་འདོད་ན་མི་འགྲིག ཁོང་གིས་བླང་བྱ་བཏོན་དོན། ཏང་གི་ལས་བྱེད་པས་ངེས་པར་དུ་རྩ་དོན་རྒྱུན་འཁྱོངས་འགན་འཁུར་ཏན་ཏིག་བྱེད་དགོས་པ་དང་། ཡིན་མིན་ཆེན་པོའི་མདུན་དུ་གྲི་གཏོད་ཕོད་པ་དང་། འགལ་ཟླ་ལ་ཐུག་དུས་ཁ་གཏད་འཇལ་ཐུབ་པ། ཉམས་ཉེན་ལ་ཐུག་དུས་མདུན་དུ་མཆོང་ཕོད་པ། ནོར་འཁྲུལ་ལ་ཐུག་དུས་འགན་འཁུར་ཕོད་པ། སྤྱོད་ཚུལ་ངན་པ་དང་ཐུག་དུས་འཐབ་རྩོད་བྱེད་ཕོད་པ་བཅས་བྱེད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལོ་ལྔ་པོ་འདི་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་འགན་འཁུར་སྙིང་སྟོབས་འོད་ཟེར་འཕྲོ་བའི་ལོ་ལྔ་ཡིན། རི་འགོར་སྟག་ཡོད་པ་ཤེས་ཀྱང་།  །སྟག་ལ་མི་སྐྲག་དེ་རུ་འཛེགས། ། ཉེན་ཁའི་གྲམ་པ་དང་ཆུའི་གཏིང་ཟབ་ས། རུས་པ་སྲ་མོ་བཅས་ལ་རེ་རེ་བཞིན་གདོང་གཏད་དུས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཔའ་མཛངས་རྟུལ་ཕོད་ཀྱི་འཐབ་འཛིང་སྙིང་སྟོབས་དང་གནམ་གསབ་མཚོ་སྐོང་གི་དཔའ་བོའི་སྙིང་སྟོབས་ལ་བརྟེན་པ་དང་། སྟོབས་ཆེ་བའི་ཆབ་སྲིད་སྤོབས་པ་དང་འོས་འགན་འགན་འཁྲི་ལ་བརྟེན་ནས། ཆེས་ལྗིད་བའི་འཁུར་པོ་འཁུར་ཕོད་པ་དང་། ཆེས་སྲ་བའི་རུས་པ་འབྲད་ཕོད་པ། ཆེས་ཚ་བའི་ཞོག་ཁོག་མངར་མོ་ལེན་ཕོད་པ། ཐེངས་གཅིག་ཏུ་དུས་ཡུན་རིང་པོའི་ནང་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་གཏོང་བ་དང་། སྔོན་ཆད་སྒྲུབ་འདོད་ཀྱང་སྒྲུབ་མེད་པའི་དོན་ཆེན་མང་པོ་འགྲུབ་ཡོད། ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་དང་། གཏིང་ཟབ་དང་རྩ་བའི་རང་བཞིན་གྱི་སྒྱུར་བཅོས་ནི།  མི་ཁྲི་སྟོང་ལ་ནག་ངོ་རྡུང་བ་དང་མི་དུང་ཕྱུར་བཅུ་གསུམ་ལ་རེ་སྟོང་དུ་མི་འགྱུར་བའི་འགན་འཁུར་མེད་ན་ནི་མངོན་འགྱུར་བྱེད་དཀའ་བ་ཞིག་རེད། འགན་འཁུར་བའི་སྙིང་སྟོབས་ནི་མེད་དུ་མི་རུང་བ་ཞིག་རེད། ལམ་རིམ་གསར་པར་རྒྱང་ལྟ་བྱེད་ཚེ། ཚང་མ་ཐང་བདེ་མོ་ཞིག་ཡིན་མི་སྲིད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་པའི་དུས་ཚོད་འགངས་ཆེ་ལ། ལས་འགན་ལྗིད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཉིན་གཅིག་ལ་འགྲུབ་ཐུབ་པ་ཞིག་མ་རེད། གལ་ཆེའི་ཉེན་ཁ་དང་གནད་འཁེལ་དབུལ་སྒྲོལ། འབག་བཙོག་སྔོན་འགོག་བཅས་ཀྱི་མཁྲེགས་གཏོར་དམག་འཐབ་སྔོན་འགོག་དང་ཐག་གཅོད་བྱེད་པ་དང་། རེ་རེ་བཞིན་འཐབ་འཛིང་དྲག་པོ་ཡིན་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཇེ་ཟབ་སྤེལ་བ་ནི་རང་ཉིད་སྒྱུར་བཅོས་བྱེད་པ་ཡིན་ལ། གལ་ཆེ་བའི་འགྲན་སློང་དང་གལ་ཆེ་བའི་ཉེན་ཁ། གལ་ཆེ་བའི་བཀག་ཤུགས། གལ་ཆེ་བའི་འགལ་ཟླ་སྣ་ཚོགས་ནི་འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་ནས་རྒྱལ་ཁ་བླངས་དགོས་པ་དང་མཁྲེགས་གཏོར་དཀའ་སེལ་བྱེད་དགོས་པ་ཞིག་ཡིན། ང་ཚོས་འགན་འཁུར་ལ་བརྟེན་ནས་རྒྱལ་ཁ་བླངས་དགོས་པ་དང་། ང་ཚོས་ད་དུང་འགན་འཁུར་ལ་བརྟེན་ནས་མ་འོངས་པར་རྒྱལ་ཁ་བླངས་དགོས།

ང་ཚོར་འགན་འཁུར་ཅི་འདྲ་བ་ཞིག་ཡོད་དགོས་ཞེ་ན།  འགན་འཁུར་ཕོད་པ་ནི་ཏང་དང་མི་དམངས་ཀྱི་ཆེད་དུ་ཡིན་པ་ལས། མི་སྒེར་གྱི་རང་ངོམ་རིང་ལུགས་མ་ཡིན། ཧམ་ཤེད་བཙན་དབང་དང་རང་ཉིད་མཆོག་རློམ་པ་ནི་འགན་འཁུར་མ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐད་ཆ་འདི་ནི་འགོ་ཁྲིད་ལས་བྱེད་པ་ཚང་མས་འདང་ཟབ་མོ་རྒྱག་དགོས་པ་ཞིག་ཡིན། གུང་ཁྲན་ཏང་མིས་འགན་འཁུར་ལ་དང་དོད་བྱེད་པའི་སྔོན་འགྲོ་ནི་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁུར་དགོས་པ་ཡིན།  འདིའི་ཐད་ལ་རྙོག་དངོས་ཅུང་ཙམ་ཡང་ཡོད་མི་རུང་ལ། རབ་རིབ་ཅུང་ཙམ་ཡང་ཡིན་མི་ཉན། མི་ལོ་15ཡི་སྟེང་ས་སེར་པོའི་ཐོག་སླེབས་དུས། ང་མགོ་འཐོམས་པ་དང་ཅི་ཡང་མི་ཤེས། ལོ་ངོ་22སྟེང་ས་སེར་པོ་དང་ཁ་བྲལ་དུས་ང་ལ་འགྱུར་མེད་ཀྱི་མི་ཚེའི་དམིགས་འབེན་ཡོད་པ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། མི་དམངས་ཀྱི་སྤྱི་ཞབས་པ་ཞིག་ཡིན་པའི་ཆ་ནས་ཧྲན་པེ་མཐོ་སྒང་ནི་ངའི་རྩ་བ་ཡིན་ལ། འདི་ནས་ངའི་འགྱུར་མེད་ཀྱི་འདུ་ཤེས་གསོ་སྐྱོང་བྱས་པ་སྟེ། མི་དམངས་ལ་དོན་དངོས་སྒྲུབ་དགོས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་《ང་ནི་ས་སེར་པོའི་བུ་ཡིན》ཞེས་པའི་དཔེ་ཆའི་ནང་བརྗོད་པའི་“འགྱུར་མེད་ཀྱི་འདུ་ཤེས་”ནི་ཏག་ཏག་གུང་ཁྲན་ཏང་མིའི་འགན་འཁུར་གྱི་བླ་སྲོག་ཡིན། 2014ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་བརྙན་འཕྲིན་ལས་ཁུངས་ཀྱིས་ཆེད་འདྲི་ཞུ་སྐབས་མངོན་གསལ་དུ་བསྒྲགས་དོན། “ངའི་སྲིད་སྐྱོང་འདུ་ཤེས་མདོར་བསྡུས་ནས་བཤད་ན་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ལ། འགན་འཁུར་དགོས་པའི་འོས་འགན་དེ་འཁུར་རྒྱུ་ཡིན།” ང་ཚོའི་ཏང་ལ་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་ནི། གཞི་རྩའི་ཐོག་ནས་བཤད་ན་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་བས་སོ།། འགན་འཁུར་བ་ནི་ངེས་པར་དུ་འགལ་ཟླ་ལ་གདོང་གཏད་དགོས་པ་དང་། དཀའ་མོ་དང་མཁྲེགས་པོ་ལ་གདོང་གཏད་ཕོད་པ་དེ་ཡིན། ཡིན་ན་ཡང་འགལ་ཟླ་ལ་གདོང་གཏད་ཕོད་པ་ནི་ཧམ་ཤེད་བཙན་དབང་དང་རང་ཉིད་མཆོག་རློམ་པ་མ་ཡིན་ལ། མི་སྒེར་གྱི་རང་ངོམ་རིང་ལུགས་མི་སྤེལ་བ་དང་། རང་གི་གོ་གནས་སྲུང་བའི་ཆེད་དུ་ཙམ་ཡིན་མི་རུང་ལ། མི་སྒེར་དང་ཚོགས་པ་ཆུང་ཆུང་གི་སྒེར་དོན་ཙམ་ལ་འདང་རྒྱག་པ་དེ་བས་ཀྱང་མི་རུང་། དབང་ཆ་ནི་ཏང་དང་མི་དམངས་ཀྱིས་སྤྲད་པ་ཡིན་པས། ཏང་ལ་སེམས་ཁྲལ་བྱེད་པ་དང་རྒྱལ་ཁབ་ལ་དོན་སྒྲུབ་པ། མི་དམངས་ལ་ཁེ་ཕན་གཉེར་བའི་ཆེད་དུ་སྤྱོད་དགོས། ཁྱད་པར་དུ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་དོན་དག་ཐོག་ལྷོད་ཡངས་སྤུ་ཙམ་ཡང་བྱས་མི་རུང་ལ། རབ་བེ་རོབ་བེ་ཅུང་ཙམ་ཡང་བྱས་མི་རུང་། ངེས་པར་དུ་གཟབ་ནན་ཚབས་ཆེན་དང་གནས་ཚུལ་ཚབས་ཆེན་གྱི་གོ་རྟོགས་ཡོད་དགོས་ལ། “མང་ཚོགས་ཀྱི་དོན་དག་ཅི་ཙམ་ཆུང་ཡང་དོན་ཆེན་དུ་བརྩིས་པའི་”རང་རྟོགས་ཡོད་དགོས། ང་ཚོའི་གཏམ་སྤྱོད་ཚང་མར་རང་གིས་རང་ལ་འདྲི་སྟེ། མི་དམངས་ལ་ཁེ་ཕན་གཉེར་ཡོད་དམ་ཏང་ལ་གཟི་འོད་སྤྲས་ཡོད། ཡང་ན་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་སྟེར་ཡོད་དམ་ཏང་གི་སྣང་བརྙན་ལ་གནོད་འཚེ་གཏོང་ཡོད། ཏང་དང་མི་དམངས་ལ་ཕན་པའི་དོན་དག་ཡོད་ཚད་ཚང་མ་དཀའ་ངལ་ཅི་འདྲ་ཞིག་ལ་འཕྲད་ནའང་། ང་ཚོས་གདོང་གཏད་ཕོད་པ་དང་མཁྲེགས་གཏོར་བྱེད་ཕོད་པར་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་མཉམ་དུ་བསམ་པ་དང་མཉམ་དུ་སྒྲུབ་པ་བྱས་ན། ད་གཟོད་གུང་ཁྲན་ཏང་མིའི་འགན་འཁུར་ཡིན།

ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་འཕེལ་རྒྱས་ཀྱི་མ་འོངས་པར་ཆེས་གསར་པ་དང་ཆེས་མཛེས་པའི་འཆར་འགོད་རི་མོ་བྲིས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་ལ་དུང་བརྡ་གསར་པ་བཏང་ཡོད། ད་ལྟའི་འགག་རྩ་ནི་ལག་ལེན་དང་དོན་འཁྱོལ་ཡིན། དོན་འཁྱོལ་བྱེད་པར་གཅིག་ནས་དོན་འཁྱོལ་གྱི་རང་རྟོགས་ཡོད་དགོས་ལ་གཉིས་ནས་དོན་འཁྱོལ་གྱི་ནུས་པ་ཡོད་དགོས། འགན་འཁུར་ཕོད་པ་ནི་རང་སྣང་གི་རང་རྟོགས་ཡིན་ལ། འཇོན་ཐང་ལེགས་པོ་ནི་ཕྱི་ཡུལ་གྱི་འགན་ལེན་ཡིན། འགན་མི་འཁུར་བ་དང་དོན་མི་སྒྲུབ་པ་མི་རུང་བ་མ་ཟད། ད་དུང་འཇོན་ཐང་ངེས་ཅན་གྱིས་དོན་དག་ལེགས་པོ་སྒྲུབ་པ་ལས་དོན་དག་ངན་པ་སྒྲུབ་མི་རུང་། ཆབ་སྲིད་ཡག་པོ་མིན་པ་དང་། ཏང་དང་མི་དམངས་ལ་འགན་འཁུར་བའི་སྙིང་སྟོབས་མེད་ན། འཇོན་ཐང་ཅི་ཙམ་ཆེ་ན་གནོད་འཚེ་དེ་ཙམ་ཆེ། ཡིན་ན་ཡང་ཆབ་སྲིད་མགོ་སྟོང་ཙམ་གྱིས་འགན་འཁུར་བའི་སེམས་པ་དྲོན་མོ་ཡོད་ཀྱང་། འཇོན་ཐང་དོན་འཁྱོལ་མེད་ན་དོན་དག་ཆེན་པོ་སྒྲུབ་མི་ཐུབ། མི་ལོང་བས་རྟ་ཞར་བཞོན་བྱས་ན།། མཚན་མུན་ནག་ཁྲོད་དུ་གཡང་སར་བསྐྱོད།། ཅེས་པ་ལྟར་སྤོབས་པ་ཆེ་ཡང་ཧོལ་རྒྱུག་ཡིན་པས་དོན་དག་མི་འགྲུབ། གནད་དོན་འདིའི་ཐོག་ང་ཚོས་ད་དུང་སྒྲུབ་བྱེད་གཉིས་བརྗོད་དགོས་པ་སྟེ། སྤོབས་པ་ཆེན་པོས་ཆབ་སྲིད་ལ་དང་དོད་བྱེད་དགོས་པ་མ་ཟད། ཆབ་སྲིད་ལ་དང་དོད་བྱེད་མཁས་པོ་དགོས། དམ་བཅའ་འཇོག་ནས་འཕེལ་རྒྱས་དམ་འཛིན་བྱེད་དགོས་ལ། འཕེལ་རྒྱས་དམ་འཛིན་བྱེད་མཁས་པོ་དགོས། སྤོབས་པ་ཆེན་པོས་སྒྱུར་བཅོས་དམ་འཛིན་བྱེད་དགོས་ལ། སྒྱུར་བཅོས་དམ་འཛིན་བྱེད་མཁས་པོ་དགོས། འགལ་ཟླ་དང་གནད་དོན་ལ་གདོང་གཏད་ཕོད་དགོས་ལ། འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་མཁས་པོ་དགོས། ལས་ཀ་སྒྲུབ་བསམ་པ་དང་དངོས་སུ་སྒྲུབ་པའི་རང་རྟོགས་ཡོད་དགོས་ལ། ལས་ཀ་སྒྲུབ་ཤེས་པ་དང་ལས་ཀ་འགྲུབ་ཐུབ་པའི་འཇོན་ཐང་ཡོད་དགོས།

འགན་འཁུར་མཁས་པ་ཅི་འདྲ་བྱེད་དགོས་ཞེ་ན། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་བསུ་བ་སྟེ། འགྲན་སློང་གསར་པ་ལ་ཁ་གཏད་འཇལ་བའི་སྤོབས་པ་དང་འགན་འཁྲི་ཡོད་དགོས་པ་མ་ཟད། ད་དུང་ཁྱད་ཆོས་གསར་པར་འཕྲོད་པའི་འཇོན་ཐང་དང་ནུས་པ་ཡོད་དགོས། མི་འབོར་དུང་ཕྱུར་13ལྷག་ཡོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོ་ལ་འགོ་ཁྲིད་བྱེད་དགོས་ན། ང་ཚོའི་ཏང་ལ་ཆབ་སྲིད་བརྟན་པོ་ཡོད་དགོས་པ་མ་ཟད། འཇོན་ཐང་ལེགས་པོ་ཡོད་དགོས། དེང་གི་འཛམ་གླིང་ལ་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མདུན་དུ་ལྷགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་ནང་སླེབས་ཡོད། ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་གི་འགྱུར་ལྡོག་གཏིང་ཟབ་དང་། ལས་ཀ་སྒྲུབ་ཡུལ་དང་ལས་ཀའི་ཆ་རྐྱེན་གྱི་འགྱུར་ལྡོག་གཏིང་ཟབ། ཤེས་རིག་གསར་བསྒྱུར་འཁོར་ཡུན་ཇེ་ཉུང་ཕྱིན་པ་བཅས་ཀྱིས་ང་ཚོའི་འཇོན་ཐང་ལ་བླང་བྱ་གསར་པ་མང་པོ་བཏོན་ཡོད། ཁྱད་པར་དུ་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་མུ་མཐུད་ནས་མདུན་དུ་སྤེལ་བ་དང་། ལས་ཀ་ཁག་གིས་ཆེད་ལས་ཅན་དང་ཆེད་གཉེར་ཅན། ཞིབ་ཕྲ་ཅན་ལ་སྔར་བས་ཇེ་མཐོའི་བླང་བྱ་བཏོན་ཡོད། སྤྱིར་བཏང་ཅན་དང་སྡེབ་བཟི་ཆེན་མོ། སྡེབ་བཀྲམ་ཅན་གྱི་འགོ་ཁྲིད་བྱེད་སྟངས་དང་འགོ་ཁྲིད་བྱེད་ཐབས་ནི་རྦད་དེ་འཕྲོད་མི་ཐུབ་པ་ཞིག་རེད། འགོ་ཁྲིད་ལས་བྱེད་པ་མང་པོ་ཞིག་ལ་ལས་ཀ་ཡག་པོ་སྒྲུབ་བསམ་པའི་འདོད་བློ་རྣམ་དག་ཡོད་ལ་སྒྲུབ་པའི་སྟོབས་ཤུགས་ཀྱང་ཡོད་མོད། ཡིན་ན་ཡང་ལས་ཀ་ཡག་པོ་སྒྲུབ་པའི་འཇོན་ཐང་མི་འདང་བས་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ལ་འཕྲད་དུས། ཆོས་ཉིད་མི་ཤེས་པ་དང་། འགྲོ་ལུགས་མི་ཤེས་པ། ཤེས་རིག་དབེན་པ། འཇོན་ཐང་ཞན་པ། བསམ་བློ་རྙིང་པ་དང་ཐབས་ལམ་རྙིང་པ་སྤྱོད་ནས་ཁ་གཏད་འཇལ་བར་གོམས་ནས། ཧོལ་སྒྲུབ་དང་གང་བྱུང་སྒྲུབ་པས་མཇུག་འབྲས་སུ་ལས་ཀ་སྒྲུབ་ཡོད་ན་ཡང་སྐབས་འགར་ད་དུང་དཀའ་ཚེགས་ཧ་ཅང་ཆེ། ཡིན་ན་ཡང་ཐབས་ལམ་མི་འགྲིག་པ་མིན་ཡང་དོན་དང་རྒྱབ་འགལ་དུ་སོང་བའམ་ཐ་ན་ལམ་བྱང་དུ་བཞག་ནས་འཁོར་ལོ་ལྷོ་ལ་གཏོང་བའི་གནས་ཚུལ་འབྱུང་སྲིད། གནད་དོན་འདི་དག་ལ་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་ཕྱོགས་ཡོངས་ནས་སྲིད་སྐྱོང་བར་ཤུགས་རྒྱག་པའི་འཇོན་ཐང་བརྒྱད་པོ་བཀོད་ཡོད་པ་སྟེ། འཇོན་ཐང་ལ་སློབ་སྦྱོང་དང་། ཆབ་སྲིད་འགོ་ཁྲིད་ཀྱི་འཇོན་ཐང་། སྒྱུར་བཅོས་གསར་གཏོད་ཀྱི་འཇོན་ཐང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་འཇོན་ཐང་། ཁྲིམས་ལྟར་སྲིད་སྐྱོང་བའི་འཇོན་ཐང་། མང་ཚོགས་ལས་ཀ་སྒྲུབ་པའི་འཇོན་ཐང་། དོན་འཁྱོལ་ནན་འཛིན་བྱེད་པའི་འཇོན་ཐང་། ཉེན་ཁ་ཁ་ལོ་བསྒྱུར་བའི་འཇོན་ཐང་བཅས་སོ།། འགོ་ཁྲིད་ལས་བྱེད་པས་ནན་ཏན་གྱིས་འཇོན་ཐང་འདི་དག་གི་ནང་དོན་དང་བླང་བྱ་དངོས་ཁོང་དུ་ཆུད་དགོས་ལ། རང་འགུལ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཡར་ཐོན་གསར་པར་བསྟུན་པ་དང་། ནུས་ཤུགས་ཆེན་པོས་དོན་དག་འགྲུབ་པའི་འཇོན་ཐང་འདི་དག་ཇེ་ལེགས་སུ་གཏོང་དགོས།

དོན་དག་འགྲུབ་པའི་འཇོན་ཐང་ངོ་མ་ནི་གང་ནས་བྱུང་བ་ཡིན་ཞེ་ན། སློབ་སྦྱོང་ཁྲོད་ནས་བྱུང་བ་དང་ལག་ལེན་ཁྲོད་ནས་བྱུང་ལ། སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཁྲོད་ནས་བྱུང་བ་རེད། ཆེས་རྨང་གཞི་ནི་སྔར་ལྟར་སློབ་སྦྱོང་ཡིན། སློབ་སྦྱོང་ནི་མི་ཤེས་ནས་མགོ་འཐོམས་པ་དང་། མི་ཤེས་ནས་མགོ་རྨོངས་པ། མི་ཤེས་ནས་འཁྲུལ་བ་ལ་སོགས་པའི་དཀའ་ངལ་གྱི་སྨན་མཆོག་ཡིན། འཇོན་ཐང་མི་འདང་བ་སེལ་བ་དང་འཇོན་ཐང་འཇིགས་སྐྲག  འཇོན་ཐང་རྗེས་ལུས་ཀྱི་ཐབས་ལམ་ཡིན། སློབ་སྦྱོང་ལ་འབད་པ་དང་སློབ་སྦྱོང་ལ་མཁས་པ། ཐོག་མཐའ་བར་གསུམ་དུ་དྲེགས་མེད་ཁེངས་སྐྱུང་དང་སྐོམ་པ་སེལ་འདོད་ཀྱི་སློབ་སྦྱོང་བྱེད་སྟངས་རྒྱུན་འཁྱོངས་བྱས་ཏེ། འབད་བརྩོན་ཆེ་ལ་ཆེད་གཉེར་ཡིན་པ། རྙིང་སྐྱུར་གསར་སྤེལ་བཅས་ཀྱི་བྱང་ཚད་གྲུབ་ཚུལ་བསྐྲུན་དགོས། དཔེ་ཆ་ནས་སློབ་སྦྱོང་བྱེད་དགོས་ལ་ལག་ལེན་ནས་སློབ་སྦྱོང་བྱེད་དགོས། འགོ་ཁྲིད་དང་ལས་གྲོགས་ལ་སློབ་སྦྱོང་བྱེད་དགོས་ལ། ཆེད་མཁས་དང་གཞི་རིམ། མ་ཚོགས་ནས་སློབ་སྦྱོང་བྱེད་དགོས། སྲོལ་རྒྱུན་ལ་སློབ་སྦྱོང་བྱེད་དགོས་ལ་དེང་རབས་ལ་ཡང་སློབ་སྦྱོང་བྱེད་དགོས། ཧུར་ཐག་སྒོས་ཚང་མ་བསྡུ་ལེན་དང་ཚང་མ་མཁྱེན་པའི་ཤེས་ལྡན་པ་འགྱུར་བར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་མིས་སློབ་སྦྱོང་ལ་བརྟེན་ནས་དེ་རིང་ལ་སླེབས་པ་དང་། དེ་ཡང་སློབ་སྦྱོང་ལ་བརྟེན་ནས་མ་འོངས་པར་བསྐྱོད་དགོས། དཔེ་ཆ་ཀློག་པ་ནི་སློབ་སྦྱོང་ཡིན་ལ། བེད་སྤྱོད་གཏོང་བ་ཡང་སློབ་སྦྱོང་ཡིན། ཧ་ཅང་འགངས་ཆེ་བ་ནི་སློབ་སྦྱོང་ཡིན། ལག་ལེན་ནས་ཤེས་རིག་ངོ་མ་ཤེས་ཐུབ་པ་དང་། ལག་ལེན་ནས་ཀྱང་འཇོན་ཐང་ངོ་མ་ཤེས་ཐུབ། དོན་དག་འགྲུབ་པའི་འཇོན་ཐང་ངོ་མ་ནི་ལག་ལེན་གྱི་ས་ཞིང་ནས་རྩ་བ་ཚུགས་ཤིང་མཇུག་འབྲས་ཐོབ་ལ། ལག་ལེན་གྱི་ཆར་རླུང་ཁྲོད་ནས་གཡུར་ཟ་སྨིན་པ་དང་བྱང་ལ་ཆུབ་པར་འགྱུར། ལག་ལེན་ཁྲོད་ནས་སློབ་སྦྱོང་དང་སློབ་སྦྱོང་ཁྲོད་ནས་ལག་ལེན་བྱེད་པ། སྦྱོང་ནས་སྤྱོད་པ། སྤྱོད་ནས་སྦྱོང་བ། སྦྱོང་སྤྱོད་གཉིས་ཀ་སྤེལ་བ། མིའི་འཇིག་རྟེན་ངོ་ཤེས་པ་དང་འཇིག་རྟེན་སྒྱུར་བཅོས་བྱེད་པའི་ནུས་པ་དང་འཇོན་ཐང་ནི། སློབ་སྦྱོང་དང་ལག་ལེན། གཞུང་ལུགས་དང་ལག་ལེན་ཕན་ཚུན་ཟུང་འབྲེལ་བྱེད་པའི་བརྒྱུད་རིམ་ཁྲོད་མུ་མཐུད་ནས་སྐས་རིམ་གསར་པར་འཛེགས་ཐུབ། འགན་འཁུར་བའི་དཔུང་པ་དེ་བས་རྒྱ་ཆེ་བ་དང་། དོན་དག་འགྲུབ་པའི་འཇོན་ཐང་དེ་བས་ལེགས་པོ་ཡིན་ན། ང་ཚོའི་ཕུགས་འདུན་ཡང་དེ་ལ་བརྟེན་ནས་སྔར་བས་མཐོང་ཐུབ་པ་དང་སྔར་བས་ཐག་ཉེ་ཡིན།

བློ་བཟང་ལྷ་མོས་བསྒྱུར།